གཏེར་སྒར་དགོན་འདུས་སྤྱི་ནས་གདུང་སེམས་མཚོན་པའི་གསུང་འཕྲིན།
༄༅། །ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྙིགས་མའི་དུས་སུ་འཛིན་སྐྱོང་སྤེལ་བ་ལ་བཀའ་དྲིན་འགྲན་ཟླ་བྲལ་བ། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་གང་པོར་བསྟན་པའི་ཁུར་ཆེན་བདག་གིར་བཞེས་ཤིང་། དུས་ཀྱི་གཉན་འཕྲང་ཉག་ཕྲ་བའི་སྐབས་སྐུ་ཐུགས་བསྐྱེད་ཞུམ་པ་མེད་པར་བསྟན་པའི་མེ་རོ་སླར་གསོ་གནང་ཞིང་། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ཕྱི་ནང་བརྟེན་དངརྟེན་པ་གསར་བཞེངས་གནང་། བསྟན་པའི་སྙིང་པོ་བསླབ་གསུམ་དབང་ལུང་མན་ངག་གི་རྒྱུན་འཆད་སྤེལ་གནང་ནས་སྐུ་ཚེ་དང་མཛད་པར་སུས་ཀྱང་འགྲན་ཟླ་མེད་པར་དམ་པའི་སྐྱེས་བུའི་མཛད་རྗེས་བླ་ན་མེད་པ་རང་ཅག་རྣམས་ཀྱི་མིག་ལྟོས་ཀྱི་ཡུལ་དུ་གྱུར་པ་འཇིག་རྟེན་ཁམས་སུ་བཞག་མཛད་ནས། རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་སྐུ་མི་རྟག་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ནི་རང་ཅག་སློབ་འབངས་རྣམས་ལ་ལྟོས་ན་ཆེས་བློ་ཕམ་གྱི་ཡུལ་དུ་གྱུར། འོན་ཀྱང་རང་རེ་ཤུལ་ལུས་གདུལ་བྱ་རྣམས་ཀྱིས་ཁོང་གིས་བཞག་གནང་བའི་རྣམ་དཀར་གྱི་མཛད་ཕྲིན་རྣམས་རྗེས་སུ་དྲན་ཅིང་། ཁོང་གིས་གསུངས་གནང་བའི་ཞལ་གདམས་དག་ཁོག་པའི་ནང་དང་སྙིང་གི་དབུས་སུ་བཞག་ཅིང་། གང་མགྱོགས་སྐུ་གོང་མའི་མཛད་པ་དང་ཕྲིན་ལས་བདག་གིར་བཞེས་པའི་སྤྲུལ་པའི་སྐུ་ཡི་ཟླ་ཞལ་གསར་པ་རང་ཅག་རྣམས་ཀྱི་མགོན་དུ་འཆར་བའི་གསོལ་འདེབས་སྨོན་འདུན་ཞུ་རྒྱུ་ལས་བྱ་ཐབས་གཞན་མ་མཆིས་པས། འདི་གར་གཏེར་སྒར་དགོན་བླ་སློབ་འདུས་པ་ཡོངས་ནས་ཀྱང་དེ་ལྟར་གསོལ་འདེབས་དང་སྨོན་ལམ་གང་ནུས་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
གཏེར་སྒར་དགོན་འདུས་སྤྱི་ནས།