ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བརྒྱ་སྟོན་བརྟན་བཞུགས་མཛད་སྒོའི་གནས་བསྡུས།

དེ་རིང་སྟེ་ཕྱི་ལོ་༢༠༢༥ ལོའི་ཕྱི་ཟླ་༢ཚེས་༦ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་བལྟམས་ཏེ་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་འཁྲུངས་སྐར་དེ་སངས་རྒྱས་གཤེན་རབ་མི་བོ་འཁྲུངས་ཟླ་སྟེ་དུས་ཚོད་ཁྱད་པར་ཅན་དང་བསྟུན་ནས་སྲུང་བརྩི་ཞུས་ཤིང་། དེ་ཡང་༸སྐྱབས་རྗེ་མཆོག་འདུལ་བྱ་འགྲོ་བའི་དོན་དུ་སྙིང་རྗེ་དང་སྨོན་ལམ་ཁོ་ནའི་དབང་གིས་བསམ་བཞིན་དུ་འཇིག་རྟེན་མི་ཡུལ་དུ་སྐུ་སྐྱེ་བ་བཞེས་ནས་དགུང་ལོ་བརྒྱ་ཐམ་པར་ཕེབས་པ་ནི་༸སྐྱབས་རྗེ་མཆོག་གིས་བསྟན་འགྲོའི་དོན་མཛད་ནས་མི་ལོ་བརྒྱར་སོང་བ་ཡིན་ལ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ནས་མི་ལོ་ཧྲིལ་པོ་བརྒྱ་ཐམ་པ་འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན། དགུང་ལོ་བརྒྱ་ཡི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་འབུར་དུ་ཐོན་པ་བཞག་ཡོད་པ་ནི་རིན་པོ་ཆེ་མཆོག་གི་མཛད་རྣམ་རྒྱས་པ་ལས་གསལ་བས་འདི་བགོད་པར་མི་བྱ། ལྷག་པར་དུ་སྐྱབས་རྗེ་མཆོག་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་༧གདན་ས་བཀྲ་ཤིས་སྨན་རི་དགོན་གྱི་དཔོན་སློབ་རིན་པོ་ཆེའི་གསེར་ཁྲིར་མངའ་གསོལ་ཞུས་ནས་སློབ་དཔོན་ཁྲི་ཐོག་གཉིས་པའི་མཛད་འགན་བཞེས་པ་ནས་བཟུང། བཤད་སྒྲུབ་འདུས་པའི་སྡེ་རྣམས་སུ་འཆད་ཉན་གྱི་ཐུགས་འགན་ཡོངས་སུ་རྫོགས་པ་བཞེས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་རྒྱ་ཆེ་གནང་ཡོད། འཕགས་ཡུལ་དུ་བོན་གཞིས་ཐོབ་རྒྱལ་གསར་པ་གསར་བསྐྲུན་མཛད་ཅིང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་སོ་བཞི་པ་རིན་པོ་ཆེ་རྣམ་གཉིས་རྒྱལ་བ་མཉམ་མེད་པའི་གསེར་ཁྲིར་མངའ་གསོལ་ཞུས་གནང་ཡོད། ༧མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་བྱེས་ཀྱི་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ་ཅིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བསྐྲུན་པ་དང་། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པ་ཕྱག་བཏབ་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭ་དང་སྒྲུབ་གྲྭ་གཉིས། གསོ་རིག་འབུམ་བཞིའི་སློབ་གྲྭ་དང་གཞི་རིམ་སློབ་གྲྭ་སོགས་གསར་དུ་བསྐྲུན་ཡོད། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་འདུལ་བའི་མཁན་རིན་པོ་ཆེ་བཅས་ཁྲི་བཞེངས་མངའ་གསོལ་མཛད་ཡོད། ཕ་རན་སུ་ལ་གཤེན་བསྟན་དར་གླིང་གི་དགོན་སྡེ་གསར་དུ་བཏབ་ཅིང་སྒོམ་གྲྭའི་སྡེ་བཙུགས་པ་མ་ཟད་ཕྱི་རྒྱའི་ཡུལ་གྲུ་ཁག་ལ་ཆོས་ཚོགས་དུ་མ་གསར་དུ་བཙུག་ཡོད། མདོར་ན་མིང་ཙམ་མ་ཡིན་པར་དོན་དངོས་ཀྱི་ཐོག་ནས་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དང་། ཁོང་གི་ཐུགས་རྒྱུད་ལ་མངའ་བའི་ཡོན་ཏན་ཐམས་ཅད་སློབ་མ་ཚོ་དང་རྗེས་འཇུག་བུ་སློབ་རྣམས་ཀྱི་རྒྱུད་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་ཡོད། གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པ་རྒྱལ་བ་མཉམ་མེད་ཆེན་པོའི་རིང་ལུགས་འཁྲུལ་པ་མེད་པ་དེ་རྒྱུན་སྐྱོང་གནང་ཞིང་རྗེས་འཇུག་སློབ་ཚོགས་གྲངས་ལས་འདས་པ་བསྐྱངས་མཛད་ཡོད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་ཐོན་པའི་བླ་མ་དང་དགེ་བཤེས། སློབ་དཔོན། དགེ་རྒན་རྣམས་ད་ལྟའི་ཆར་འཛམ་བུ་གླིང་གང་སར་ཕེབས་ནས་ཕྱག་ལས་གནང་བཞིན་ཡོད། གཞན་ཡང་སངས་རྒྱས་ཀྱི་བསྟན་པའི་གསལ་བྱེད་དང་། ཕྱི་རབས་སྐལ་བཟང་གི་འགྲོ་བ་ཡོངས་ཀྱི་དོན་ཆེད་དུ། ྋསྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསང་གསུམ་གྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཁོངས་ནས་རྩོམ་པ་བོན་གྱི་འཁོར་ལོ་སྟེ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་བཀའ་ཚད་མ་དང༌། སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱིས་གསུངས་པའི་ལུང་ཚད་མ་དེ་དག་གི་ཚིག་དོན་གང་ཐད་ནས་དཔྱད་པ་གསུམ་གྱིས་དག་ཐེར་ཡང་ཡང་མཛད་པ་དང༌། དཔྱད་དོན་རྒྱུད་ཐོག་ལ་བཀལ་བའི་དགོངས་རྟོགས་རྣམ་པར་དག་པ་སྟེ། ཚད་མ་གསུམ་གྱི་བྲེ་སྲང་ལས་བཤར་བའི་ལེགས་བཤད་བདུད་རྩི་འདྲ་བ་གསུང་པོད་གྲངས་ཉེར་གཉིས་ཀྱི་བདག་ཉིད་ཅན་རྗེས་བཞག་མཛད་པ་ནི་མ་འོངས་སྐལ་བཟང་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་ཆེ་བ་ལགས་སོ། །མདོར་ན་བསྟན་པ་ཉག་ཕྲ་བ་ཆད་ལ་ཁད་ནས་མཐུད། འགྱེལ་ལ་ཁད་ནས་སློང་བའི་ཆེས་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་གནང་ནས་དགུང་གྲངས་བརྒྱར་ཕེབས་ཡོད་པ་དང་། དེ་བཞིན་དུ་ད་ལན་༧སྐྱབས་རྗེ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་དུས་ཚིགས་ཁྱད་པར་ཅན་དང་འབྲེལ། འདི་ག་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་༧སྐྱབས་རྗེ་མཆོག་གི་རྨད་དུ་བྱུང་བའི་བསྟན་འགྲོའི་མཛད་པར་བཀའ་དྲིན་མཚོན་ཆེད་དང་། སླད་མར་ཡང་ཞབས་པད་ཡུན་དུ་བརྟན་ཅིང་བདག་སོགས་འགྲོ་རྣམས་ཐུགས་བརྩེས་རྗེས་སུ་བཟུང་བར་གསོལ་འདེབས་ཆེད་ཕྱི་ཟླ་༢པོའི་ཚེས་༡ནས་ཚེས་༤ ཡི་བར་ཉིན་བཞི་ཡི་རིང་ལ་གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་དང་གདན་ས་སོ་སོ་ཁག་ནས་ཕེབས་པའི་བླ་གྲྭ་རྣམ་པ་དང་བོད་དང་ཕྱི་རྒྱ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་མང་ཚོགས་བཅས་ནས་སྐྱབས་རྗེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གྱི་ཆེད་དུ་བླ་ཆེན་དྲན་པའི་ཚེ་སྒྲུབ་ཀྱི་གཞུང་སྲུང་ནས་ཚོགས་འཁོར་དང་ཚེ་བསྙེན་བསགས་ཤིང་ཞབས་རིམ་བསྒྲུབ་ཡོད། གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་གསར་པའི་ནང་དུ་༧མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་རྣམ་གསུམ་གོང་བཞུགས་ཐོག་ཚོགས་ཁང་གསར་པར་མངའ་དབུལ་རབ་གནས་ཟབ་རྒྱས་ངང་ཚོགས་ཤིང་ཚེས་༥ཉིན་༧སྐྱབས་རྗེ་མཆོག་གིས་མ་འོངས་བསྟན་འགྲོའི་དོན་དུ་རྗེས་བཞག་གནང་བའི་ཕྱི་ནང་གསང་བའི་འཕྲིན་ལས་ཀྱི་ཆ་ཤས་ཏེ། ཉེ་ལམ་གསར་དུ་བཞེངས་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གི་དབུ་འབྱེད་ཀྱི་མཛད་སྒོ་སྤེལ་ཡོད། ཕྱི་ཟླ་༢པའི་ཚེས་༦ཉིན་སྔ་དྲོ་ཆུ་ཚོད་བརྒྱད་དང་སྐར་མ་བཅུ་པའི་ཐོག་བླ་གྲྭ་མི་མང་ཀུན་གཙུག་ལག་ཁང་དུ་འདུ་འཛོམས་གནང་ནས་<<ཤེས་རབ་སྨྲ་བའི་སེང་གེའི་སྒོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་བའི་ལག་ལེན་>>ལྟར་བརྟན་བཞུགས་ཀྱི་ཆོ་གའི་གཞུང་བསྲང་སྟེ་ཚོགས་དང་བཅས་མཇུག་གྲུབ་རྗེས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། གསོལ་ཇའི་རིང་། འདུལ་བའི་མཁན་པོ་དགེ་བཤེས་བསམ་གཏན་གཙུག་ཕུད་དང་། Charles Ramble རྣམ་གཉིས་ཀྱིས། དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྜལ་ཞེས་པའི་དཔེ་དེབ་དང་། བརྒྱ་སྟོན་ཤིས་རྩོམ་ཕྱོགས་བསྒྲིགས་ཀྱི་Celebrating 100 Years of Wisdom: Honouring His Eminence Yongdzin Lopon Tenzin Namdak Rinpoche’s 100th Birthday ཞེས་པ་བཅས་དཔེ་དེབ་གསུམ་སྤྱན་འབུལ་གྱིས་དབུ་འབྱེད་གནང་། གྲྭ་ཚང་གཉེར་པ་ལགས་ནས་སྐྱབས་ཐོ་སྙན་སྒྲོན་ཞུས། གསོལ་ཇའི་རྗེས་༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསོལ་འདེབས་རྒྱས་པ་ཚར་གཅིག་དང་གསོལ་འདེབས་བསྡུས་པ་ཚར་གསུམ་དབྱངས་སུ་གྱེར། དེ་ནས་སྨོན་ལམ་གསུང་ནས་ཚོགས་གྲོལ། དེ་མཚམས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དུང་རྒྱ་སྤོས་སྣེས་དྲངས་ཏེ་ཚོགས་ཁང་དུ་གདན་འདྲེན་ཞུས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་མཚམས་སྨན་རི་བླ་བྲང་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ། དེ་ནས་ཁྲི་བརྟན་ནོར་བུ་རྩེ་བླ་བྲང་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ། ནཱ་གཱ་རྫུན་ན་གར་པཱ་ལི་ཀ (Nagarjun Nagarpalika, Kathmandu) གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་ནས་མནྜལ་སྐུ་གསུང་ཐུགས་རྟེན་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འབུལ། ཤེལ་ཕུ་སུམ་མདོ་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་ (Shey-Phoksundo Rural Municipality, Dolpa) ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འབུལ། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་སོགས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་མཁན་ཧ་ཅང་མང་པོ་བྱུང་སོང། དེ་ནས་རིམ་བཞིན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ། ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་མཁན་རིན་པོ་ཆེ། སྨན་རི་གྲྭ་ཚང་འདུས་སྤྱི། ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་འདུས་སྤྱི། བོད་ཀྱི་བོན་པོ་ཚོགས་པ། བོན་པོ་ཚོགས་པ་དང་གཞན་དགོན་སྡེ་ཁག་དང་ཆོས་ཚོགས་ཁག་དང་ཚོགས་སྡེ་ཁག་བཅས་ནས་མཎྜལ་རྟེན་གསུང་ཐུགས་རྟེན་འབུལ་བ་དང་དེ་ནས་མི་མང་ཀུན་ནས་མཎྜལ་རྟེན་དོད་དང་མཇལ་དར་འབུལ་ནས་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཅོ་ལྔའི་བར་དུ་༧ རྗེ་བླ་མ་སྐུ་དངོས་སུ་མཇའ་ཁ་ཞུ་བའི་སྐལ་པ་བྱུང་། དེ་ནས་རྗེ་བླ་མ་རིན་པོ་ཆེ་མཆོག་བླ་བྲང་དུ་གདན་འདྲེན་ཞུས།

ཚོགས་གུར་ཆེན་མོའི་ནང་གི་མཛད་སྒོ།

ཆུ་ཚོད་དང་པོ་ཙམ་གྱི་ཐོག་འདུས་མང་ཀུན་དམིགས་བསལ་གོ་སྒྲིག་ཞུས་པའི་ཚོགས་གུར་ཆེན་མོའི་ནང་འདུ་འཛོམས་གནང་ཞིང། དེ་ཡང་མཛད་སྒོའི་ཆེད་དུ་ཕེབས་པའི་རྒྱལ་ཕྱི་ནང་ཁག་གི་སྐུ་འགྲོན་ཏེ། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཚབ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེ་ཡང་སྟོན་འཕྲན་ལས་ཉི་མ་མཆོག་དང་། ༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། ༧ སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང། དེ་བཞིན་དུ་༧ སྐྱབས་རྗེ་་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་། དཔལ་གཤེན་བསྟན་སྨན་རི་གླིང་གི་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས། ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་སློབ་རྣམས་པ་གཉིས། སྨན་རིའི་བཤད་སྒྲུབ་འདུས་སྡེ། སྨན་རིའི་གྲྭ་ཚང་གི་གཉེར་པ་དང་། དཔེ་མཛོད་འགན་འཛིན། བཙུན་དགོན་རད་ཎ་སྨན་གླིང་གི་མཙུན་པ་རྣམ་པ། གཡུང་དྲུང་བོན་གྱི་དྲ་རྒྱའི་གསར་འགོད་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་མཆོག བལ་ཡུལ་སྐུ་ཚབ་དོན་གཅོད་མཆོག ཧི་མ་ལའི་ཞང་ཞུང་རྫོགས་ཆེན་གླིང་གི་མཁན་པོ་ཨ་དཀར་བ་རིན་པོ་ཆེ་སློབ་འཁོར་དང་། ཁྱུང་འཁོར་སྤྲུལ་སྐུ་བསོད་ནམས་ཉི་མ་རིན་པོ་ཆེ་སློབ་འཁོར་དང། མཁའ་འགྲོ་གཡུང་དྲུང་ལྷ་མཆོག ཤེས་རིག་ཕུན་ཚོགས་གླིང་དང་གངས་ཅན་ཏི་སེ་རྒྱལ་སྤྱི་སློབ་གྲྭའི་དགེ་སློབ། འོམ་ལྷའི་བོན་རིག་གཞུང་ཚོགས་པ། ཕ་རན་སུ་གནས་གཞི་བྱེད་པའི་༧ རྗེ་བླ་མའི་གདན་ས་བཞི་པ་གཤེན་བསྟན་དར་རྒྱས་གླིང་གི་བླ་སློབ་རྣམ་པ། ཡེ་ཤེས་གསལ་གླིང་དང་རྒྱལ་སྤྱི་ལིན་མིན་རྐྱ་བོན་ཚོགས། ཤེས་རབ་བྱམས་མ་གླིང་། ཨུ་རུ་སུ་རྒྱལ་སྤྱི་བོན་ཚོགས། རྒྱལ་གཤེན་བོན་སྒྲ། རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་། ཡང་དགོན་དགེ་ལྡན་ཕུན་ཚོགས་གླིང་རྡོར་སྤར་ཏྲེན་བཀྲ་ཤིས་དགེ་རྒྱས་མཐའ་རྒྱས་མཐའ་གླིང་བོན་དགོན། འབྲས་ལྗོངས་གཡུང་དྲུང་ཀུན་གྲགས་གླིང་། སོག་གཡུང་དྲུང་གླིང་སོགས་ཀྱི་བླ་སློབ་རྣམ་པ། ནེ་དཔལ་ཡོལ་མོ་བོན་ཚོགས། ཕྱྭ་་སྲས་ཏ་པི་ཧྲི་ཙ་འབྲིང་རིམ་སློབ་གྲྭ། གཤེན་བསྟན་མཐའ་རྒྱས་གླིང་དགོན་པ་དང། དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་སློབ་གླིང་། སྤུད་མོ་དགོན་པ་དང་རྣམ་རྒྱལ་ལྷ་ཁང་དགོན་ཐེག་ཆེན་དར་རྒྱས་གླིང་ཤེལ་ཕུ་གསུམ་མདོ་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་བླ་སློབ་རྣམ་པ། ཞུ་རུ་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་བླ་སློབ་རྣམ་པ། ཝ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ་དང༌། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། གང་ཞུས་ལྟར་བལ་ཡུལ་རྒྱལ་ཁོངས་སུ་གནས་པའི་བོན་གྱི་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་དང༌། སློབ་གྲྭ་ཁག ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང༌། དེར་མཚུངས་ཨ་རི་དང༌། ཡོ་རོབ། རྒྱ་པན། རྒྱ་ནག རྒྱ་གར་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་བཞི་བཅུ་ལས་བརྒལ་བ་ནས་ཕེབས་པའི་བླ་སློབ་དད་འབངས་སེར་སྐྱ་མི་མང་ལྷན་རྒྱས་མཛད་སྒོའི་ཚོམས་ཆེན་དུ་འདུ་འཛོམ་གནང་ཞིང་བཞུགས་གྲལ་དུ་འཁོད་པ་དང༌།

མཛད་རིམ་ངོ་སྤྲོད་གནང་། དེ་ནས་རིག་གཞུང་འཁྲབ་སྟོན་དང་མཁས་དབང་གཙུག་ཏོར་རྒྱལ་ནས་སྙན་ངག་གྱེར་འདོན་གནང་། ཉིན་གུང་བཞེས་ལག་རྗེས།ཆུ་ཚོད་དང་པོ་དང་ཕྱེད་ནས་༧ དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་མཛད་སྒོའི་ངོ་སྤྲོད་དང་འབྲེལ་བའི་རྗེ་བླ་མ་རྣམ་ཐར་གལ་ཆེན་གསུང་བཤད་གནང་།ཁྲི་བརྟན་ནོར་བུ་རྩེ་དགེ་རྩ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་བལ་སྐད་ཐོག་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། དེ་མཚམས་<<དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྜལ >>ཞེས་པའི་དཔེ་དེབ་དང་། <<བརྒྱ་སྟོན་ཤིས་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་>>གཉིས་མཛད་སྒོའི་སྐུ་་འགྲོན་གཙོ་གྲས་རྣམས་ལ་པར་ཕུད་ཕུལ། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས། དབྱིན་སྐད་ཐོག་ནས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་གསུང་བཤད་བཀའ་དྲིན་ཟབ་རྒྱས་གནང་།

དེ་ནས་གཞས་པ་གྲགས་ཅན་བསོད་ནམས་སྟོབས་ལྡན་ནས་བརྒྱ་སྟོན་ལ་ཕུལ་བའི་མཆོད་དབྱངས་ཞེས་པའི་གཞས་སྙན་པོ་ཞིག་གཟིགས་འབུལ་ཞུས།དེ་ནས་བལ་གཞུང་ལུམ་བི་ནི་ཡར་རྒྱས་ཚོགས་པའི་ཚོགས་གཙོ་གཞན་པ་མཁན་པོ་འཆི་མེད་ཚེ་རིང་ནས་གསུང་བཤད་གནང་། གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ནས་འཁྲབ་གཞས་གནང་། དེ་ནས་དཔོན་སློབ་འཔྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་དང་གསུང་བཤད་གནང་ཞིང་བླ་ཁྲི་མཁན་རིན་པོ་ཆེ་ནས་དབྱིན་སྐད་དུ་བསྒྱུར། དེ་ནས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་མཆོག་ནས་བཀའ་སློབ་གནང་།དེ་ནས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་༧ གོང་ས་སྐྱབས་མགོན་རིན་པོ་ཆེས་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་། དེ་ནས་རྐང་རྩེད་པོ་ལོ་རུ་ཁག་ལ་བྱ་དགའ་དང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ལོ་དུ་མའི་རིང་མ་ཆད་པ་རྣམས་དང་དམིགས་བསལ་ངག་རྒྱུགས་ཕུལ་མཁན་རྣམས་ལ་བྱ་དགའ་གནང་།

༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ལེགས་གསོལ་དང་གསུང་བཤད་གནང་། སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས་ནས་(ལུང་བཟང་ཡར་ལ་གྲོང་གཅིག་འདུག ཡར་འགྲོ་ཅན་གྱི་གྲོང་ཚོ་རེད)ཅེས་པའི་ཁྲབ་གཞས་གནང་། བལ་ཡུལ་རྒྱལ་ཡོངས་གཞས་མ་གྲགས་ཅན་<<Milena Rai>>ནས་བལ་གཞས་བླངས། ཁྱུང་པོ་ཚེ་རྡོ་དང་བསྟན་འཛིན་མ་རི་ཀ་གཉིས་ནས་སྒོར་གཞས་འཁྲབ། དེ་ནས་ཡང་མི་མང་གི་རེ་བསྐུལ་ལྟར་བལ་ཡུལ་རྒྱལ་ཡོངས་གཞས་མ་གྲགས་ཅན་<<Milena Rai>>ནས་མོ་རང་གི་གཞས་སྐད་གྲགས་ཆེ་ཤོས་བལ་གཞས་ Milena Rai: – Song name kutu ma Kutu Gojima daam staina གཉིས་བླངས།༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བརྒྱ་སྟོན་མཛད་སྒོའི་སྐབས་གཞས་གླུ་བྲོ་གསུམ་གྱི་མཛམ་རིམ་དྲུག་ཅུ་ལྷ་ཙམ་ཡོད་ཀྱང་དུས་ཚོད་ཀྱི་དབང་གིས་ཚང་མ་སྤྱན་འབུལ་ཞུས་ཐུབ་མེད། དགོང་དྲོ་ཆུ་ཚོད་༥ པའི་ཐོག་དགོང་མོའི་བཞེས་ལག་བཞེས། དེ་རྗེས་ཆུ་ཚོད་༦།༣༠ ཙམ་གྱི་ཐོག་༧སྐྱབས་རྗེ་ཡོངརིན་པོ་ཆེའི་རྣམ་ཐར ༼དཔོན་གས་བླ་མ་༽ཞེས་པའི་གློག་བརྙན་དབྱིན་སྐད་ཅན་གཟིགས་འབུལ་ཞུས། མདོར་ན་རྗེ་བླ་མའི་དགུང་ལོ་བརྒྱ་ཕེབས་པའི་བརྒྱ་སྟོན་གྱི་མཛད་སྒོ་ནི་བཀྲ་ཤིས་ལ་བྱིན་ཆེ་བའི་དགའ་དད་སྤྲོ་གསུམ་གྱི་ངང་ནས་གྲ་འགྲིགས་པོ་དང་། ཕུན་སུམ་ཚོགས་པ། ཁ་དགེ་བ། འགོ་བཀྲ་ཤིས་པ་དང་མཇུག་དོན་འགྲུབ་པའི་མཛད་སྒོ་གཞི་རྒྱ་ཆེན་པོ་ཞིག་བསྐྱངས་ཐུབ་པ་བྱུང་ཡོད་པ་བཅས་ཀྱི་གནད་བསྡུས་སུ་མེ་ལོང་ཡེ་ཤེས་དྲྭ་བའི་གཙོ་སྒྲུབ་ལས་༢༠༢༥ ༠༢ ༠༦ ཉིན་སྤེལ། པར་པ་ཁྱུང་ཐོག་རྒོད།

 

(སྤྱིའི་གཟིགས་གྲངས། 828 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མི་ལོ་ཉེར་…
error: རྩོམ་འདི་བདག་དབང་ཅན་ཡིན།