ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གྲུབ་དབང་དྲི་མེད་སྙིང་པོའི་གསོལ་འདེབས།

     མཛད་པ་པོ། སྐུ་མདུན་གཡུང་དྲུང་རྒྱལ་མཚན། ཧོར་བྲག་དཀར་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས།

  ཨེ་མ་ཧོ། གནས་མཆོག་ཤར་རྫ་ཝེར་སྙིང་ན། །གཡུང་དྲུང་བོན་གྱི་མངའ་བདག་རྗེ། །བླ་མ་བཀྲ་ཤིས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཨ་ཁྲིད་ཐིག་ལེ་ཉག་གཅིག་གི །དགོངས་པ་ཀློང་དུ་གྱུར་པ་དང་། །དམ་པ་གསུམ་གྱི་རྩིས་ཟིན་པས། །བརླབ་ཆེན་དགེ་བ་འགྲུབ་པར་ཤོག །ཅེས་དགེ་བཙུན་ཚུལ་ཁྲིམས་མཐར་ཕྱིན་ནས་བསྐུལ་བཞིན་ཕྱོགས་མེད་ཀྱི་བསྟན་ལ་དད་ཅིང་སྔ་འགྱུར་རྙིང་མ་བའི་རིང་ལུགས་འཛིན་ཁུལ་འབྲུ་འཇམ་དབྱངས་གྲགས་པས་ཕུལ་བའོ། །རྗེས་སོར་བླ་མ་སྐལ་བཟང་གཡུང་དྲུང་ནས་སླར་ཡང་ཞབས་བརྟན་ཞུས་པའང་འདི་ལྟར་སྩལ་བར་སྔ་ཕྱིའི་གསུང་ལ་ཁྱད་མ་བྱུང་བས་གསུང་བྱིན་ཅན་ཡིན་པར་རིགས་སོ། །གང་གི་བདེན་ཚིག་རྟེན་འབྲེལ་བསླུ་མེད་ཀྱིས། །གངས་ཅན་མགོན་པོ་རྒྱལ་བ་སྨན་རི་བའི། །

མདོ་སྔགས་བསྟན་པའི་བ་དན་མངོན་མཐོ་ཞིང་། །སྲིད་མཐའི་བར་དུ་ཡུན་རིང་གནས་གྱུར་ཅིག །དུས་རྒྱལ་ཀུན་འདུས་མཉམ་མེད་ཤེས་རབ་རྒྱལ། །བསླབ་པ་སུམ་ལྡན་ངུར་སྨྲིག་འཛིན་པའི་སྡེ། །རྨད་བྱུང་ཕྲིན་ལས་ཟབ་མོ་ཕྱོགས་ཀུན་ཏུ། །ཡར་ངོའི་ཟླ་ལྟར་རྒྱས་པའི་བཀྲ་ཤིས་ཤོག །རྒྱལ་བའི་བསྟན་པ་ཉི་མའི་འོད། །ལྷག་པའི་འོད་ཟེར་ཕྱོགས་བརྒྱར་འཕྲོ། །བོན་གྱི་རྒྱལ་མཚན་ལེགས་པར་འཛུགས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཞྭ་དཀར་རིང་ལུགས་འཛིན་པ་ཡི། །ཕྲིན་ལས་གང་ཡང་སྒྲུབ་བྱེད་པའི། །མ་བདུད་ལྕམ་དྲལ་རྣམས་ཀྱིས་ཀྱང་། །བསྟན་པའི་བ་དན་ཕྱོར་ཤིག་ཀྱེ། །ཞེས་གསང་སྔགས་བདེན་ཚིག་སྨོན་ལམ་འདི་ནི་སྐུ་མདུན་གཡུང་དྲུང་རྒྱལ་མཚན་གྱིས་སྦྱར་བའོ། །

    རབ་འབྱམས་ཞིང་དུ་བོན་གྱི་འཁོར་ལོ་ཡིས། །འགྲོ་ཁམས་ཀུན་ཏུ་བཟང་པོའི་སར་བཀོད་པའི། །ཐུགས་རྗེའི་མངའ་བདག་སྟོན་པ་གཤེན་རབ་ཀྱི། །མདོ་སྔགས་བསྟན་པ་ཕྱོགས་བཅུར་འབར་གྱུར་ཅིག །རྒྱལ་བ་དེ་ཡི་བསྟན་པ་ཕྱོགས་ཀུན་ཏུ། །སྤེལ་ལ་དྲི་མ་མེད་པའི་ཐུགས་བསྐྱེད་ཅན། །གང་གི་འཆད་རྩོད་རྩོམ་པའི་མཛད་པ་ཡི། །གྲུབ་མཐའི་སྙིང་པོ་བོན་བསྟན་འབར་གྱུར་ཅིག །འཇིགས་མེད་གསང་སྔགས་བོན་གྱི་སྒྲ་ཆེན་བསྒྲགས། །རིམ་པ་གཉིས་ཀྱི་རྣལ་འབྱོར་དབང་པོའི་མཆོག །གསང་ཆེན་རྒྱུད་སྡེ་བཞི་ཡི་དོན་འབྱེད་པའི། །གང་དེའི་གསང་སྔགས་བོན་བསྟན་འབར་གྱུར་ཅིག །འཁོར་འདས་གཉིས་མེད་རང་རིག་ཡེ་ཤེས་ལྔའི། །རང་མདངས་མངོན་གྱུར་རིག་པ་རང་ཤར་གྱི། །ཡང་གསང་སྙིང་ཏིག་དགོངས་གཏེར་ཟབ་མོའི་བོན། །རྫོགས་པ་ཆེན་པོའི་བསྟན་པ་འབར་གྱུར་ཅིག །ཅེས་རྒྱུད་གསུམ་བོན་གྱི་བདག་ཉིད་ཆེན་པོ་གྲུབ་དབང་དྲི་མེད་སྙིང་པོའི་ཕྱི་ནང་གསང་གསུམ་གྱི་མཚན་གྱི་བོན་བསྟན་རྒྱས་པའི་སྨོན་ཚིག་འདི་ཉིད་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་ཧོར་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་མཆོག་ཏུ་སྨོན་པ་དགེ་ལེགས་སུ་གྱུར་ཅིག སརྦ་དྭ་ཀ་ལྱ་ནཾ་བྷ་ཝནྟུ།

(སྤྱིའི་གཟིགས་གྲངས། 61 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།