ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ལྕགས་བྱི་ལོའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་གནས་བསྡུས།

གནས་ཚུལ་མཁོ་འདོན་པ། གཞི་རིམ་སློབ་གྲྭའི་འགན་འཛིན་དགེ་བཤེས་ཤེས་རབ་མཐར་ཕྱིན།

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སློབ་གྲྭ་ནི་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་༢༠༡༢ལོར་གསར་འཛུགས་གནང་བའི་བོད་ཀྱི་ཡི་གེ་འབྲི་ཀློག་ནས་བཟུང་གནའ་བོའི་བོན་ཀྱི་ཆོས་དང་རིག་གཞུང་།  བོད་ཀྱི་སྐད་ཡིག  དེ་འབྲེལ་བོད་དང་ཧི་མ་ལ་ཡི་སྲོལ་རྒྱུན་གྱི་རིག་གནས་དང་། དེང་དུས་ཀྱི་ཤེས་ཡོན་སོགས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་འཐུས་སྒོ་ཚང་བའི་བོན་གྱི་སློབ་གྲྭ་ཞིག་ཡིན། བོད་ཀྱི་སྐད་ཡིག་གི་གནས་ཚད་གང་འཚམ་ལོན་རྗེས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ཁང་སློབ་གཉེར་ཁང་དུ་སྒྲིག་ཞུགས་བྱེད་མུས་ཡིན་པ་དང། ད་ལྟའི་ཆར་འཛིན་གྲྭ་དང་པོ་ནས་བཞི་པའི་བར་ཡོད། སློབ་ཚན་ཀྱང་བོད་ཡིག   དབྱིན་ཇིའི།   ནེ་པཱལ།  སྤྱི་ཚོགས་རིག་གནས། དེ་བཞིན་ཡིག་གཟུགས།  རི་མོ་སོགས་བསླབ་ཀྱིན་ཡོད། ལོ་འཁོར་རེ་ལ་རྒྱུགས་སྤྲོད་ཐེངས་གཉིས་རེ་བཏང་དང་གཏོང་མུས་ཡིན་ལ།  ཡིག་རྒྱུགས་ཀྱི་སྐབས་བརྒྱ་ཆ་མཐོ་ཤོས་ལོན་མཁན་རྣམས་ལ་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་མཇུག་སྡོམ་ཚོགས་འདུ་སྐབས་བྱ་དགའ་གནང་གི་ཡོད། འདི་ལོར་གཞི་རིམ་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམ་པས་ཟླ་ཤས་སྔོན་ནས་སློབ་ཕྲུག་རྣམས་ལ་དམིགས་བསལ་སློབ་སྦྱོང་ལ་སྐུལ་འདེད་དང་རྒྱུགས་སྤྲོད་སྐབས་དྲི་བར་ལན་འདེབས་བྱེད་སྟངས། ཉིན་རེའི་སློབ་ཚན་དང་འབྲེལ་བའི་དྲི་བ་དྲིས་ལན། བདུན་ཕྲག་རེ་ལ་འཛིན་གྲྭ་རེ་རེ་བཞིན་ཚོད་ལྟའི་རྒྱུགས་སྤྲོད་བྱས་པ་སོགས་ཡིག་རྒྱུགས་ཀྱི་སྟ་གོན་དགེ་སློབ་གཉིས་ཀ་ནས་འབད་འབུང་ཆེར་སྐྱེད་གནང་སྟེ། ཕྱི་ལོ་༢༠༢༡ལོའི་ཟླ་བ་༡ཚེས་༢༥དང་། བོད་ཟླ་༡༢ཚེས་༡༢ཉིན་དངོས་གཞིའི་རྒྱུགས་སྤྲོད་འགོ་བརྩམས་ཏེ་ཉིན་དང་པོར་སྔ་དྲོའི་ཕྱག་ཚོད་༨:༣༠ནས་དགེ་སློབ་རྣམ་པ་རྒྱུགས་སྤྲོད་ར་བར་འདུ་འཛོམས་ཐོག་ཕྱག་ཚོད་གསུམ་ཀྱི་རིང་ལ་བོད་ཡིག་བྲིས་རྒྱུགས།    ཉིན་རྒྱབ་ཕྱག་ཚོད༡:༣༠ནས་ཡིག་གཟུགས་དང་རི་མོའི་དགེ་རྒན་གྱིས་སློབ་སྟོན་འོག་འཛིན་གྲྭ་བཞི་པས་འབྲུ་ཚ་དང་། སློབ་ཕྲུག་གཞན་རྣམས་ཀྱིས་ཡིག་དཀར་གྱི་བྲིས་གཟུགས་འགྲན་སྡུར་གནང་བ་དང་། ཕྱི་དྲོའི་ཕྱག་ཚོད་༣:༣༠ནས་འཛིན་གྲྭ་བཞི་པས་བོད་ཡིག་པོད་བྲིས་བཏང་། ཉིན་གཉིས་པ། ཕྱི་ཚེས་༢༦དང་། བོད་ཚེས་༡༣་ཉིན་སྔ་དྲོ་ཕྱག་ཚོད་༨ཐོག་བོད་ཡིག་ཀློག་འདོན་རྒྱུགས་སྤྲོད་ཏེ་འཛིན་གྲྭ་གོང་རིམ་བཞིན་རྒྱན་ཤོག་འཐེན་ནས་སློབ་ཕྲུག་རེས་སྐར་ཆ་གསུམ་རིང་ཡི་གེ་ཀློག་འདོན་བྱས་ཏེ་དགེ་རྒན་དང་ཟུར་དཔང་རྣམ་པས་སྒྲ་དག་ཚིག་གསལ་རྫུན་ཚིག་ཡོད་མེད་ལ་གཞིགས་ཏེ་བརྒྱ་ཆ་སྤྲད་ཡོད་པ་དང་།ཕྱི་དྲོ་༡:༣༠་ཐོག་འཛིན་གྲྭ་དང་པོ་ལ་ནེ་པཱལ་དང་།གཞན་རྣམས་དབྱིན་ཇིའི་རྒྱུགས་སྤྲོད་ཡིན།  ཉིན་གསུམ་པ།  ཕྱི་ཚེས་༢༧དང་བོད་ཚེས་༡༤ཉིན་སྔ་དྲོ་ཕྱག་ཚོད་༨ཐོག་བོད་སྐད་ཡར་སྐུལ་གཏམ་བཤད་འགྲན་སྡུར་བྱས་ཤིང་།  འཛིན་གྲྭ་བཞི་པ་དང་།  གསུམ་པ། གཉིས་པ་གསུམ་ནས་སྟོན་པའི་མཛད་ཆེན་བཅུ་གཉིས།  བླ་ཆེན་དྲན་པ་ནམ་མཁའི་མཛད་རྣམ།  གནས་ཆེན་ཀོང་པོ་བོན་རི།  གདུང་སོབ་མུ་ཆོ་ལྡེམ་དྲུག།  ཁོར་ཡུག་སྐོར།  འཕྲོད་བསྟེན།  བལ་ཡུལ་མཆོད་རྟེན་རྣམ་གསུམ།  རླུང་རྟའི་སྐོར། སྒྲུང་གཏམ་སོགས་སློབ་དེབ་དུ་འཁོད་པ་དང། དགེ་རྒན་གྱིས་ལམ་སྟོན་ཇི་ལྟར་གནང་བ་གཞིར་བཟུང་ཐོག་བརྗོད་བྱ་སྣ་ཚོགས་ཀྱི་སྒོ་ནས་གཏམ་བཤད་དང་།  འཛིན་གྲྭ་དང་པོས་ཉིན་རེའི་འཛིན་རིམ་འགྲོ་སྟངས་སྐོར་དྲི་བ་དྲིས་ལན་བྱས། ཉིན་རྒྱབ་༡:༣༠་ནས་དབྱིན་ཇིའི་པོད་བྲིས་གནང་སྟེ་བོད་ལྕགས་བྱི་ལོའི་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཁ་དགེ་བཀྲ་ཤིས་ངང་མཇུག་ལེགས་པར་གྲུབ་པ་བཅས་སོ། །

གཞི་རིམ་སློབ་གྲྭའི་འགན་འཛིན་ནས་༢༠༢༡ ༡ ༢༧ཉིན།

 པར་པ་ཁྱུང་ཐོག་རྒོད། 

(སྤྱིའི་གཟིགས་གྲངས། 537 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
THE LIFE O…
error: རྩོམ་འདི་བདག་དབང་ཅན་ཡིན།