ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་རམས་པ་ཁྲི་གཙུག་བསྟན་པའི་དེབ་གསར་འགྲེམས་བརྡ།

དཔེ་སྐྲུན་གསལ་བཤད།

ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་དགུ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་མོ། རྣམ་འདྲེན་བརྒྱད་པ་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་ཡི་སྐྱེ་བར་བཞེས་ཏེ་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་བསྟན། དེ་རྗེས་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་བྱོན་ནས། རྒྱལ་བའི་བཀའ་དྲི་མ་མེད་པ་སྒོ་བཞི་མཛོད་ལྔ་སོགས་ཀྱི་དགོངས་བཅུད་དཔྱད་སྟོབས་ལུང་རིགས་ཚད་མས་ལེགས་པར་བཀྲལ་བས་བཀའ་བརྟེན་རི་བོའི་གཏོས་དང་འགྲན་པར་བརྩམས་གནང་མཛད་པ་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཡོན་དུ་ཕུལ་ན་ཡང་གཞལ་བར་དཀའ་བའི་བཀའ་དྲིན་གྱི་གནས་སུ་གྱུར། དེ་ལྟ་བུའི་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་གནའ་དཔེ་གསུང་རབ་ཀྱི་བང་མཛོད་ལྟ་བུ་ཞིག་དང་། གཡུང་དྲུང་བོན་གྱི་གླེགས་བམ་ལ་མིང་བརྡ་ཐ་སྙད་ཀྱི་ཆར་ཞང་སྐད་དང་བརྡ་རྙིང་གིས་ཕྱུག་ཅིང་ནང་དོན་ཕུན་སུམ་ཚོགས་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་བོན་དུ་མ་ལྡན་པས་ན། བོད་གངས་ཅན་པའི་ཤེས་རིག་གི་བཅུད་དང་འབྱུང་ཁུངས་ལྟ་བུ་ཆགས་ཡོད། དེ་བཞིན་སྐྱེ་འགྲོ་སྤྱི་དང་སྒོས་སུ་གོ་ལ་འདིའི་སྣོད་བཅུད་གཉིས་ཆར་ཞི་བདེ་སྐྲུན་ཐབས་རླབས་ཆེན་ཕུལ་བྱུང་རིག་པའི་བང་མཛོད་དུ་གྱུར་ཡོད་པས་གཅེས་འཛིན་དར་སྤེལ་གནང་དགོས་པ་ནི་འགྲོ་བ་མི་ཐུན་མོང་གི་འོས་འགན་དུ་གྱུར་ཡོད། དེས་ན་བོན་གྱི་གནའ་དཔེ་འཚོལ་སྡུད་དང་པར་སྐྲུན་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་སྟབས་འདི་གའི་དཔེ་མཛོད་ཁང་ནས་ཞང་བོད་དྲན་དབང་གསེར་རིའི་ཕྲེང་བའི་རྣམ་དཔྱོད་ཀྱི་འོ་མཚོ་ལས་བཞུར་བའི་རྨད་བྱུང་ལེགས་བཤད་ཀྱི་པོ་ཏི་དུ་མ་དེབ་གཟུགས་ཀྱི་རྣམ་པ་རུ་བསྒྱུར་ནས་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་དང་འབུལ་བཞིན་ཡོད་པའི་ནང་ནས། ད་ལན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཀའ་རམས་པ་ཁྲི་གཙུག་བསྟན་པ་ལགས་ཀྱིས་བརྩམས་གནང་བའི་ ォརྗེ་བླ་མས་གཡུང་དྲུང་བོན་གྱི་དབང་ལུང་ཁྲིད་སྡོམ་གྱི་བསྟན་རྒྱུན་ཇི་ལྟར་བསྐྱངས་པའི་སྐོར་サ ཞེས་པ་འདི་ཉིད་དཔེ་མཛོད་ཁང་ནས་པར་སྐྲུན་འགྲེམ་སྤེལ་ཞུས་ཡོད་པ་འདིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་སྟོང་ཆ་གང་འཚམས་ཤིག་ཁ་སྐོང་ཐུབ་རྒྱུའི་རེ་འདུན་དང་། རྣམ་དཀར་དགེ་བའི་ལེགས་ཚོགས་ཅི་མཆིས་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་པའི་བསྟན་འཛིན་སྐྱེས་མཆོག་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེའི་བར་ཆད་ཞི་ཞིང་མཛད་འཕྲིན་རྒྱས་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཏེ། ཡངས་པའི་འཇིག་རྟེན་ཁམས་འདིར་ནད་མུག་འཁྲུགས་རྩོད་ཐམས་ཅད་མིང་མེད་དུ་ཞི་ཞིང་བདེ་སྐྱིད་དཔལ་ལ་རོལ་པའི་སྨོན་འདུན་དང་བཅས།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ཚེས་བཟང་པོར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས།

 

སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེས་གནང་བའི་
གླེང་བརྗོད་ཚིགས་སུ་བཅད་པ།

 

དབང་རྒྱུད་མེད་ན་འབྲས་བུའི་འཇུག་སྒོ་འགག །

ལུང་རྒྱུད་མེད་ན་ཚིག་སྐམ་འཇའ་ཚོན་འདྲ། །

ཁྲིད་རྒྱུད་མེད་ན་བྲག་ལ་སྦར་འབྲད་སྤུན། །

མྱོང་རྒྱུད་མེད་ན་ཚིག་སྤྱིའི་མུ་ལ་འཕྱན། །

 

དེ་ཕྱིར་ཚིག་རྒྱུད་དོན་རྒྱུད་མན་ངག་རྒྱུད།  །

ཡིད་ཆེས་གྲུབ་པ་བརྙེས་པའི་རྒྱུད་པ་ཀུན། །

མེད་བཞིན་དབང་ལུང་མན་ངག་ཉན་འཆད་དང། །

བཀའ་ལུང་རྐུན་ཁྱེར་ཐོས་སྒོམ་འབྲས་བུ་ཡིས། །

 

སྟོངས་པས་མདོ་སྔགས་སེམས་སྡེའི་གཞུང་རྣམས་ལ། །

འཇུག་ནས་མི་ཚེའི་སྙིང་པོ་ལེན་འདོད་ན། །

ཡོན་ཏན་འཇུག་སྒོ་བརྒྱུད་པར་སེལ་མེད་པ། །

དགོས་ཞེས་བཀའ་ལུང་ཚད་མར་གསལ་བས་ན། །

 

བརྒྱུད་པ་མེད་པའི་ཁྲིད་ལུང་དབང་རྒྱུད་སྤེལ། །

རང་འདོད་དབང་གིས་བརྒྱུད་རིམ་བཟོ་དང་བཅོས། །

བསྟན་པའི་གཤེད་དུ་ཆེ་བས་བརྒྱུད་ཁུངས་ཀྱི། །

ཁུངས་ཡོད་ལོ་རྒྱུས་བསྟན་པ་མཛེས་པའི་རྒྱན། །

 

ལྷག་པར་གྱེར་བསྟན་ཡང་དར་དུས་འདི་ལ། །

གསང་གསུམ་བརྒྱུད་པ་ཀུན་འདུས་ཡོངས་འཛིན་རྗེས། །

གླིང་འདིར་བོན་བསྟན་ཉི་མ་སླར་བསུས་ཏེ། །

མདོ་སྔགས་རྫོགས་པའི་ཁྲིད་ལུང་དབང་རྒྱུད་རྣམས། །

 

སྐལ་ལྡན་བརྒྱ་སྟོང་རྒྱུད་ལ་དར་སྤེལ་ནས། །

བསྟན་པའི་སྲོག་རྒྱུན་རིང་བར་མཛད་པའི་སྐོར། །

མ་བཅོས་ཇི་བཞིན་བརྗོད་པའི་ལོ་རྒྱུས་དེབ། །

བྲིས་ལ་ཡི་རངས་མེ་ཏོག་བརྒྱ་སྟོང་འབུལ། །

 

ཞེས་པའི་ཚིགས་བཅད་འདི་ཉིད་ཚངས་པ་བསྟན་འཛིན་པས་ ༢༠༢༤ ༡༡ ༧ ཉིན་བྲིས་ཏེ་ཕུལ།། །།

 

(སྤྱིའི་གཟིགས་གྲངས། 434 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོན་སྡེ་ལྷ…
error: རྩོམ་འདི་བདག་དབང་ཅན་ཡིན།