ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྨན་རི་བ།

རྩོམ་པ་པོ། ངུར་སྨྲིག་འཛིན།

 

སྐྱེ་མེད་བོན་སྐུའི་ངང་ལ་མ་གཡོས་མ་གྱུར་འགྲོ་བའི་དོན་ལ་དགོངས། །

འགག་མེད་ལྷུན་གྲུབ་མཁྱེན་བརྩེའི་ཡེ་ཤེས་མ་བཙལ་རང་བཞིན་རྫོགས་པའི་གཏེར། །

    གཉིས་མེད་སྣ་ཚོགས་གང་ལ་གང་འདུལ་སྨྲ་སེང་མི་གཟུགས་སྤྲུལ་པའི་སྐུ། །

      བསྐལ་ཁུག་དུས་ཀྱི་སྟོན་པ་ཆེན་མོ་སྤྱི་བོ་བདེ་ཆེན་འཁོར་ལོར་འདུད། །

 

སྐུ་མཆོག་རིན་ཆེན་གསེར་རི་ལྷུན་པོ་མཚན་དཔེ་དཔལ་འབར་གཟི་འོད་འཚེར། །

  གསུང་མཆོག་རིན་ཆེན་མ་པང་མཚོ་མོའི་འགྲོ་ཀུན་རྨོངས་ལྐུག་སྨྲ་སྒོ་འགྱེད། །

  ཐུགས་མཆོག་རིན་ཆེན་ཏོག་ཆེན་ལྟ་བས་ཇི་ལྟ་ཇི་སྙེད་ཡིན་ལུགས་གཞལ། །

སྨྲ་དབང་ཡོངས་འཛིན་བསྟན་འཛིན་རྣམ་དག་སྐུ་གསུང་ཐུགས་ལ་དད་ཕྱག་བརྩེགས། །

 

ཁྱེད་ཀྱི་སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་ཞང་ཞུང་སྒོ་པའི་གནས་ལ་བལྟམས། །

  ཀ་ཁའི་དབྱངས་རྟ་འབྲི་ཀློག་འདོན་སོགས་ཞང་རྒན་ལྡོང་ཆུང་ཚང་ནས་བསླབས། །

    ཆུང་ནས་ངེས་འབྱུང་ཐུགས་རྒྱུད་ལྷན་ཏེ་སྨན་གྱི་རི་ལ་གྲྭ་སར་ཕེབས། །

  ཞང་བོད་མེས་པོའི་སྙིང་བཅུད་དྭངས་མ་བཅུ་ཕྲག་རིག་པའི་གནས་ལ་བརྩོན། །

 

གདན་ས་གོང་འོག་ཡོངས་འཛིན་རྣམ་གཉིས་ཐུགས་བཅུད་མ་ལུས་འུབས་སུ་ཆུད། །

  འཁོར་བ་མེད་པའི་ཞིང་མཆོག་དག་པ་མཁན་སློབ་ཉི་ཟླ་ཟུང་འབྲེལ་དྲུང་། །

རྒྱལ་བ་སྨན་རིའི་བཤེསགཉེན་ཆེན་མོའི་མཚན་གྱི་ཅོད་པན་འདི་ནས་བཞེས། །

དེ་ན་སྨན་རིའི་ཡོངས་འཛིན་གོང་མའི་ཡོངས་འཛིན་ཁྲི་ལ་མངའ་གསོལ་མཛད། །

 

རྒྱལ་བའི་གདན་ས་འོག་མིན་གཉིས་པ་དཔལ་ལྡན་བཀྲ་ཤིས་སྨན་རི་བའི། །

སྟོབས་ལྡན་བློ་གསལ་དད་བརྩོན་ཆེ་བའི་བསླབ་གསུམ་ངུར་སྨྲིག་འདུས་པའི་སྡེ། །

འཆད་རྩོད་རྩོམ་པའི་བོན་འཁོར་བསྐོར་ནས་རྒྱལ་བསྟན་སྲི་རྩེར་སྒྲེང་མུས་སུ། །

མི་འདོད་ལས་དང་རྐྱེན་གྱི་དབང་གིས་བསྐལ་ངན་དུས་ཀྱི་འཕོ་འགྱུར་བྱུང་། །

 

དེ་ནས་སྐུ་སྲོག་དཔང་དུ་འཛུགས་ཏེ་བསྟན་པའི་དོན་ཆེན་གཙུག་ཏུ་བཀུར། །

མདོ་སྔགས་རྫོགས་སོགས་བཅུ་ཕྲག་རིག་གནས་གཞུང་ལུགས་མ་ལུས་ཐུགས་ལ་མངའ། །

གསེར་གདུང་མཐོང་བ་རང་གྲོལ་དང་ནི་རྟེན་གསུམ་གསུང་རབ་བྱིན་ཆེན་འགའ། །

       ལ་ལ་ཁུར་ཞིང་ལ་ལ་བཅོལ་ཏེ་དྭང་རའི་རི་ལ་གཏེར་ཁ་བརྒྱབ། །

 

དམ་ལ་གནས་པའི་གཏེར་སྲུང་དམ་ལྡན་མ་བདུད་བཙན་རྒྱལ་གཉེར་དུ་གཏད། །

རྒྱལ་བ་གཉིས་པ་ང་འདྲ་མ་དང་དངུལ་སྐུ་བཀྲ་ཤིས་འོད་འབར་བཅས། །

དམ་པ་ཉིད་དང་འབྲལ་མེད་བར་འཕགས་ཡུལ་གྲུ་མང་ལ་འཁོར་ན་ཡང་། །

ཐབས་དང་ཐུགས་རྗེས་ཟུང་དུ་སྦྲེལ་ཏེ་སླར་ཡང་རྒྱལ་བའི་ཞིང་དུ་བཀོད། །

 

       སྲིད་པ་དུས་ངན་འཕོ་འགྱུར་ཁྲོད་དུ་བསྟན་པའི་སྒྲོན་མེ་ནུབ་ལ་ཁད། །

       ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོའི་འདི་ཡི་ཉི་མ་ནུབ་ཕྱོགས་ནས།

ཚད་གསུམ་ཟུང་སྦྲེལ་་ཐོས་བསམ་སྒོམ་སྒྲུབ་འཆད་བརྩོད་བརྩོམ་པའི་བོན་འཁོར་བསྐོར། །

   འཛམ་གླིང་ཡུལ་གྲུ་ཕྱོགས་ཕྱོགས་ཀུན་ཏུ་ལུང་རྟོགས་བོན་གྱི་རྒྱལ་མཚན་འབུབས། །

 

ཐེག་དགུ་སྒོ་མཛོད་སྡེ་སྣོད་གསུམ་སོགས་རྒྱལ་བའི་བཀའ་དང་འཕགས་པའི་ལུང་། །

སྐད་ཡིག་མི་གཅིག་མི་རིགས་སྣ་ཚོགས་གང་མོས་དེ་ལ་དེར་སྟོན་མཛད། །

བརྒྱད་ཁྲི་བཞི་སྟོན་བོན་སྒོ་གསལ་བྱེད་ཕྱི་ནང་གསང་གསུམ་ཏི་ཀ་བཏབ། །

མུན་སེལ་སྒྲོན་མེ་སྨན་རི་བ་ཡིས་ཞབས་རྗེས་འཛམ་གླིང་ཁྱོན་ལ་བཞག །

 

རྒྱལ་བ་དང་པོ་གཤེན་རབ་མི་བོ་རྒྱལ་བ་གཉིས་པ་མཉམ་མེད་པའི། །

སྤང་བསྒྱུར་གྲོལ་གསུམ་དབང་ལུང་ཁྲིད་གསུམ་བསླབ་པ་རྣམ་གསུམ་རྐང་འཛིན་པ། །

གདན་ས་སྨན་རིའི་ཡོངས་འཛིན་ཆེན་མོ་ཡོན་ཏན་ཕུང་པོ་རད་ཎའི་གཏེར། །

ཁྱེད་ཀྱི་སྐུ་དྲིན་བསམ་ཞིང་བསམ་ན་བསམ་བརྗོད་དཔག་པའི་ཡུལ་ལས་འདས། །

 

རྒྱལ་ཀུན་འདུས་གཙོ་བསྟན་པའི་མངའ་བདག་རྒྱལ་བའི་རྒྱལ་ཚབ་སྨན་རི་བས། །

སྙིགས་མ་ལྔ་བདོ་དུས་ཀྱི་ཐ་མ་ཚེ་ལོ་བརྒྱ་ཡི་ཚེ་དམིགས་འཛིན། །

རྟག་འཛིན་ཅན་རྣམས་མི་རྟག་ཚུལ་བསྟན་ལན་གཅིག་མྱང་འདས་ཚུལ་བསྟན་པས། །

འཛམ་གླིང་གོ་ལའི་སྐྱེ་འགྲོ་ཕལ་ཆེར་ཤ་རྩ་འདར་ཞིང་སེམས་རྩ་སྟོང་། །

 

འུ་ཚོའི་སྨན་རིའི་བཤད་གྲྭའི་དགོང་འཚོག་རྩོད་དུས་ཆུ་ཚོད་དྲུག་པའི་ཐོག །

མི་རྟག་ཚུལ་བསྟན་སྐུ་ཡི་བཀོད་པ་བོན་སྐུའི་ཀློང་དུ་བསྡུས་སོང་ཟེར། །

   ཡིད་ཀྱིས་མ་དྲན་སེམས་ཀྱིས་མ་བསམས་སྐད་ངན་རྣ་དབང་ཐོས་མ་ཐག །

དུས་འདིར་ཡངས་པའི་འཇིག་རྟེན་ཁམས་ལ་མུན་བསྐལ་ཆགས་པའི་སྣང་བ་སྐྱེས།།

 

  དེ་བཞིན་གཤེགས་པ་ཡོངས་འཛིན་དམ་པའི་ཡང་སྲིད་ཁྲི་གདུགས་ཉི་མ་གཞོན། །

དམ་པ་ཉིད་ཀྱི་སྐྱབས་འོག་འཁྱུད་པའི་ལྷག་ལུས་བདག་སོགས་བསྟན་འགྲོའི་མགོན། །

སླར་ཡང་འཆར་བའི་རྩེ་གཅིག་དད་འདུན་གསོལ་སྨོན་དྲག་པོས་མདུན་བསུས་ནས། །

  དབང་མེད་སྐྱོ་གདུང་མིག་ཆུ་བཞུར་བཞིན་དམ་པ་ཉིད་ལ་བསྒུགས་ནས་འདུག །

 

         ཅེས་བསྐལ་ཁུག་གི་སྟོན་པ་ཆེན་མོ་ ༧ རྒྱལ་བ་སྨན་རི་བའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་ཧྲིལ་པོ་བགྲང་བྱ་བརྒྱ་ཕྲག་གཅིག་གི་ལྷག་ཙམ་བསྟན་དང་འགྲོ་བའི་དོན་ཁོ་ནར་མཛད་དེ། མཐར་བདག་འདྲ་རྟག་འཛིན་ཅན་རྣམས་མི་རྟག་དྲན་སྐུལ་གྱི་ཕྱིར་དུ་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་སྐབས། དགུང་ཞག་ཞེ་དགུ་རྫོགས་པའི་ཉིན་མོར། གུས་ཟླ་ཝེར་དུ་འབོད་པས་བདག་སོགས་སེམས་ཅན་ཐམས་ཅད་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་དམ་པ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་མི་འདོར་བའི་འོ་དོད་དུ་འབོད་པར་བྱའོ། །  ༢༠༢༥//༢ ཉིན་ཞོགས་པ་ནམ་སྐྱ་རིང་གི་ཉི་གཞོན་བསུ་བའི་དུས་ཚོད་ལ་གདན་ས་བཀྲ་ཤིས་སྨན་རི་ནས།

(སྤྱིའི་གཟིགས་གྲངས། 363 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བསྐལ་པའི་ཁ…
error: རྩོམ་འདི་བདག་དབང་ཅན་ཡིན།