ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ངར་གླུད། ༼ཚན་བཤུས།༽

དཔྱད་བརྗོད་པ། ཁྱུང་ཐོག་རྒོད།

ཀྱེ་སྣང་ཙམ་དང་པོ་ལ། ཡུལ་གྱི་མིང་བཏགས་ཏེ། རྒྱ་ཡུལ་གཏང་བཟང་ན། རྒྱ་མཁར་ལྡེམ་པ་ན། ཕ་དང་ཡབ་ཀྱི་མཚན། རྒྱ་རྗེ་མི་བཙན་རྨང་པ་ལགས། མ་དང་ཡུམ་གྱི་མཚན། རྒྱ་མོ་ཉི་ཁྲི་བཙུན་མོ་ལགས། དེ་གཉིས་བཤོས་པའི་སྲས། མིང་པོ་དྲལ་པོ་བ། རྒྱལ་བུ་སྲ་བརྟན་ལགས། སྲིང་མོ་ལྕམ་མོ་བ། རྒྱ་ལྕམ་དཀར་མོ་ལགས། རྒྱ་རྗེ་ཡབ་ཡུམ་དང། རྒྱལ་སྲས་ལྕམ་དྲལ་ལ། ཡ་བླ་བདུད་ཀྱི་རེས་ཀྱང་བབས། མ་བླ་ཆུད་ཀྱི་བྱིན་ཡང་ཆགས། གཡེན་དགུའི་དལ་ཁ་བབས། བཙན་པོ་ཁ་བཞི་འདྲོལ། ལྷ་སྲིན་ཀུན་ཀྱང་གཡོས། རྒྱ་རྗེ་སྟངས་དང་དབྱལ། ནད་དང་སྙུང་གིས་ཟིན། ཨ་ན་ནའི་ནམ་མ་ལོང་། ཨ་ཆུ་ཆུའི་མུན་མ་རུབ། རྒྱ་བོན་ལེག་ཏང་རྨང་པོ་སྤྱན་དྲངས་ནས། གཏོ་དང་དཔྱད་བགྱིས་པས། ནད་ཀྱི་ངོས་ཡང་ཟིན། སྲིན་གྱི་སྡེ་ཡང་རིག སྐུ་གླུད་མི་འཚལ་དགུ་གཅིག་འཚལ། ངར་ཟན་ངར་གླུད་བཙལ་ལོ་སྐད། དེར་རྒྱ་ཁོལ་ཕ་བཅུ་ཡིས། རྒྱ་ཡུལ་འབྲིང་ཐང་སྐོར་གྱིས་བསྐོར། རྒྱ་མི་ཕྱུག་པོ་གྲོང་བདུན་ལས། ཁྲེ་དང་འབྲས་གཉིས། གྲོ་དང་སྲན་མ་གཉིས། ནས་དང་སོ་བ་གཉིས། བྲ་བོ་ཟུར་གསུམ་དེ་དང་བདུན། བསང་ཕྱེ་དཀར་གྱིས་ལྡད་ནས་བཏགས། ཡ་རབ་གསེར་ཡུལ་ནས། གསེར་ལ་ཞུན་དུ་བཞུས། ཁྱུང་ལུང་དངུལ་མཁར་ནས། དངུལ་ལ་ཟོང་གིས་དྲས། ལྕོགས་ཡུལ་གཡུ་མཁན་གྱིས། གཡུ་ལ་བདར་དུ་བདར། སུམ་ཡུལ་ཟངས་མཁན་གྱིས། ཟངས་ལ་ཞུན་དུ་བཞུས། ཟོམ་ཤིང་ལྕགས་མཁན་གྱིས། ལྕགས་ལ་བདར་དུ་བདར། བསེ་མཁན་མདའ་མི་ཡི། བསེ་ལ་བདར་དུ་བདར། ས་ལེ་དུང་ཡུལ་ནས། དུང་ལ་བདར་དུ་བདར། ངར་ཟན་ཕད་དུ་བགྱིས། མི་རུ་བགྱིས་པས་བྱད་རེ་ལེགས། རྟ་རུ་བགྱིས་པས་བང་རེ་མགྱོགས། ངར་གླུད་མགོ་ལ་སྐྲ་མེད་ན། སྦབ་སེར་བྱ་སྤུ་མགོ་ཡི་སྐྲ། ངར་གླུད་དཔྲལ་ལ་མིག་མེད་ན། སྤུ་གཟི་ཁྲ་བོ་དཔྲལ་བའི་མིག འགྲོན་བུ་འཐོང་ཤད་ཚེམས་སུ་བགྱིས། ལེབ་རྒན་དམར་པོས་ལྗགས་སུ་བགྱིས། ངར་ལ་ནང་ན་དྲོད་མེད་ན། སྣང་མ་སྒྲོན་ཤིང་དྲོད་དུ་བགྱིས། སླས་མེ་དྲི་ཞིམ་སྙིང་དུ་བགྱིས། སེ་མོ་ལོ་དྲོས་ཤ་རུ་བགྱིས། མཚལ་ཆེན་ཅོག་ལ་ཁྲག་ཏུ་བགྱིས། རྨ་བྱའི་གདོང་ཆེན་ཞལ་དུ་བགྱིས། ཡ་བདུད་བཅུ་གསུམ་སྤྱན་སྔ་ན། མ་བདུད་བཅུ་གསུམ་སྤྱན་སྔ་ན། ལྷ་སྲིན་སྡེ་བརྒྱད་སྤྱན་སྔ་ན། ངར་མི་སྙན་ངག་སི་ལི་ལི། འགྲོ་བའི་སྟབས་སྡུག་ཡེ་རེ་རེ། ངར་བུ་གླུ་ལེན་ཀྱུ་རུ་རུ། སྲིད་པའི་ལྷ་འདྲེ་གཉན་དགུ་ཡི། ཕྱག་ཏུ་ཕུལ་ཏེ་བཏང་། ལྷ་སྲིན་སྡེ་བརྒྱད་གླུད་ཀྱི་མཉེས། རྒྱ་རྗེ་ཡབ་ཡུམ་སྲས་རྣམས་བཟུང་བ་བཏང་། བཅིང་བ་བཀྲོལ། ན་བ་ཕན་པ་དང་། སྔོན་ཙམ་དེ་རུ་ཕན་གཅིག་སོད། དེ་རིང་གཤེན་དང་ཡོན་བདག་གིས། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། ངར་གླུད་བརྒྱའི་གླུད་འབུལ་ལོ། སྲིད་པའི་ལྷ་འདྲེ་ཀུན་མཉེས་ནས། ནད་དང་གནོད་པ་ཀུན་ཞི་ནས། ལྷ་འདྲེའི་ཞལ་ཁ་བསྒྱུར་དུ་གསོལ། ངར་གླུད་རྫོགས་སོ།།

དཔྱད་བརྗོད།

སྤྱིར་བོན་གྱི་འདོད་ཆོག་གི་གཞུང་དག་གི་གདག་སྲིབ་དུ་རྩམ་དྲི་དང་འོ་དྲི་འཐུལ་བའི་གནའ་རྩོམ་ཇི་སྙེད་ཅིག་མཇལ་ཏུ་ཡོད་པས། ཀློག་པ་པོ་ཚོས་གནའ་རྩོམ་རོལ་མྱོང་འདོད་ཚེ་བོན་གཞུང་དག་ལ་ལྟ་ཀློག་བྱེད་རྒྱུ་མ་བསྙེལ་བར་གནང་ཞེས་འབོད་བསྐུལ་དང་བཅས། ད་ལན་འདིར་(ངར་གླུད)སྐོར་ཞིག་ཚན་བཤུས་བྱས་ཡོད། རྩོམ་འདིའི་ནང་མི་ཚང་ཞིག་གི་གོད་ཆག་དང་། དེ་དག་བཅོས་སེལ་བྱེད་མཁན་གྱི་བོན་གཤེན་གྱི་མཐུ་ནུས། སྐབས་དེ་ཤེད་ཀྱི་འཚོ་བ་དངོས་དང་མཚམས་པའི་གླུད་ཀྱི་ཡོ་བྱད་གསོག་སྒྲུབ་སོགས་ཏེ་དཔེ་མཚོན་ཙམ་ཞིག་དྲངས་ན། འབྲུ་སྣ་བདུན་གྱི་ཕྱེ་མ་ལ་རིན་ཆེན་གསེར་དངུལ་སོགས་བདར་ཏེ་སྦྲུམས་པའི་ངར་མིའི་གཟུགས་སུ་བྱས་པ་དང་། དེ་ལའང་བྱ་སྤུའི་སྐྲ། གཟི་ཡི་མིག འགྲོན་བུའི་ཚེམས། ལེབ་བརྒན་གྱི་ལྗགས། སྣང་མ་སྒྲོན་གྱི་དྲོད། སླས་མེ་དྲི་ཞིམ་གྱི་སྙིང་། སེ་མོ་ལོ་དྲོས་ཀྱི་ཤ། མཚལ་ཆེན་ཅོག་ལའི་ཁྲག རྨ་བྱའི་གདོང་ཆེན་གྱི་ཞལ་དུ་བྱས་ཏེ། དངོས་སུ་མི་བཞིན་དུ་སྐད་སྙན་སི་ལི་ལི་དང་། འགྲོ་སྟབས་ཡེ་རེ་རེ། གླུ་ལེན་ཀྱུ་རུ་རུ་བྱེད་པ་ཞིག་ཡོན་བདག་གི་ཤ་རིན་ཁྲག་ཚབ་ཏུ་བརྫངས་པས་ནད་རྐྱེན་བར་ཆོད་སེལ་བ་སོགས་བསྟན་ཡོད། རྩོམ་ལུགས་ལའང་མངོན་བརྗོད་དང་གབ་ཚིག་གིས་ཡོལ་བས་མ་བསྒྲིབས་པས། ཀློག་པ་པོ་དབང་པོ་རྣོ་རྟུལ་སུ་ཞིག་ཡིན་རུང་བརྗོད་བདེ་བ་དང་གོ་བ་འཆར་སླ་བ་ཞིག་ཏེ། ཐ་སྙད་མང་ཆེ་བ་མི་རིགས་རང་ཉིད་ཀྱི་འཚོ་བ་དངོས་དང་ཁ་ཐག་ཉེ་བའི་ཉེར་མཁོའི་མིང་རྐྱང་པ་བཀོལ་འདུག་པས་ཡིན། འདི་གོ་དཀའ་བའི་ཐ་སྙད་གཉིས་འདུག་པ་སྟེ།སླས་མེ་དྲི་ཞིམ། སེ་མོ་ལོ་དྲོས།ཅེས་པ་འདི་བརྡ་རྙིང་ངམ་ཡང་ན་མི་རིགས་གཞན་གྱི་སྐད་སོགས་གང་ཡིན་ཐག་གཅོད་མ་ནུས་པས་དགོངས་འཇག་ཞུ། ཁྱུང་ཐོག་རྒོད་ཀྱིས།

(སྤྱིའི་གཟིགས་གྲངས། 186 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ་…
error: རྩོམ་འདི་བདག་དབང་ཅན་ཡིན།