བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཐེངས་བདུན་པ་འཚོགས་པ།
བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཐེངས་བདུན་པ་འདི་ཉིད་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བརྒྱ་སྟོན་བརྟན་བཞུགས་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གསར་པའི་རབ་གནས་དང་དབུ་འབྱེད་མཛད་སྒོ་བཅས་གལ་ཆེའི་མཛད་སྒོ་མང་པོ་མུ་འབྲེལ་སྐྱོང་བའི་ལོ་འགོའི་ཟླ་བ་ཞིག་ཆགས་ཡོད། སྤྱིར་མཛད་སྒོ་འདི་ཉིད་ཕྱི་ལོ་༢༠༡༧ནས་བོན་པོ་ཚོགས་པ་དང་། གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་གཉིས་ནས་ཐུགས་འགན་བཞེས་ཏེ་དབུ་འཛུགས་ཞུས་པ་དང་། དེ་ནས་ད་བར་མུ་འབྲེལ་རྒྱུན་བསྐྱངས་ནས་གྲ་རྒྱས་ཕུན་སུམ་ཚོགས་པ་བྱུང་བ་ཞིག་རེད། དེ་རིང་གི་མཛད་སྒོའི་མཛད་རིམ་སྔ་དྲོ་ཆུ་ཚོད་དགུ་པ་ནས་དབུ་འཛུགས་ཞུས་ཏེ། སྐྱ་སེར་མི་མང་རྣམས་མཛད་སྒོའི་ཚོམས་གུར་དུ་རྒྱས་འཛོམས་གནང་བ་དང་དེ་ནས་བསང་གསོལ་དང་ལྷ་རྒྱལ་འཐེན། དེའི་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་དབྱངས་སུ་བསྐྱོན་པ་དང་། བསྟན་རྒྱས་སྨོན་ལམ་གསུང་བཞིན་བོན་གྱི་བརྡ་དར་ཆེན་མོ་མཁའ་དབྱིངས་སུ་བསྒྲེངས། བླ་གྲྭ་མི་མང་རྣམས་བཞུགས་གདན་དུ་འཁོད་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དྲུང་ཆེ་དང་། བོན་པོ་ཚོགས་པའི་དྲུང་ཆེ་གཉིས་ནས་རིམ་པས་བོད་སྐད་དང་། བལ་སྐད་ཐོག་ནས་ཕེབས་བསུའི་འཚམས་འདྲི་ཞུས། དེ་ནས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་བོད་བལ་དབྱིན་གསུམ་གྱི་སྐད་ཐོག་ནས་ལུགས་རྙིང་ལོ་གསར་དང་འབྲེལ་བའི་གསུང་བཤད་བཀའ་དྲིན་ཆེ་བ་བསྩལ། དེ་མུས་ཤེལ་ཕུགས་སུམ་མདོ་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་དབུ་འཛིན་ཟླ་བ་བསམ་འགྲུབ་ལགས་ནས་བོད་བལ་སྐད་གཉིས་ཐོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་ལྷན་མི་མང་རྣམས་ལ་བརྒྱ་སྟོན་སྲུང་བརྩིའི་དགེ་བསྐུལ་ཞུས། དེའི་རྗེས་ཚོགས་སྡེ་དང་སློབ་ཕྲུག་སྡེ་ཁག་སྟེ། ཏ་པི་ཧྲི་ཙའི་སློབ་གྲྭ་དང་། སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས། གསོ་རིག་འབུམ་བཞིའི་སློབ་གྲྭ། ནོར་འཛིན་གླིང་ལྷ་མོ་རུ་ཁག ཏ་པི་ཧྲི་ཙའི་སློབ་ཟུར་ཚོགས་པ། དོལ་པོ་བྱི་གཅེར་རིག་གཞུང་སྡེ་ཁག ཁྱུང་པོ་ན་གཞོན་ཚོགས་པ། དོལ་པོ་ཚྭ་གའི་སློབ་གྲྭ། ཕྱྭ་སྲས་ཀེང་རྩེའི་སློབ་གྲྭ། བྱི་གཅེར་སྨུག་པོ་རོང་རིག་གཞུང་སྡེ་ཁག ནོར་འཛིན་གླིང་གཞོན་ནུ་ལྷན་ཚོགས་བཅས་ཁྱོན་ཚོགས་སྡེ་འདྲ་མིན་བཅུ་གཅིག་དང་མི་སྒེར་པ་བཅས་ནས་བོད་གཞས་དང་། བལ་གཞས། རྒྱ་གར་གཞས་བཅས་གཞས་སྣ་སུམ་ཅུ་སོ་གཉིས་ཙམ་གཟིགས་འབུལ་གནང་བ་ཡོད་པ་རེད། དེའི་རིང་སྔ་ཕྱི་དྲོ་དུས་གསུམ་ལ་གསོལ་ཇ་དང་བཞེས་ལག་སོགས་གཟབ་རྒྱས་གནང་ནས་འཛམ་གླིང་ཤར་ནུབ་གང་ས་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་ལྷན་སྤྲོ་ཚོགས་མཉམ་རོལ་ཞུས་པ་དང་། ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀ་ནས་རྒྱན་ཤོག་འཐེན། དེའི་རྗེས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་སྤྱི་གཉེར་གྱིས་ཐུགས་རྗེ་ཆེ་ཞུའི་མཇུག་བསྡོམས་གསུང་བཤད་དང་བཅས་ཏེ་མཛད་རིམ་མཐར་གྲུབ་པའི་གནས་བསྡུས་སུ། ཕྱི་ལོ་༢༠༢༥ཟླ་༠༡ཚེས་༣༠ཉིན།
ཁྱུང་ཐོག་རྒོད་ནས་པར་རིས་མཁོ་འདོན་ཞུས།