ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསལ་བརྡ།

     རྩོམ་པ་པོ། ཁྱུང་ཐོག་རྒོད།

   དེང་དྲ་བའི་སྤྱི་ཚོགས་ཞེས་གླེང་གིན་པའི་དུས་ཚོད་འདིའི་དགོས་མཁོ་དང་བསྟུན་ཏེ་ངེད་<<མེ་ལོང་ཡེ་ཤེས་>>དྲ་བའི་གཙོ་སྒྲུབ་པ་དག་གིས་ཀྱང་དུས་རབས་ཀྱི་འགྲོས་ལས་དཔག་པའི་གོམ་སྟབས་ཤིག་འདི་ནས་འགོ་བཙུག་སྟེ་ཇི་སྲིད་བར་མདུན་བསྐྱོད་ཀྱི་ལམ་བུར་ཞུགས་རྒྱུའི་ཆོད་སེམས་བཞག་ཡོད། འོན་ཀྱང་ཁ་སང་དང་ད་ཞག་ནི་སྟབས་བདེའི་དྲ་བ་<<སྐད་འཕྲིན་>>དང་<<ངོ་དེབ་>>སོགས་ཀྱི་ཆ་རྐྱེན་འབེལ་བར་བརྟེན། དྲ་ལམ་ཆེ་ཁག་དག་ལ་ལྟ་ཀློག་བྱེད་མཁན་གྱི་གྲངས་འབོར་ཉུང་དུ་འགྲོ་བའི་ཚད་ལ་སླེབས་ཟིན། དེས་ན་ནང་ཆོས་དང་ལོ་རྒྱུས་རྩོམ་རིག་གང་ཞིག་དྲ་བར་བཤམས་བཞག་པ་ཙམ་གྱིས་མི་རིགས་ཀྱི་རིག་གནས་ལ་གཞོགས་འདེགས་དེ་ཙམ་མི་ནུས་པར་སྣང་། དེར་བརྟེན་འདིར་ངེད་དྲ་བའི་གཙོ་སྒྲུབ་པ་དག་གིས་ཐབས་ལམ་གཞན་ཞིག་བརྒྱུད་དེ་བདུན་ཕྲག་རེར་རེས་མོས་ཀྱིས་<<བོན་དཔེ་མཚམས་སྦྱོར་གྱི་མེ་ལོང་།>> <<ལོ་རྒྱུས་འཚོལ་ཞིབ་ཀྱི་མེ་ལོང་།>> <<གནའ་རྩོམ་ཚན་བཤུས་ཀྱི་མེ་ལོང་།>> བཅས་ལེའུ་ཚན་གསུམ་གྱི་སྒོ་ནས་ཤེས་དགོས་པའི་གནས་ལུགས་མི་ཉུང་བ་ཞིག་ཀློག་པ་པོ་དག་གི་མིག་ལམ་དུ་བསྟར་རྒྱུ་ཡིན། འདི་ནི་ངེད་དྲ་བའི་དམིགས་བསལ་གྱིས་ཞང་བོད་རིག་གནས་ལ་སྲི་ཞུ་སྒྲུབ་སྟངས་ཤིག་ཡིན་ཞེས་གླེང་ཡང་མི་ཆོག་རྒྱུ་མེད།

   བོན་དཔེ་མཚམས་སྦྱོར་གྱི་མེ་ལོང་གི་ཐད་ནས་བཀའ་གཡུང་དྲུང་ལས་དག་་ནས་བཟུང་མདོ་འབུམ་རྒྱུད་མཛོད་སོགས་གོ་རིམ་བཞིན་མཚམས་སྦྱོར་བྱེད་འཆར་ཡོད། དེ་ཡང་གཞུང་དེའི་མཚན་ངོ་སྤྲོད་ཙམ་མ་ཡིན་པར་བཀའ་དང་བཀའ་བརྟེན་གང་ཡིན་གསལ་ཁ་དང་། བཀའ་ཡིན་ཚེ་ཞུ་བ་པོ་དང་བཀའ་འཁོར་གང་ཞིག་གི་ཁོངས་སུ་གཏོགས་མིན། བཀའ་བརྟེན་ཡིན་ཚེ་མཛད་པ་པོ་དང་མཛད་དུས་ཀྱི་ལོ་ཚིགས། གཏེར་མ་ཡིན་ཚེ་གཏེར་གནས་དང་གཏེར་སྟོན། གཏེར་སློབ། གཏེར་བཏོན་དུས་ཀྱི་ལོ་ཚིགས་དང་། གཞུང་དེའི་སྤྱི་ཁོག་གི་བསྟན་དོན་བསྡུས་པ་རེ་བཅས་རང་ནུས་ཅི་ལྕོགས་ཀྱིས་གསལ་བཤད་དང་བསྒྲགས་ཏེ་སྤེལ་འཆར་ཡིན་པས། ལེའུ་ཚན་འདི་ནི་ཞང་བོད་མེས་པོའི་ཕ་ནོར་དྭངས་མའི་ངོ་གདོང་མཇལ་སའི་མེ་ལོང་ཞིག་ཡིན། 

   ལོ་རྒྱུས་འཚོལ་ཞིབ་ཀྱི་མེ་ལོང་གི་ལས་ཀྱང་གནའ་ཤུལ་གྲགས་ཅན། གནས་རི་བྱིན་ཅན་མི་སྣ་གལ་ཆེན་སོགས་ཀྱི་ངོ་སྤྲོད་ཀྱིས་མཚོན་པའི་ཞང་བོད་ཀྱི་ལོ་རྒྱུས་འཚོལ་ཞིབ་ལ་ཕྱར་བ་གྲུ་འདེགས་ཀྱི་སྲི་ཞུ་ཕྲན་ཚགས་རེ་སྒྲུབ་ཐུབ་པའི་རེ་བ་སེམས་ལ་བརྣག་སྟེ་ཅི་འཇོན་གྱིས་གསལ་ཁ་རེ་གཏོད་དེ་སྤེལ་འཆར་ཡིན་པས། ལེ་ཚན་འདི་ནི་ཞང་བོད་ཀྱི་ལོ་རྒྱུས་གསོན་པོའི་བྱུང་རབས་དག་གཟིགས་མོར་བཤམས་པའི་མེ་ལོང་ཞིག་ཡིན། 

   གནའ་རྩོམ་ཚན་བཤུས་ཀྱི་མེ་ལོང་ལས་ཀྱང་ཞང་བོད་ཀྱི་གནའ་དུས་ཡབ་མེས་དག་གི་ཤ་རུས་ཀྱི་ཟུངས་ཁྲག་དང་འདྲེས་པའི་གནའ་དཔེའི་ནང་འཁོད་སྒྲུང་རྩོམ་དང་། མེས་པོའི་ཕ་ཆོས་ཀྱི་ཟབ་གནད་ཐུགས་ལ་ཕོག་པའི་རྟོགས་ལྡན་རྣལ་འབྱོར་བ་དག་གིས་ཞལ་ནས་སྐྱུག་པའི་མགུར་གླུ་སོགས་ཀྱིས་མཚོན།  སྐབས་དེ་ཤེད་ཀྱི་ཞང་བོད་མི་རིགས་ཀྱི་འཚོ་བ་དང་ཁོར་ཡུག་ལ་ཤ་འདྲེས་ལྤགས་འདྲེས་སུ་གྱུར་པའི་གནའ་རྩོམ་དག་བསྡུ་རུབ་དང་། དེ་དག་གི་རྩོམ་ཉམས་འདོན་སྟངས་དང་བརྗོད་བྱ་སོགས་ཀྱི་ཐད་ནས་གསལ་བཤད་རེ་དང་སྦྲགས་ཏེ་སྤེལ་འཆར་ཡིན། ལེའུ་ཚན་འདི་ནི་ཞང་བོད་རྩོམ་རིག་སྒྱུ་རྩལ་གྱི་ཕུགས་འཚོལ་བར་རམ་འདེགས་དང་། དེང་གི་ཆར་གནའ་རྩོམ་ཚན་བཤུས་དང་། རྩོམ་ཉམས་འཆད་ཁྲིད་བྱ་འགུལ་གྱི་གོ་རིམ་ཁྲོད་ནས་མི་ལ་དང་ཞབས་དཀར་ལས་ཉམས་མགུར་མེད་པ་ལྟ་བུའི་གླེང་ཕྱོགས་དག་ལ་ཡིད་མ་རངས་ནས། མེས་པོའི་ཤུལ་བཞག་སྒྱུ་རྩལ་ཆ་ཚང་གི་ལྗིད་གོག་དཔོག་མ་ཐུབ་པའི་སྟོང་ཆ་དེ་ཁ་བསྐང་བའི་ཆ་རྐྱེན་དུ་བསམ་ནས་ཆེད་དུ་སྤེལ་བའི་ཞང་བོད་སྒྱུ་རྩལ་གྱི་མཛེས་རིས་དོད་པའི་མེ་ལོང་ཞིག་ཡིན།

         ཞེས་པའི་མཚམས་སྦྱོར་ཉུང་འདུས་འདི་ཉིད་ངེད་མེ་ལོང་ཡེ་ཤེས་དྲ་བའི་བདུན་རེའི་བྱ་འགུལ་གྱི་ལས་རིམ་གསལ་བརྡ་རུ་ཁྱུང་ཐོག་རྒོད་ཀྱིས།

(སྤྱིའི་གཟིགས་གྲངས། 37 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
     མཛད་པ…
error: རྩོམ་འདི་བདག་དབང་ཅན་ཡིན།