ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲུང་མདུད་ཀྱི་མཚོན་དོན་དང་ཕན་ནུས་སྐོར་རག་ཙམ་གླེང་བ།

རྩོམ་པ་པོ། སྨྲ་དབང་རིག་པའི་གོ་ཆ།

      དེ་ཡང་རང་རེའི་བོད་མི་རྣམས་ཀྱིས་སྲུང་མདུད་ཅེས་བླ་མའི་ཕྱག་ནས་བརྒྱུད་པའི་སྐུད་པ་མདུད་པ་ཅན་ཞིག་ལུས་ལ་འདོག་སྲོལ་ཡོད་པ་འདི་ནི། ཆོས་ལུགས་ཀྱི་ཕྱག་ལེན་ཞིག་གི་ཐོག་ནས་ལུགས་སྲོལ་རྒྱུན་མར་བྱུང་ཡོད་པ་ཞིག་ཡིན། ད་རེས་ངས་སྲོལ་རྒྱུན་གྱི་ལུགས་སྲོལ་འདི་ཉིད་ཇི་ལྟར་ཡིན་པའི་ཚུལ་གྱི་ལུང་རེ་འགའ་ཞིག་བཀའ་ལུང་རྣམས་ཀྱི་གསེང་ནས་ཚུར་མདུན་དུ་སྟོན་པའི་ཚུལ་བྱས་ཏེ་གསལ་བཤད་ཅུང་ཟད་རེ་བྱེད་པར་འདོད། འདི་ལ་ཡང་སྲུང་བ་གཞན་མཚུངས་ལྟར་ངོ་བོ་དང་རྣམ་པ་ཕན་ནུས་སོགས་ཡོན་ཏན་དུ་མ་ཞིག་གི་སྟེང་ནས་འཆད་རྒྱུ་ཡོད། དེ་ཡང་སྲུང་མདུད་ཀྱི་ངོ་བོ་ལྷ་ཡི་དམིགས་རྟེན་དུ་བཟུང་ནས་ལུས་སྲུང་ཚུལ་ཡོད་པས་དེ་ནི་ལུང་དོན་དང་སྦྲགས་ཏེ་རྗེས་སུ་རིམ་པར་འཆད་རྒྱུ་ཡིན། དང་པོ་སྲུང་མདུད་ཀྱི་རྣམ་པའི་ཐོག་ནས་བཤད་ན་དར་རས་སྐུད་པ་སོགས་གང་ཡང་རུང་བར་དགུ་མདུད་དང་། གཅིག་མདུད། ཉེར་གཅིག་གི་མདུད་པ་སོགས་མདུད་པ་གྲངས་ཅན་དང་གྲངས་མེད་སོགས་ཅི་རིགས་བྱེད་སྲོལ་འདུག ཁ་དོག་གི་ཆ་ནས་དཀར་པོ་དང་ནག་པོ་སྔོན་པོ་ཁ་དོག་རྣམ་ལྔ་གཅིག་སྒྲིལ་བྱས་པ་སོགས་ནི་རང་རེའི་གཞུང་ལས་དངོས་བསྟན་དུ་ཡོད་པ་ཞིག་ཡིན།
    གཉིས་པ་བསྲུང་བྱ་གང་སྲུང་ཞེ་ན་དེ་ནི་རང་གི་ལུས་དང་ཚེ་སྲུང་དགོས་པ་དང་། གང་ལས་སྲུང་ན་སྲུང་ཚུལ་གྱི་ཁྱད་པར་ཏེ་ཕྱི་ཡི་དགྲ་ཇག་དང་། ཁྱིམ་རྐུན། ནང་གི་ནད་དང་གནོད་པ། རྐྱེན་དང་བར་ཆོད་རྣམས་རང་ཕྱོགས་སུ་ཡོང་བར་འགོག་པར་བྱེད་པ་ཡིན། གཙོ་བོ་བྱེད་ལས་ཀྱི་ཆ་ནས་བཤད་དེ་ལུས་སྲུང་བ་དང་ཚེ་སྲུང་བ་གཉིས་ཀྱི་སྒོ་ནས་བསྟན་ཡོད།  དེ་ཡང་ལུས་སྲུང་ཞེས་པ་ནི་གོང་བཤད་ལྟར་རང་གི་ལུས་ལ་གནོད་པར་བྱེད་པའི་ཕྱི་ནང་གསང་གསུམ་གྱི་བར་ཆོད་ཐམས་ཅད་འགོག་པར་བྱེད་པ་ལ་ལུས་སྲུང་ཞེས་བརྗོད། ཚེ་སྲུང་བའི་གོ་དོན་འཆད་འགྱུར་གྱི་སྐབས་སུ་འབྱུང་ངོ་།  །ངས་འདི་ལྟར་བཤད་མ་ཐག་ཁ་ཤས་ཀྱིས་སྐུད་པ་ཞིག་གིས་ལུས་ཇི་ལྟར་སྲུང་ཐུབ་བམ་འདི་ནི་རྨོངས་ཞེན་མཁྲེགས་འཛིན་བྱས་པའི་ལུགས་སྲོལ་ཏེ་ཕན་ཐོགས་སྣེ་གཅིག་མེད་ཁར་མི་མང་རྣམས་མུན་པའི་སྨག་རུམ་དུ་ཁྲིད་བྱེད་གཅིག་ཏུ་ཡིན་པར་རློམ་མཁན་དང་བཤད་མཁན་ཡང་ཡོད་སྲིད། གལ་སྲིད་ཁྱོད་ཀྱིས་སྲུང་མདུད་ལ་དགོས་པའི་བདག་གཞན་གྱི་ཆ་རྐྱེན་གང་ཡང་མེད་པར་འདི་ལྟར་བཤད་ན་དེ་ནི་བདེན་དོན་ཞིག་ཅི་ལ་མིན་ཏེ་སྐུད་པ་མདུད་ཅན་ཞིག་ཡིན་པ་ཙམ་གྱིས་ལུས་སྲུང་མི་ཐུབ་པ་མ་ཟད་དེ་འདྲ་ནི་ཕན་མེད་ཀྱི་བྱ་སྤྱོད་ཅིག་ཏུ་བརྩིས་ནའང་མི་འགྲིགས་རྒྱུ་མེད་སྙམ། ངས་དེ་ལྟར་མི་འདོད་དེ་སྲུང་མདུད་ལ་དགོས་པའི་ཆ་རྐྱེན་དུ་མ་ཞིག་ངེས་པར་ཚང་དགོས་ལ་དེ་དག་ལ་གཞིགས་ནས་ཕན་ཐོགས་དང་མི་ཐོགས་དངོས་བྱུང་ལོ་རྒྱུས་ཀྱི་སྟེང་ནས་བསམ་ཆོག་པ་དང་། དེ་མིན་རང་གི་ལུས་ངག་ཡིད་གསུམ་ལ་རྩིེས་བཤེར་བཏང་སྟེ་སྲུང་བ་མདུད་པ་པོར་རང་གི་སེམས་ཀྱིས་གདེང་འཇོག་ཇི་འདྲ་རྒྱག་གིན་ཡོད་མེད་དང་། རང་གིས་ཡིད་ཆེས་དང་བཀུར་བསྟིས་དང་ལེན་ཇི་ལྟར་ཞུ་ཐུབ་ཀྱིན་ཡོད་མེད་བཅས་ཀྱི་རྒྱ་སྲང་ལ་འདེགས་ནས་ཕན་གནོད་བཤད་དགོས་པ་ཞིག་ཀྱང་རེད། དེ་མིན་དེ་སྔོན་བཤད་སྲོལ་ཞིག་སྟེ“སྲུང་འཁོར་ཞེས་ཆོས་ལུགས་རྨོངས་དད་བྱེད་མཁན་གྱིས་ཤོག་གུ་དང་རས་ཀྱི་ཐོག་ལ་གཟུངས་སྔགས་དང་ཆོས་ལུགས་ཀྱི་མཚོན་དོན་དཔེ་རིས་སོགས་བྲིས་ནས་ལུས་ལ་འདོགས་རྒྱུ་ཞིག་གི་མིང་”ཞེས་འགྲེལ་བཤད་སྐྱོན་གྱིན་ཡོད་པ་ལྟར་སྲུང་སྐུད་འདི་ཡང་ཕན་ནུས་ཀྱི་ངོ་བོ་མཚོན་མི་ཐུབ་པར་རྨོངས་དད་ཀྱི་བྱ་བ་གཅིག་པུར་ངོས་འཛིན་བྱས་ན་མི་འགྲིགས། གལ་སྲིད་ཆོས་ལུགས་དེའི་བྱེད་སྒོ་དང་ལག་ལེན་གང་ཞིག་ཡིན་རུང་དེའི་རྒྱབ་ལྗོངས་དང་ངོ་བོ་མཚོན་དོན་བཅས་གཏིང་ཚུགས་པའམ་ཕྱེད་ཙམ་མམ་ཆ་ཙམ་ཡང་མ་ཤེས་གོང་དེ་ལ་རྨོངས་དད་སོགས་ཀྱི་འགྲེལ་བཤད་རྐྱང་པ་བྱས་ན་ང་ཚོའི་བརྡ་དོན་ཐ་སྙད་གང་ཞིག་ཡིན་རུང་དེ་དག་ལ་མངོན་ལྐོག་གཉིས་དང་ཚད་མ་གསུམ་གྱི་ལམ་ནས་འགྲེལ་རྒྱུ་ཡོད་པ་སྲ་ཐག་ཐག་ཅིག་དང་འགྲིགས་ཆག་ཆག་བཟུང་དུ་ཡོད་པ་ཞིག་སུ་ལ་ཡང་མེད་ལ་སུས་རྐྱང་རྙེད་ཐུབ་མེད། དེ་ནི་རྟེན་འབྱུང་རིགས་པའི་སྒོ་ནས་བདེན་མེད་སྒྲུབ་ཚུལ་དང་མཚུངས་པ་ཡིན། ངས་གོང་དུ་འདི་ལ་དངོས་བྱུང་ལོ་རྒྱུས་ཀྱི་སྟེང་ནས་བསམ་ཆོག་ཅེས་པ་ནི་དེ་སྔོན་རང་རེའི་ཤོད་རྒྱུན་དུ་མི་ག་གེ་མོ་གང་ཞིག་གིས་སྲུང་བ་ལུས་ལ་བཅང་ནས་ཕ་རོལ་པོར་གཡུལ་འཐབ་བྱེད་སྐབས་རང་ལ་མདའ་ཚོན་ཆར་ལྟར་ཕབ་ཀྱང་རང་ལུས་ལ་གནོད་མ་ཐུབ་པ་དང་། འགའ་ཞིག་ནི་ཕ་རོལ་པོའི་ལག་ཏུ་ཚུད་ཀྱང་སྲུང་བའི་དྲིན་ལ་བརྟེན་མཚོན་གྱིས་བྱེད་ཐབས་ཟད་དེ་མཐའ་རུ་གཡུག་པ་དང་། རྟ་ཡིས་དྲུད་ཚུལ་སོགས་འཆད་རྒྱུ་ཡོད་པ་དག་གི་རྒྱུ་མཚན་གྱི་ངོ་ཐོག་ནས་ཤེས་ཐུབ་སྙམ། གཞན་ཡང་སྲུང་བའི་ནུས་པར་བརྟག་ཏེ་དུད་འགྲོ་ལ་སྲུང་བ་བཏགས་ནས་མཚོན་གྱིས་རྡེག་སྟེ་ཉམས་ཚོད་བྱས་ཀྱང་གནོད་མ་ཐུབ་ཚུལ་སོགས་དངོས་བྱུང་ལོ་རྒྱུས་དུ་མ་ཡོད་པ་འདི་དག་གིས་སྲུང་བའི་ཕན་ནུས་ཇི་འདྲ་ཡོད་མེད་སྐོར་གྱི་བདེན་དཔང་སྟོན་ཐུབ་པ་ཡིན། བཤད་མཚམས་འདིར་སླེབས་སྐབས་ཡང་ལྐུག་རྟགས་སྟོན་མཁན་ཁ་ཤས་ཀྱིས་སྲུང་བ་འདི་ཇི་འདྲའི་ལས་སླ་བའི་ཕན་ནུས་ཆེན་པོ་ཞིག་ལ་བརྩིས་ནས་རང་གི་མོས་ཁམས་དང་བླ་མའི་མཐུ་ནུས་ཀྱི་རྟེན་འབྲེལ་འགྲིག་དགོས་པར་མི་ཤེས་པའམ་དེ་དག་གང་ལ་ཡང་ཉམས་འཇོག་མི་བྱེད་པར་སྲུང་བ་སྐེ་ལ་བཏགས་ནས་ཕ་རོལ་པོའི་མཚོན་ཐོག་ཏུ་ཤར་རེར་རྒྱུག་སྲིད་པས་དེ་དག་ནི་དུས་ནམ་ཡང་འོས་སུ་མ་མཆིས་པའི་བྱེད་སྟངས་ཞིག་ཡིན་པར་བརྟེན་སྲུང་བ་འདི་དག་གིས་དེ་འདྲ་ལ་སྲུང་སྐྱོབ་བྱེད་ཐུབ་པར་ཁས་ལེན་མི་ཐུབ།
      གསུམ་པ་སྲུང་བ་སྒྲུབ་ཚུལ་ཡིན་པས་དེ་ལ་དམིགས་གཏད་དང་སྔགས་ཚིག་བཅས་རྣམ་པ་མི་འདྲ་བ་དུ་མ་ཞིག་ཡོད་པར་ངེས་ཏེ་མཚོན་སྲུང་བའི་ཆེད་དང་། ནད་གདོན་སྲུང་བའི་ཆེད་དང་། ཚེ་བསྲུང་བའི་ཆེད། དགྲ་ཇག་ཁྱིམ་རྐུན་སྲུང་ཆེད། ཕྱུགས་ནད་སྲུང་ཆེད་སོགས་དུ་མ་ཞིག་ཡོད་ཀྱང་སྐབས་འདིར་གོང་དུ་བཤད་པ་ལྟར་མི་ཡི་ཚེ་ལུས་གཉིས་སྲུང་ཚུལ་དང་ལྷ་མཆོག་དྲན་པའི་བརྡ་རྟགས་སམ་དམིགས་རྟེན་ཇི་ལྟར་བཟུང་ཚུལ་བཅས་ཀྱི་སྒོ་ནས་འཆད་པར་འདོད། དེ་ཡང་ལུས་སྲུང་ཐུབ་དང་མི་ཐུབ་ཅེས་པ་ནི་སྲུང་བ་མདུད་པ་པོའི་དགོངས་རྟོགས་དང་མཐུ་ནུས་ལ་རག་ལས་ལ་རང་གི་དད་གུས་ཡིད་ཆེས་ལའང་རག་ལས་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་དགོས། སྤྱི་ཡི་ཆ་ནས་སྲུང་བ་ཞེས་པ་འདི་མིང་ཚིག་ཅིག་ལ་འཇུག་པའི་དབང་དུ་བྱས་ན་སྲུང་སྐུད་གཅིག་པུ་ལ་འཇུག་རྒྱུ་མ་ཡིན་པར་སྲུང་འཁོར་སྲུང་རྫས་སྲུང་ཐུམ་སོགས་སྤྱི་ཡི་སྡེ་ཚན་དང་ནང་གསེས་ཀྱི་ཁྱད་པར་ཡང་མི་འདྲ་བ་སྣ་ཚོགས་ཡོད། དེ་དག་ནི་བསྲུང་བྱ་གང་ཞིག་སྲུང་བྱེད་ཡིན་པ་འདྲ་ཡང་གཟུངས་སྔགས་དང་འདོད་གསོལ་བྱེད་ཐབས་ལག་ལེན་བཅས་ཀྱི་རྣམ་པ་མི་འདྲ་བས་ཡིན།
    ད་ནི་གོང་དུ་བཤད་དམ་བཅས་པ་ལྟར་འདི་ཉིད་ཀྱི་བྱུང་ཁུངས་དང་བཅས་ནས་ལག་ལེན་བྱེད་ཐབས་ཅུང་ཟད་རེ་འཆད་པར་འདོད། དེ་ཡང་། ཟང་གཏེར་མཁའ་འགྲོ་སྐལ་བཟང་གི་ཁྲིད་གཞུང་ལས། “ཚོན་སྣ་ལྔའི་སྐུད་པ་ལ་ཡུམ་ལྔའི་༼༡སྐལ་པ་བཟང་མོ། ༢ནེ་སླས་རྒྱལ་མོ།  ༣ལན་བརྒྱད་རྒྱལ་མོ། ༤ཚངས་སྟང་རྒྱལ་མོ། ༥ཏིང་ནམ་རྒྱལ་མོ།༽སྔགས་མདུད་བྱས་ནས། གླ་བ་དང་སིན་དྷུ་ར་དང་། སྤོས་དྲི་སྣ་ཚོགས་ཀྱིས་བྱུག་པ་བྱས་ལ། བསྭོ་ཨཱོྃ་མ་མ་ཧ་ར་བྲུྃ་སྤུངས་གཤེན་པོ་བདག་ལ་སྲུངས་ཤིག བྱ་བ་བཟླས་ལ་གདག དེ་དག་ནི་ལུས་ཀྱི་གོ་བགོ་བའོ།” །ཞེས་གསུངས་པས་དེ་ནི་སྐུད་པ་ཁ་དོག་དཀར་སེར་དམར་ལྗང་སྔོན་པོ་ལྔ་གཅིག་ཏུ་བསྒྲིལ་ཏེ་མདུད་པ་བྱེད། དེ་ལ་སྔགས་དང་སྨན་སྣས་བྱུག་པ་བྱས་པ་སྐེ་ལ་འདོགས་པ་དེའོ། །དེ་ཡང་དང་པོ་སྒྲུབ་གཞུང་ལྟར་མཁའ་འགྲོ་རིགས་ལྔའི་སྔགས་དང་ཚིག་དོན་བཞིན་དམིགས་པ་བྱེད་ནས་གཟུངས་སྔགས་ཀྱིས་སྲུང་བ་བསྒྲུབ་དགོས་པ་གལ་གནད་ཆེ་ཤོས་ཡིན། །འདི་ནི་སྐལ་བཟང་ནང་སྒྲུབ་ནས་དངོས་བསྟན་གྱི་གོ་བགོ་རྣམ་པ་བཞིའི་༼༡ཏིང་འཛིན་དགོངས་པའི་གོ་བགོ་བ། ༢ཕྱག་རྒྱའི་གོ་བགོ་བ། ༣ལུས་ཀྱི་གོ་བགོ་བ། ༤ལྟ་བའི་གོ་བགོ་བ།༽ནང་ནས་ལུས་ཀྱི་གོ་བགོ་བ་དེ་བསྟན་པ་ཡིན། གོ་བགོ་ཞེས་པ་དཔེར་ན་ལུས་སྐྱོབ་པའི་ཆེད་དུ་གོས་བགོ་དགོས་པ་དང་། སྲོག་སྐྱོབ་ཆེད་དམག་སར་རྨོག་དང་གོ་ཁྲབ་ཕབ་སོགས་བགོ་དགོས་པ་ནང་བཞིན་ཆོས་ལུགས་ཀྱི་བྱེད་སྒོའི་སྟེང་ནས་བར་ཆད་བསྲུང་བར་སྲུང་བྱེད་དངོས་པོའི་དམིགས་རྟེན་སྲུང་བ་བགོ་དགོས་པའི་ནང་ནས་སྲུང་མདུད་འདི་ཉིད་དེ་དག་གི་ཆ་ཤས་ཞིག་ཏུ་རྩི་བཞིན་ཡོད། ལྷག་པར་དུ་བཀའ་འགྱུར་མདོ་སྡེ་པོད་༼༦༩༽ལྷ་ཡི་བོན་ཕན་བྱེད་ཀྱི་གཟུངས་སྡེ་ལྔ་པའི་ནང་སྲུང་བའི་རྣམ་གྲངས་དུ་མ་ཞིག་གི་ལག་ལེན་བྱེད་ཚུལ་ཞིབ་རྒྱས་སུ་ཡོད་པ་ལས་འདིར་དཔེ་མཚོན་གྱི་ལུང་ཙམ་མ་གཏོགས་རེ་རེའི་འགྲེལ་བཤད་ཀྱི་སྤྲོས་པ་རྣམས་ཡིག་ཚོགས་མང་བས་འདིར་དྲངས་མེད། དེ་ཡང་མདོ་དེ་ཉིད་ཀྱི་ཤོག་ཨང་༼༡༥༧༽ནས།  “གང་ཞིག་ལུས་ལ་གདོན་ཡོད་པས། །དེ་ལ་སྲུང་བའི་རིམ་པ་ནི། །ཚོན་གྱི་སྐུད་པ་སྣ་ལྔ་ཡིས། །སྲུང་བའི་མདུད་པ་བྱས་ནས་ནི། །གདོན་ཆེན་དེ་དག་ཞི་བར་འགྱུར།” །ཞེས་ཚིག་བཤད་འདིའི་སྔོན་དུ་སྲུང་བའི་གཟུངས་སྔགས་ཡོད་པ་དང་རིམ་བཞིན་ཕན་ཡོན་དང་བྱེད་ནུས་བཅས་གསལ་བར་བསྟན་ཡོད་པས་དེ་དག་ལ་དད་གུས་དང་ལག་ལེན་གནང་མཁན་ཡོད་ཚེ་དེར་ཞིབ་གཟིགས་ཀྱི་སྒོ་ནས་མཁྱེན་རྟོགས་མཛད་རྒྱུའི་སྐུལ་མ་ཞུ་བཞིན་ཡོད། ཡང་༼ལུང་འདི་རྣམས་ཡོངས་འཛིན་སྨྲ་བའི་དབང་པོས་གསུངས་པའི་སྲུང་མདུད་སྐོར་ནས་དྲངས་པ་ཡིན།༽“སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་རྒྱུན་ཁྱེར་ནར་མའི་ཉམས་ལེན་ལས། ལུས་སྲུང་བ་དང་། གོ་བགོ་བ་གཉིས་ལས། གོ་བགོ་ལ། ལུས་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་བཅས་ལྔ་ལས། དེ་ཉིད་ལས། ཡོན་ཏན་རྫས་ནི་རིན་པོ་ཆེའི་ཚོན་ཐག་ལ་དྲི་སྔགས་ཀྱིས་མདུད་རྒྱས་བཏབ་ལ་ལུས་ལ་བརྟེན་ནོ། །འཕྲིན་ལས་ཚིག་བཤད་གོང་གི་ཡེ་ཤེས་སྲ་བརྟན་ལ་འདུས་སོ། །ཞེས་གསུངས་པས། ཚོན་ཐག་ཅེས་ཁ་དོག་ཅན་གྱི་སྐུད་པ་ལ་དྲི་དང་སྔགས་ཀྱིས་བརྒྱན་ནས་མདུད་པ་བརྒྱབ་པ་ལུས་ལ་བརྟེན་པ་སྟེ་འདོགས། དེ་ལ་སྔགས་ནི། ཡེ་ཤེས་སྲ་བརྟན་འབར་བ་འཆི་མེད་སྐུ། །གནོད་བྱེད་འཁྲུལ་པས་དེ་ལ་བསྐྱད་དུ་མེད། །བསྭོ་ཐོ་ཡེ་ཐུན་ཨ། ཞེས་བརྗོད་ཀྱིན་མདུད་པ་ལ་ཕུ་བཏབ་པའོ།།” ཞེས་པའི་བར་གྱིས་ཚིགས་བཤད་སྔགས་དང་བཅས་པའི་སྒོ་ནས་བྱེད་ཐབས་ལག་ལེན་དང་བཅས་པ་གསལ་ཤེས་ཐུབ་པ་ཡིན།
     ད་ནི་སྔོན་གླེང་གི་མཇུག་སྐྱོང་སྟེ་སྲུང་མདུད་ཀྱི་ངོ་བོའི་ཐོག་ནས་བཤད་ན། དམུ་རྒྱལ་ཉི་མས་མཛད་པའི་ཟབ་ལམ་དབང་གི་རྒྱ་མཚོ་༼ཕྱི་པར་༽ལྡེབས་ངོས་༼༡༠༢༤༽ནས། “སྲུང་སྐུད་ཡི་དམ་དུ་བསྐྱེད་ལ། གསང་མཆོག་ཡི་དམ་གཡུང་དྲུང་འགྱུར་མེད་སྐུ། །བཙན་པོའི་གོ་ཆ་སྲུང་བའི་མཁར་བརྩེགས་པས། །བདུད་དང་སྲིན་པོ་ལོག་འདྲེན་གཡུལ་འཇོམས་ཤོག །བསྭོ་ཨཱོྃ་པུས་པ་ལི་དྷ་བ་དྷི་ལ་སྭཧྭ།” ཞེས་གསུངས་པ་འདིས་སྲུང་སྐུད་ཀྱི་ངོ་བོ་ཡི་དམ་དུ་བསྐྱེད་ནས་སྐེ་དང་དཔུང་པ་གང་རུང་ལ་གདགས་དགོས་པ་དང་། ཡི་དམ་དེ་ཉིད་རང་དང་དུས་ཀུན་འབྲལ་མེད་དུ་བཞུགས་ཞིང་རང་ལ་གནོད་པར་བྱེད་པའི་ཕྱི་ནང་གསང་བའི་བར་ཆད་དང་ལོག་འདྲེན་གང་གིས་ཀྱང་བསྐྱད་དུ་མི་ཚུགས་པར་སྲུང་སྐྱོབ་མཛད་ཡོད་པའི་མདུན་པ་གཏོང་བ་དང་དམིགས་རིམ་བརྟན་པོ་བཟུང་དགོས་པར་བསྟན་པ་ཡིན། སྐུད་པ་ནི། “ཡོངས་འཛིན་ཆེན་མོས་འདིར་མ་གསལ་ཡང་སྲུང་སྐུད་སྔོན་པོ་ཞིག་དགོས་པ་གསུངས་སྲོལ་འདུག” ཅེས་གསུངས་པར་བརྟག་ན་སྲུང་སྐུད་འདི་ནི་གསང་མཆོག་ཡི་དམ་རྒྱལ་པོའི་དམིགས་རྟེན་དུ་བྱེད་དགོས་པར་བརྟེན་ལྷ་ཡི་སྐུ་མདོག་དང་མཐུན་པ་ཞིག་ཡིན་དགོས་པར་སྙམ། གཤམ་གྱི་ལུང་ནས་སྲུང་སྐུད་ཀྱི་ཁ་དོག་ནག་པོ་ཞིག་གསུངས་འདུག་ཀྱང་འདི་ནི་གོ་ལུགས་ཀྱི་ཁྱད་པར་ཙམ་ལས་དོན་ལ་འགལ་བ་མེད་པར་སེམས། གང་ཞེ་ན་མ་རྒྱུད་མངོན་རྟོགས་ཀྱི་སྐབས་སུ་སྐུ་མདོག་མཐིང་འབྲང་ནམ་མཁའ་དག་པའི་མདོག་ཅེས་དང་། དགོངས་སྤྱོད་ཀྱི་སྐབས་སུ་ལྷ་གསང་མཆོག་མཐར་ཐུག་རྒྱལ་པོ་སྐུ་མདོག་མཐིང་ནག་ཅེས་གསུངས་པས་མངོན་རྟོགས་ཀྱིས་སྔོ་ཤས་ཆེ་བར་བསྟན་པ་དང་། དགོངས་སྤྱོད་ཀྱིས་ནག་ཤས་ཆེ་བར་བསྟན་པའི་ཁྱད་པར་ཙམ་ཡིན་པར་སེམས།
    ཡང་མ་རྒྱུད་དབང་ཆོག་སྣང་བ་རྩལ་གྱི་འཁོར་ལོ་༼གཤེན་ཉི་མ་༽ལྡེབས་ངོས་༼༡༢༧༣༽ནས། མཁའ་འགྲོ་རིགས་ལྔའི་དབང་སྐུར་གྱི་མཇུག་ཏུ་གནང་བ་སྦྱིན་པའི་སྐབས་སུ་འདི་ལྟར། “སྲུང་མདུད་ནག་པོ་མདུད་པ་དང་བཅས་པ་ལ་དར་དམར་ཡིག་འབྲུ་ལྔས་བརྒྱན་པ་བྱས་ལ་འདི་ལྟར་བརྗོད། གསང་མཆོག་ཡི་དམ་འགྱུར་མེད་གཡུང་དྲུང་སྐུ། །བཙན་པའི་གོ་ཆ་སྲུང་བའི་མཁར་བརྩིགས་པས། །བདུད་དང་སྲིན་པོ་ལོག་འདྲེན་གཡུལ་འཇོམས་ཤོག།བསྭོ་པུས་པ་ལི་དྷ་བ་དྷི་ལ་སྭཧྭ། །ཀྱེ་མ་འོད་མཚོ་མཁའ་འགྲོ་རྒྱ་མཚོའི་དབང་། །གསང་བའི་བརྡའ་ཡིག་དངོས་གྲུབ་ཀུན་འབྱུང་གཏེར། །ཁམས་གསུམ་དབང་དུ་སྡུད་པའི་མངའ་ཐོབ་ཤོག །བསྭོ་ཨཱོྃ་ས་ཧ་ནི་རི་དྷ་ཀི་ནི་སྭཧྭ།” ཞེས་གསུངས་འདུག་པ་འདི་ནི་གོང་བཤད་ལྟར་ཁ་དོག་ཙམ་ལས་སྲུང་སྐུད་ཀྱི་ངོ་བོ་དང་བསྐྱེད་བསྒོམ་གྱི་དམིགས་པ་འདྲ་ཡང་དམིགས་བསལ་འདིའི་སྐབས་སུ་མཁའ་འགྲོ་རིགས་ལྔའི་གསང་སྔགས་དང་དར་དམར་བཅས་ལྷན་དུ་སྦྲགས་དགོས་པར་གསུངས། དེས་ན་གསང་མཆོག་མཐར་ཐུག་རྒྱལ་པོ་སྐུ་རྐྱང་ཙམ་མ་ཡིན་པར་ཡུམ་ཀྱེ་མ་འོད་མཚོ་དམིགས་རྟེན་དུ་དར་དམར་དང་དེའི་དཀྱིལ་དུ་གསང་སྔགས་ཨཱོྃ། ཤར་དུ་ཐུགས་རྗེ་ཚད་མེད་མ་དམིགས་རྟེན་གྱི་གསང་སྔགས་སུ་ས། བྱང་བྱམས་པ་ཚད་མེད་ལ་ཧ། ནུབ་ཏུ་དགའ་བ་ཚད་མེད་ལ་ནི། ལྷོ་རུ་བཏང་སྙོམས་ཚད་མེད་ལ་རི་བཅས་གསང་སྔགས་ཀྱི་དམིགས་རྟེན་ལ་བརྟེན་ནས་གསང་མཆོག་ཡབ་ཡུམ་དང་མཁའ་འགྲོ་རིགས་ལྔ་བཅས་པས་བདག་ལུས་སྲུང་བའི་དམིགས་རིམ་དང་བརྡ་རྟགས་རྟེན་འབྲེལ་བསྒྲིགས་ཚུལ་ཡོད་པ་འདིས་ཀྱང་སྲུང་སྐུད་ཀྱི་ངོ་བོ་མཐུ་ནུས་ཇི་འདྲ་ཅན་ཞིག་ཏུ་ངོས་འཛིན་དགོས་པ་ཤེས་ཐུབ།        

ཚེ་མདུད་ཀྱི་སྐོར།

   ཡང་ཚེ་བསྲིང་བའི་ཆེད་དུ་ཚེ་མདུད་བྱེད་པ་ཡང་ཡོད་དེ། ཡུམ་ཆེན་ཐུགས་རྗེ་ཀུན་སྒྲོལ་མས་ཁོད་པོ་བློ་གྲོས་ཐོགས་མེད་ལ་སྙན་དུ་བརྒྱུད་པ་ཚེ་སྒྲུབ་བྱ་རི་མ་ལས། “ཡུམ་ཆེན་ཐུགས་རྗེ་ཀུན་སྒྲོལ་གྱིས་འགྲོ་བ་སེམས་ཅན་ཚེ་ཟད་པ་དང་། ཚེ་ཉམས་པ་རྣམས་ལ་ཐུགས་ཀྱིས་དགོངས་ནས་དེ་དག་ལ་ཕན་གདགས་པའི་ཕྱིར་”ཚེ་གཟུངས་སྔགས་ཕྲེང་བདུན་གསུངས་ཡོད་པ་དེ་ཉིད་དམ་ཚིག་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ཚིག་དོན་ལྟར་བསྒྲུབས་ཏེ། “ནང་པར་སྔ་མོ་ནམ་ལངས་དུས་ཁ་ཤར་དུ་བལྟས་ཏེ་གཟུངས་འདི་བརྗོད་ཅིང་སྲུང་སྐུད་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ཏེ་དབུ་ཡི་གཙུག་ཏུ་བཏགས་ན། ཕ་རོལ་ཚེ་ཉམས་པ་དང་ཚེ་ཟད་པ་ཐམས་ཅད་བསྲིངས་ནས།” ཞེས་ཚེ་བསྲིང་བའི་ཆེད་སྲུང་མདུད་བེད་སྤྱོད་གནང་ཚུལ་ཡོད་པ་འདི་ནི་རང་རེ་བོན་པོ་ཚོས་རྒྱུན་ལྡན་གྱི་ཟས་ལྟ་བུའི་བོན་སྤྱོད་ལག་ལེན་ཁྲོད་ཀྱི་ཚེ་སྒྲུབ་པའི་རྟེན་རྫས་ཞིག་ཡིན་པ་མ་ཟད་དམིགས་བསལ་ནད་པའི་ཆེད་དེ་ཚེ་ཆད་པ་བསྲིང་བ་དང་། ཉམས་པ་གསོ་བ། གས་པ་སྦྱར་བ། རལ་བ་དྲུབ་པ་སོགས་ཀྱི་འདོད་སྲོལ་དང་ཡིད་ཆེས་ལ་བརྟེན་ནས་བྱིན་རླབས་དང་། ཕན་ནུས་ངེས་ཅན་ཞིག་ཡོད་པར་བརྟེན་ཆོ་ག་འདིའི་དབང་དང་སྲུང་མདུད་ལ་གདེང་འཇོག་ཆེན་པོ་བྱེད་སྲོལ་ཡོད། ཡང་ཡུལ་ལུང་རེ་འགར་དམིགས་བསལ་གཏམ་རྒྱུས་དང་འབྲེལ་བའི་སྲུང་མདུད་ནག་པོ་ཞིག་བེད་སྤྱོད་བྱེད་ཚུལ་ཡང་ཡོད་དེ། དཔེར་ན།“ཁྱུང་པོ་སྟེང་ཆེན་”ཞེས་པའི་དེབ་དང་པོ། ཤོག་ངོས་༼༥༩༩༽གྲུབ་ཐོབ་མཐའ་ཞུའི་གདུང་རབས་ལས། གྲུབ་ཐོབ་ཉི་གྲགས་ཞེས་པས་ཆུ་བདག་དགེ་བསྙེན་ཆེན་པོར་བཀའ་བགོས་དམ་བཞག་མཛད་སྐབས་ཆུ་བདག་ཆེན་པོས་འདི་སྐད། “ཁྱེད་ཀྱི་བླ་རབས་བརྒྱུད་པ་བཅས་པ་ཡིས། །ཕྱག་མདུད་ནག་པོ་བཏགས་ཚད་སེམས་ཅན་ལ། གནོད་པ་མི་བྱེད་ཁས་བླང་དམ་བཅའ་ཕུལ།” ཞེས་གསལ་བ་ལྟར་སྲུང་སྐུད་ནག་པོ་ཞིག་འདོགས་སྲོལ་ཡོད་པ་དེ་ནི་ད་བར་ཉམས་མེད་རྒྱུན་སྐྱོང་བྱེད་བཞིན་ཡོད་པར་བརྟེན་ཁྱུང་ཡུལ་གྱི་མི་རྣམས་ཀྱིས་སྲུང་སྐུད་ནག་པོ་དེ་ནི་མཐའ་བཞི་གྲུབ་ཐོབ་ཆེན་པོས་བྱིན་གྱིས་བརླབས་ཡོད་པས་ཁོང་དང་ཁོང་གི་བརྒྱུད་པ་དང་བཅས་པ་རྣམས་ཀྱི་གདུལ་བྱར་གྱུར་པ་གང་ཞིག་ཡིན་རུང་ཆུ་བདག་ཆེན་པོའི་གནོད་པའི་འཕྲང་ལས་སྒྲོལ་བྱེད་ཀྱི་བརྡ་རྟགས་སམ་དེང་དུས་སུ་བསམ་ན་ལག་འཁྱེར་ལྟ་བུ་ཞིག་ལ་ངོས་འཛིན་གྱིན་ཡོད་འདུག དེ་ལའང་དེར་མཐུན་གྱི་ཕན་ནུས་ངེས་ཅན་ཞིག་ལོས་ཡོད་དེ། རྣམ་རྒྱལ་གྱི་མཆོད་གཞུང་ལས། བདག་ཉིད་མོས་པས་ཡིད་བྱེད་པ། །དེ་ཡི་མདུན་དུ་གཤེན་རབ་བཞུགས། །ཞེས་སངས་རྒྱས་རང་ཉིད་ཀྱིས་ལུང་བསྟན་པ་ལྟར་སྐྱབས་ཡུལ་གང་ཞིག་རང་གི་དད་འདུན་ཀྱིས་ཇི་ལྟར་ཐེག་སྟོབས་བཞིན་ཕན་ནུས་སམ་བྱིན་རླབས་ཀྱང་དེ་མཚུངས་སུ་འབྱུང་རྒྱུ་ཡོད་པ་ཆོས་བྱེད་པ་ཀུན་གྱིས་སྤྱི་མཚུངས་སུ་སྨྲ་བ་ཡིན་ནོ།།
    ཅེས་སྲུང་མདུད་སྐོར་རག་ཙམ་བཤད་པ་འདི་ནི་རང་གིས་མཇལ་བའི་བཀའ་ལུང་རེ་འགའ་དང་མཐོང་ཐོས་ཙམ་གྱི་སྒོ་ནས་བཤད་པ་ཡིན་པས་ད་དུང་མ་མཇལ་བའི་ལུང་དང་། མ་ཤེས་པའི་བཀའ་གནད། མ་ཁྲོལ་བའི་གོ་བ་སོགས་དུ་མ་ཞིག་ཡོད་སྲིད་པས་མཁྱེན་སྤྱན་ལྡན་པ་རྣམས་ཀྱི་དྲུང་དུ་མཐོལ་བཤགས་དང་བཅས་འདི་ཙམ་གྱི་སྒོ་ནས་མཇུག་བསྡུའོ།། །།

བཀའ་འགྱུར་པོད་༼༦༩༽ལྷ་ཡི་བོན་ཕན་བྱེད་ཀྱི་གཟུངས་སྡེ་ལྔ་པའི་ནང་སྲུང་མདུད་ཀྱི་སྐོར་བཤད་པ་ཤོག་ངོས་ ༢༡། ༦༩། ༨༣། ༡༥༣། ༡༥༧། ༡༦༠། ཐམས་པ་བཅས་ལ་ཡོད།

(སྤྱིའི་གཟིགས་གྲངས། 226 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཁྱེན་གསོལ…
error: རྩོམ་འདི་བདག་དབང་ཅན་ཡིན།