ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༄༅། སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་དང་ས་ལམ་གྱི་རིམ་པ།

རྩོམ་པ་པོ་སྐྱ་ཀ་ཁྲ་བོ།

<<འདིར་སྟོན་པ་སངས་རྒྱས་ཉིད་ལུས་རྟེན་གང་གི་ཐོག་ལམ་གྱི་རིམ་པ་གང་ཐོབ་པའི་ཚུལ་རང་ལུགས་མཁས་པའི་འགྲེལ་ཚུལ་དང་། དེ་དག་གི་རྒྱབ་ལྗོངས་ལུང་ཇི་ལྟར་གསལ་བ་སོགས་ཅུང་ཟད་ཙམ་དུ་ཟུར་འགོད་ཞུས་པ་ཡིན་ནོ།>>

མཛད་མདོར་འ་ཞ་གསང་བ་མདོ་བསྡུས་ཀྱིས་སྟོན་པ་མཆོག་ལ་བསྟོད་པ་ཕུལ་བ་ལས།

གཤེན་རབ་སྤང་རྟོགས་མཐར་ཕྱིན་བདེ་བར་གཤེགས། །

གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱངས། །

འོག་མིན་གནས་སུ་མངོན་པར་སངས་རྒྱས་ནས། །

འགྲོ་ལ་རྣམ་བརྩེ་རྒྱལ་བའི་མི་ལུས་བཞེས། །

              རྣམ་པར་བཞེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་ལྟར།

སྟོན་པ་མཆོག་ནི་བསླབ་པ་ལམ་གྱི་སྐབས་སུ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་ཏེ་མཐར་མངོན་པར་རྫོགས་པའི་སངས་རྒྱས་པ་དང་། དེ་ནས་སླར་གདུལ་བྱ་གཞན་དོན་དུ་འགྲོ་བ་ཐུན་མོང་གི་སྣང་ངོར་སངས་རྒྱས་མི་ཡི་ཚུལ་བཟུང་སྟེ་སྤྲུལ་པའི་སྐུ་རུ་སྐྱེ་བ་བཞེས་པ་ལགས་ཤིང་། དེ་ཡང་འདིར་ཚོགས་བསགས་སྒྲིབ་པ་སྦྱངས་པའི་མཐར་འོག་མིན་དུ་སྐྱེ་བ་བཞེས་ནས་རྟེན་མཆོག་དེར་སངས་མངོན་དུ་རྒྱས་པ་གསལ་བར་གསུངས་སོ། །

ཀུན་མཁྱེན་ཤར་རྫ་པས། ཐེག་པ་ཆེན་པོས་ནི་འོལ་མོའི་གླིང་དུ་སངས་རྒྱས་པ་ནི་ལྟར་སྣང་ཙམ་ལས། དོན་དུ་སྟོན་པ་བསོད་ནམས་དབང་ལས་སེམས་བསྐྱེད་ཀྱི་སྡོམ་པ་བླང་པར་བཤད་པ་ནས་བཟུང་སྟེ། བར་དུ་འོག་ཕྱོགས་རྩོད་པ་ཅན་མུ་ལ་འགྲམ་དུ་ཤེས་རབ་ལྡན་འཁྲུངས་དུས་ཚོགས་ཀྱི་ལྷག་མ་བསྡུས་པར་བཤད་པའི་བར་དུ་གྲངས་མེད་གསུམ་ཕལ་ཆེར་རྫོགས་ནས། །ཞེས་སྟོན་པ་བསོད་ནམས་དབང་ལྡན་གྱི་དྲུང་དུ་སྐྱེ་བ་བཞེས་པ་ནས་རྒྱལ་བུ་ཤེས་རབ་ལྡན་དུ་སྐྱེ་བ་བཞེས་པའི་བར་དུ་དང་། དེ་བཞིན་དུ་ཡང་དེ་ཉིད་ལས། སྐྱེ་བ་དེའི་མཐར་སྲིད་པ་ཡེ་སངས་ཀྱི་གནས་སུ་སྐུ་འཁྲུངས་ནས་ཁྱེའུ་གསལ་བར་གྱུར་པའི་ཚེ། སེམས་བསྐྱེད་གཏོ་རྗེ་སློབ་དཔོན་དང་འོག་མིན་གྱི་གནས་སུ་ཡེ་ཤེས་ཀྱི་ལྷ་ལས་གཡུང་དྲུང་གི་བོན་ཉན་པས་ཤེས་སྒྲིབ་ཀྱི་བོན་མ་ལུས་པ་སྤངས་ནས་ཐོག་མེད་དུ་སྤྲུལ་པའི་སྐུར་མངོན་པར་སངས་རྒྱས་པར་འདོད་དེ། ཞེས་མཐར་ཁྱེའུ་གསལ་བའི་སྐྱེ་བ་བཞེས་པའི་འོག་མིན་གྱི་རྟེན་དེར་མངོན་པར་རྫོགས་པའི་སངས་རྒྱས་པར་གསུངས་པ་བཞིན་དུ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེ་ཉིད་ཀྱིས་སྐྱེ་བ་དུ་མར་རྟེན་བརྗེས་ནས་ས་དང་ལམ་གྱི་རིམ་པ་ཇི་ལྟར་བགྲོད་ཚུལ་ཞིག་ཟུར་དུ་འགོད་ཙམ་བྱ་བར་འདོད་དོ། །

<<ཐེག་པ་ཆེན་པོའི་སེམས་བསྐྱེད་རྒྱུད་ལ་ཐོག་མར་འཁྲུངས་ཚུལ།>>

སྟོན་པ་ཉིད་བསྐལ་པ་འདི་ཡི་གོང་མའི་གོང་མ་ན་སྐུ་སྐྱེ་གང་ཞིག་གི་རྟེན་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་རྒྱུད་ལ་འཁྲུངས་པ་སྟེ། བླ་ཆེན་དྲན་པས་མཛད་པའི་དྲང་དོན་མུན་སེལ་སྒྲོན་མའི་འགྲེལ་ལས། དེ་ལ་དང་པོ་དཀའ་བ་ནི། སྤྲུལ་པའི་སྐུ་གཤེན་རབ་ཉིད་ཀྱིས་བསྐལ་པ་གོང་མའི་གོང་མ་ནས། སེམས་བསྐྱེད་ཚོགས་བསགས་སྒྲིབ་པ་སྦྱངས་ཏེ། ཞེས་གསུངས། དེ་ཡང་སྐབས་དེར་སྟོན་པ་བསོད་ནམས་དབང་ལྡན་དང་མཇལ་ཏེ་དེའི་དྲུང་ནས་སེམས་བསྐྱེད་ཀྱི་སྡོམ་པ་མནོས་ཤིང་། རྟེན་དེར་ཐེག་པ་ཆེན་པོའི་སེམས་བསྐྱེད་ཐོག་མར་རྒྱུད་ལ་འཁྲུངས་པར་མ་ཟད་གཞན་ཕན་གྱི་སྨོན་དང་འཇུག་གི་སེམས་རིམ་པར་བསྐྱེད་པ་ཡིན།

དེ་ལྟར་ཡང་མདོ་གཟེར་མིག་ལས།

བདག་ཀྱང་སྐྱེ་བ་གྲངས་མེད་གང་ཟག་རིམ་པས་བརྒྱུད། །

བརྒྱུད་པའི་དུས་སུ་བསོད་ལྡན་སྟོབས་མཆོག་གིས། །

སྟོན་པ་བསོད་ནམས་དབང་གི་བསོད་ལྡན་ཚོགས་ཀྱི་ཞིང་ཁམས་དེ་རུ་བྱོན། །

དེ་ལ་སེམས་བསྐྱེད་དད་པའི་སྟོབས་དང་ལྡན། །

སྐྱེ་བ་གྲངས་མང་ཚོགས་ཀྱི་ལམ་ལ་བསགས། །

ཤེས་རབ་རྩལ་རྫོགས་ཐར་པ་མངོན་སངས་རྒྱས། །

རྒྱལ་བའི་སེམས་མཆོག་བསྐྱེད་པའི་དུས་དེ་རུ། །

བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ། །

གཞན་དག་སེམས་བསྐྱེད་འདྲེན་པའི་སྨོན་ལམ་བཏབ། །ཅེས་སོ། །

དེས་ན་འ་ཞ་གསང་བ་མདོ་བསྡུས་ཀྱིས་སྟོན་པར་བསྟོད་པ་ལས་ཀྱང་། སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། །ཅེས་ཕུལ་བ་ལ་ཀུན་མཁྱེན་ཤར་རྫ་པས་ཀྱང་། སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། །ཅེས་ཐུགས་བསྐྱེད་ཀྱི་ཐོག་མ་འདི་ཁོ་ནའོ། །ཞེས་ལེགས་བཤད་རིན་པོ་ཆེའི་མཛོད་ལས་གསུངས་སོ། །

<<ཚོགས་ཀྱི་ལམ་དུ་ཞུགས་ཚུལ།>>

ཁམས་འགྲེལ་ལས། དེ་ཡང་འ་ཞ་གསང་ཐུབ་དང་ཚུལ་ཁྲིམས་ལྷན་ཅིག་ཏུ་བསྲུང་བའི་ཚེ་ཚོགས་ལམ་ཆེན་པོ་ལ་གནས་པ་གསལ་ཏེ། ཞེས་གསུངས་ཤིང་། དེའི་དོན་ནི་མཛད་མདོ་གཟེར་མིག་ལས། གཤེན་རབ་ཀྱིས་ཞལ་ནས། ཁྱོད་དང་ང་གཉིས་སྔོན་གྱི་ལས་འཕྲོས་དུས་འདི་འཕྲད་པ་ཡིན། །ལས་འཕྲོ་དང་མཐུན་པས་ད་ནི་ཕྱིར་ལ་མ་ཕྱིན་ཏོ། །སྔོན་དང་པོ་འུ་བུ་གཉིས་ཚུལ་ཁྲིམས་ལྷན་ཅིག་ཏུ་བསྲུངས་བ་ལ། སྐབས་དེར་སློབ་དཔོན་གཞན་དག་ཅིག་ལ་ལུང་མནོས་ནས་ཞི་གནས་ལོ་གསུམ་བསྒོམས་པས། ཞིང་ཁམས་གཞན་དག་ཏུ་སྐྱེས་པའོ། །དེ་ནས་སླར་ཡང་བདག་དང་ཚུལ་ཁྲིམས་བསྲུངས་ནས་དགེ་བའི་རླབས་སྤྱད་པས། ད་ལྟ་བདག་དང་དུས་འདིར་འཕྲད་པའོ། །ཞེས་གསལ་ཡོད། དེ་ལ་དཔལ་ཆེན་པོས། སྐབས་དེར་སློབ་དཔོན་ནས་ལུང་མནོས་ཏེ་ཞི་གནས་སྒོམ་པར་གསལ་བ་དང་། ཚུལ་ཁྲིམས་སྲུང་ནས་དགེ་བའི་ཚོགས་ཀྱི་རླབས་བསྐྱེད་པར་གསལ་བ་ནི་རྟེན་དེར་ཚོགས་ལམ་དང་ཚོགས་ལམ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་ཐོབ་པའི་དོན་བསྟན་པར་བཞེད་པ་སྟེ། ཁམས་འགྲེལ་ལས། གཤེན་རབ་ཀྱིས་ཞི་གནས་ལྷག་མཐོང་ཟུང་འབྲེལ་གྱི་ཏིང་ངེ་འཛིན་བསྒོམ་པར་གསལ་ལ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་འབྱུང་བའི་རྒྱུ་ཡིན་པས་ཚོགས་ལམ་ཆེན་པོ་ཐོབ་པར་གསལ་ལོ། །ཡང་ན་ཚུལ་ཁྲིམས་དྲི་མས་མ་གོས་པ་ཁ་ན་མ་ཐོ་བ་ཐམས་ཅད་ཀྱང་བསྲུང་བས་ཚོགས་ལམ་ཆེན་པོ་ལ་གནས་པ་ཡིན་ཀྱང་གསུངས། །ཞེས་གསུངས་སོ། །

<<སྦྱོར་ལམ་མོས་པར་སྤྱོད་པའི་ལམ་དང་བོན་མཆོག་ཆེན་པོ་ཐོབ་ཚུལ།>>

ཁམས་འགྲེལ་ལས། ཡང་འོག་ཕྱོགས་རྩོད་པ་ཅན་མུ་དྲམ་<མུ་ལ་དྲམ>གྱི་འཇིག་རྟེན་དུ། ཡབ་རྒྱལ་པོ་བཀའ་འོད་ལ་སློད་ཅན། ཡུམ་སྦྱིན་ལ་དགའ་བའི་བཞིན་བཟང་མའི་སྲས་རྒྱལ་བུ་ཤེས་རབ་ལྡན་དུ་སྐྱེ་བ་བཞེས། སྟོན་པ་བདེ་བར་གཤེགས་པ་ཁྱབ་བདལ་ཐུགས་རྗེ་སྒྲོན་དང་ཞལ་མཇལ་ཞིང་། དེའི་བསྟན་པ་ལ་ཞུགས་པའི་དུས་ནས་མོས་པར་སྤྱོད་པའི་ལམ་འཇིག་རྟེན་བོན་གྱི་ལམ་ལ་གནས་པ་སྟེ། །ཞེས་གསུངས་ཤིང་། དེ་ལྟར་སྟོན་པ་རྒྱལ་བུ་ཤེས་རབ་ལྡན་གྱི་སྐྱེ་བ་བཞེས་ནས་རྟེན་དེར་དགེ་བའི་ཚོགས་རླབས་པོ་ཆེ་ཇི་ལྟར་བསགས་ཚུལ་མཛད་མདོ་གཟེར་མིག་ལས་གསལ་བ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་སྐྱེས་རབ་པད་མ་དཀར་པོའི་ཕྲེང་བའི་ནང་རྒྱས་པར་དྲངས་མཛད་ཡོད་ཅིང་།

བླ་ཆེན་དྲན་པ་ནམ་མཁས་དེའི་དོན་མདོར་བསྡུས་སུ་གསུངས་པ་ནི། དྲང་དོན་གྱི་འགྲེལ་ལས། སྐྱེ་བ་ཡང་སྔ་མ་འོག་ཕྱོགས་འཇིག་རྟེན་གྱི་ཁམས་རྩོད་པ་ཅན་ཙ་མུ་ལ་གྲམ། མཁར་ཏ་ཧ་ལ་རྩེ་བརྒྱད། ཕ་རྒྱལ་པོ་ཀ་འོད་ལ་སློད་ཅན། མ་སྦྱིན་ལ་དགའ་བའི་བཞིན་བཟང་མ། ཡབ་ཡུམ་དེ་གཉིས་ལ་སྲས་བཞི་འཁྲུངས་པ(པའི)་དང་འོག་ཤེས་རབ་ལྡན་ཞེས་བྱ་བ་དེས། དུས་ཀྱི་ཐ་མ་ལ་གཡུང་དྲུང་གི་བོན་བཀའ་རིན་པོ་ཤིན་ཏུ་བསྲུང་དཀའ་བས། བྲག་དཀར་རི་ལ་ཤེལ་གྱི་ཕུག་ཏུ་དགོངས་པ་ཐང་བཅད་ནས་བསྒོམས། དུས་དེ་རུ་དུས་ཀྱི་ཐ་མ་ལ། དྲག་རྩུབ་ཀྱི་བསྐལ་པ་མུ་གེ་ཉིང་ཤ་ཉིང་གིས་ཟ་བ་བྱུང་སྟེ། རྒྱལ་སྲིད་བཤིགས་ནས་སེམས་ཅན་རྣམས་ལ་སྦྱིན་པ་བཏང་། འབུམ་སྡེ་མང་པོའི་སྲོག་ཀྱང་ཐོན་པར་བྱས། སྦྱིན་པ་བླངས་ནས་མི་རྣམས་གྱེས་ཁར་སྡོམ་པ་ཕོགས། དེས་ན་ཡང་སྦྱིན་པའི་མཐའ་ནི་མཐར་ཕྱིན་ཆགས་མེད་ཡིན་ཞེས་བྱས་ཏེ། ལུས་ལ་ཤ་བརྣགས་ཁྲག་ཕྱུངས་སྤྲང་པོ་བཟའ་དགུ་གསོས། རུས་པ་དཀར་ལ་ཐུགས་ནས་སྐྱེ་བ་བརྗེས།  མི་མཇེད་འཇིག་རྟེན་ཡེ་སངས་བར་ལྷར་སྐྱེས། ཞེས་གསུངས།

དེ་ལྟར་རྟེན་དེའི་ཐོག་དབེན་སའི་བྲག་ཕུག་ཏུ་སྒོམ་པ་མཐིལ་དུ་ཕེབས་ཤིང་། ནོར་ཟས་ཀྱི་སྦྱིན་པ་དཔག་ཏུ་མེད་པར་བཏང་བ་མ་ཟད་ལྷག་པར་དུ་སྐུ་ལུས་སྦྱིན་པ་གཏོང་སྟེ་སེམས་དཔའི་སྤྱོད་པ་རླབས་ཆེན་པོ་མཛད་པ་དེ་གཉིས་ཀྱི་མཐུས་ཚེ་འཕོས་རྗེས་མི་མཇེད་འཇིག་རྟེན་གྱི་སྲིད་པ་ཡེ་སངས་གནས་སུ་སྐྱེ་བ་བླངས་ཏེ་མྱ་ངན་མེད་པའི་བར་ལྷར་གྲུབ་པ་ཡིན་ནོ། །

དེ་ལྟར་ཡང་མདོ་ལས།

གཡུང་དྲུང་བོན་གྱི་སེམས་དཔའ་ཆེན་མོ་ཁྱོད། །

ལུས་ལ་ཤ་ཆོད་ཁྲག་ཕྱུང་ང་ཡི་བུ་སྨད་གསོས། །

སྐྱེས་བུས་བསམ་པ་སྙིང་རྗེའི་སེམས་སྐྱེས་ནས། །

འདི་ལ་ཤ་ཁྲག་སྦྱིན་པ་མ་བཏང་ན། །

སྦྱིན་པའི་ཕ་རོལ་ཕྱིན་པ་མ་ཡིན་གྱི། །

ཤ་བསྣགས་ཁྲག་ཕྱུང་སྤྲང་པོ་བཟའ་དགུ་གསོས། །

རུས་པ་དཀར་ལ་ཐུག་ནས་སྐྱེ་བ་བརྗེས། །

མི་མཇེད་འཇིག་རྟེན་ཡེ་སངས་བར་ལྷར་སྐྱེས། །ཞེས་སོ། །

དེས་ན་འདིར་མཁས་པ་དཔལ་ཆེན་པོས། རྒྱལ་བུ་ཤེས་རབ་ལྡན་གྱི་རྟེན་དེར་མོས་སྤྱོད་ཀྱི་ལམ་ཐོབ་ཅིང་དེ་ཡང་འཇིག་རྟེན་པའི་ལམ་བོན་གྱི་མཆོག་མན་ཆད་ཐོབ་པ་སྟེ། དེའི་སྐྱེ་བ་བརྗེས་ནས་སྲིད་པ་ཡེ་སངས་ཀྱི་གནས་ན་མྱ་ངན་མེད་པའི་བར་ལྷར་གྲུབ་པར་གསལ་བས་ན། མྱ་ངན་མེད་པའི་བར་ལྷ་ནི་འཁོར་བ་སྤངས་ནས་ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་པའི་དོན་ཡིན་པར་འགྲེལ་མཛད་པ་སྟེ། ཁམས་འགྲེལ་ལས། མོས་པར་སྤྱོད་པའི་ལམ་འཇིག་རྟེན་བོན་གྱི་ལམ་ལ་གནས་པ་སྟེ། དེ་ནས་ཚེ་འཕོས་ནས་མི་མཇེད་འཇིག་རྟེན་ཡེ་སངས་བར་ལྷར་སྐྱེས་ཞེས་པའི་མཐོང་ལམ་ཐོབ་པར་གསུངས་སོ། །ཞེས་གསུངས་སོ། །དེ་ཡང་མྱ་ངན་མེད་པའི་བར་ལྷར་གྲུབ་པ་ཡང་མདོ་ལས་གསལ་བའི་ཚུལ་འོག་ནས་གསལ་བར་འབྱུང་བ་ཡིན།

<<མཐོང་ལམ་ས་དང་པོ་ཐོབ་པའི་ཚུལ།>>

ཁམས་འགྲེལ་ལས། དེ་ནས་འོག་མིན་གྱི་གནས་སུ་སྲིད་པ་ཡེ་སངས་ཀྱི་གནས་སུ་ཡབ་ཁྲི་འོད་དང་ཡུམ་ཀུན་ཤེས་ཀྱི་སྲས་སྲིད་པའི་ཁྱེའུ་གསལ་བར་སྐྱེ་བ་བཞེས་པའི་དུས་སུ། མོས་སྤྱོད་ཀྱི་ས་མན་ཆད་རྫོགས་ནས་ས་དང་པོ་རབ་ཏུ་དགའ་བ་རྒྱུད་ལ་སྙེམས་པ་སྟེ། །ཞེས་གོང་དུ་རྒྱལ་བུ་ཤེས་རབ་ལྡན་ཉིད་ཚེ་འཕོས་ནས་རྟེན་གཉིས་པ་ནི་བར་ལྷ་འོད་གསལ་གྱི་ཞིང་དུ་ཁྱེའུ་གསལ་བའི་རྟེན་དུ་སྐྱེ་བ་བླངས་ཤིང་། རྟེན་དེར་མཐོང་ལམ་ས་དང་པོ་ཐོབ་པར་གསུངས། ཁྱེའུ་དག་པ་གསལ་བ་ཤེས་པ་གསུམ་གྱི་སྐོར་མདོ་དྲི་མེད་གཟི་བརྗིད་ལས་གསལ་བ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་སྐྱེས་རབ་པད་མ་དཀར་པོའི་ཕྲེང་བའི་ནང་དུ་རྒྱས་པར་དྲངས་མཛད་ཅིང་། དེའི་དོན་མདོར་སྡུས་སུ་བླ་ཆེན་དྲན་པས་གསུངས་པ་ནི། དྲང་དོན་མུན་སེལ་ལས། སྐྱེ་བ་འདི་ཡི་གོང་མ་ལ་སྲིད་པ་ཡེ་སང་གི་ཡུལ་ན་མཆིས་ཙམ་ན། ཡབ་ནི་ཁྲི་འོད་ཡུམ་ནི་ཀུན་ཤེས། ཡབ་ཡུམ་དེ་གཉིས་ལ་སྲས་གསུམ་འཁྲུངས་པའི་བར་པ། ཁྱེའུ་གསལ་བ་ཞེས་བྱ་བ་སྟེ། གཏོ་འབུམ་ཁྲི་ཀློག་གི་ལྕེ་ཅན་ལ་སྲིད་པ་སྟོང་གི་བོན་ཉན། ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདྲེན་པའི་བོན་ལུང་མནོས། ཚད་མེད་པ་བཞིའི་ཐུགས་རྗེས་འགྲོ་བ་སེམས་ཅན་གྱི་དོན་བྱས་སོ། །ཞེས་གསུངས། དེ་ལ་མཁས་པ་དཔལ་ཆེན་པོས་རྟེན་དེར་མྱ་ངན་མེད་པའི་བར་ལྷར་གྲུབ་པ་ནི་ཐེག་པ་ཆེན་པོའི་མཐོང་ལམ་ས་དང་པོ་ཐོབ་པའི་དོན་དུ་འགྲེལ་གནང་བ་སྟེ། ཁམས་འགྲེལ་ལས། མོས་སྤྱོད་ཀྱི་ས་མན་ཆད་རྫོགས་ནས་ས་དང་པོ་རབ་ཏུ་དགའ་བ་རྒྱུད་ལ་སྙེམས་པ་སྟེ། །མྱ་ངན་མེད་པའི་བར་ལྷ་གྲུབ་ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །རྟེན་དེར་མྱ་ངན་མེད་པའི་བར་ལྷ་གྲུབ་པར་ཇི་ལྟར་གསལ་བ་ནི། མདོ་གཟེར་མིག་ལས། སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས། །ཁྲག་གཏར་ཤ་སྣག་སྦྱིན་པར་བཏང་། །རུས་ལ་ཐུག་ནས་སྐྱེ་བ་བརྗེས། །སྒོམ་པ་མཐིལ་དུ་ཕབ་པ་དང་། །སྦྱིན་པ་དྲག་པོ་དེ་གཉིས་ཀྱིས། །སྟེང་ཕྱོགས་མི་མཇེད་འཇིག་རྟེན་འདིར། །སྲིད་པ་ཡེ་སངས་གནས་སུ་སྐྱེས། །མྱ་ངན་མེད་པའི་བར་ལྷར་གྲུབ། །ཅེས་གསུངས་སོ། །

<<སྒོམ་ལམ་གྱི་ས་བདུན་མན་ཆད་ཐོབ་ཚུལ།>>

དེ་ལ་མཁས་པ་དཔལ་ཆེན་པོས་ནི། ཁྱེའུ་གསལ་བའི་རྟེན་དེར་སྟོན་པ་འབུམ་ཁྲི་ཀློག་གི་ལྕེ་ཅན་ལས་ཤེས་རབ་སྦྱང་ནས་ས་བདུན་པ་མན་ཆད་ཐོབ་པར་གསུངས་པ་སྟེ། ཁམས་འགྲེལ་ལས། དེ་ནས་བདེ་བར་གཤེགས་པ་གཏོ་འབུམ་ཁྲི་གློག་གི་ལྕེ་ཅན་དང་ཞལ་མཇལ། དེ་ལ་ཤེས་རབ་བསྐྱེད་ཅིང་སྦྱོང་བའི་ཚེ་ན་ནི། སའི་དབང་དུ་བྱས་ན་ས་དྲུག་པ་བདེ་ལྡན་རྟོགས་པའི་ས་མན་ཆད་རྫོགས་ནས། བདུན་པ་ཡིད་བཞིན་ཀུན་འགྲུབ་བསྙེམས་པ་ཡིན་ལ། ཞེས་གསུངས་ཤིང་། དེའི་ཚུལ་ཡང་མདོ་འདུས་ལས། སྲིད་པ་ཡེ་སངས་གནས་དག་ཏུ། །ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན། །ཡིད་ཀྱི་སྦུ་གུ་ཅན་གྱིས་བཟུང་། །སྲས་རྣམས་ཐུགས་རྗེ་ཆེར་སྐྱེས་ཏེ། །འབུམ་ཁྲི་ཀློག་གི་ལྕེ་ཅན་ལ། །འོད་གསལ་ལྷ་ཡི་སྒྲོན་མ་ཕུལ། །སེམས་བསྐྱེད་གཏོ་རྗེ་བློན་པོ་(སློབ་དཔོན་)ཞུས། །ཤེས་རབ་བསྐྱེད་དེ་བློ་རྩལ་སྦྱངས། །སྲིད་པ་སྟོང་རྩིས་བོན་ཉན་ཏེ། །འགྲོ་ལ་སྙིང་རྗེའི་མཆི་མ་ཤོར། །ཞེས་སོ། །

དེ་ལྟར་རྟེན་དེར་སྟོན་པ་འབུམ་ཁྲི་ཀློག་གི་གི་ལྕེ་ཅན་མདུན་དུ་ཤེས་རབ་སྦྱངས། དེ་ནས་འོག་མིན་གྱི་གནས་སུ་རྫོགས་སྐུའི་ཞལ་མཇལ་ཏེ་འགྲོ་བ་འདྲེན་པའི་བོན་ལུང་ཐོབ་པར་གསལ་བས། མཁས་པ་དཔལ་ཆེན་པོས་ནི་རྫོགས་སྐུ་དང་ཞལ་མཇལ་ནས་ལུང་བསྟན་ཐོབ་པ་དེ་ནི་ས་བརྒྱད་པ་ཐོབ་པའི་དོན་ཡིན་པས། དེའི་གོང་མྱ་ངན་མེད་པའི་བར་ལྷར་གྲུབ་སྟེ་སྟོན་པ་འབུམ་ཁྲི་ཀློག་གི་ལྕེ་ཅན་གྱི་མདུན་ནས་ཤེས་རབ་སྦྱང་བ་ནི་སྒོམ་ལམ་ས་བདུན་མན་ཆད་བགྲོད་པའི་ཚུལ་ཡིན་པར་གསུངས་པ་ཡིན་ནོ། །

<<ས་བརྒྱད་པ་ཐོབ་པའི་ཚུལ།>>

དེ་ནས་རྟེན་དེར་རྫོགས་སྐུ་གཤེན་ལྷ་དང་ཞལ་མཇལ་ནས་འགྲོ་བ་འདུལ་བའི་ལུང་བསྟན་ཐོབ་པའི་སྐབས་ས་བརྒྱད་པ་ཐོབ་པར་གསུངས་ཏེ། ཁམས་འགྲེལ་ལས། དེ་ནས་འོག་མིན་གྱི་གནས་སུ་ལོངས་སྤྱོད་རྫོགས་པའི་སྐུ་གཤེན་ལྷ་འོད་དཀར་དང་ཞལ་མཇལ་ཞིང་། དེ་ལ་འགྲོ་བ་འདུལ་བའི་ལུང་ནོད་ཅིང་། དེས་ཀྱང་སྐྱེ་བ་བཞི་ལས་ཀྱང་མིའི་ཡུལ་དུ་སྟོན་པ་ལ་གཤེགས་ཤིག་ཅེས་ལུང་སྟོན་པའི་ཚེ་ན་ནི། ས་ཡི་དབང་དུ་བྱས་ན་ས་བདུན་པ་ཡིད་བཞིན་ཀུན་འགྲུབ་ཀྱི་ས་མན་ཆད་རྫོགས་ནས། ས་བརྒྱད་པ་མ་ཆགས་དག་པའི་ས་རྒྱུད་ལ་བསྙེམས་པ་ཡིན་ཏེ། ས་བརྒྱད་པ་ལུང་བསྟན་ཐོབ་པ་སྡེ་སྣོད་སྤྱི་ལྟོའི་དགོངས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས། དེ་ལྟར་རྫོགས་སྐུ་དང་ཞལ་མཇལ་ནས་འགྲོ་བ་འདྲེན་པའི་བོན་ལུང་ཇི་ལྟར་ཐོབ་ཚུལ་མཛད་མདོ་འབྲིང་པོ་ལས་རྒྱས་པར་གསལ་ཞིང་དེའི་དོན་བསྡུས་པ་ནི། མདོ་འདུས་ལས། མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དུ། །ཡེ་ཤེས་ལྷ་ཡི་སྟོན་པ་ལ། །ཤེས་རབ་བསྐྱེད་ལ་བློ་རྩལ་སྦྱོངས། །འོག་མིན་ལྷ་ཡི་གནས་མཆོག་ཏུ། །རྫོགས་སྐུ་གཤེན་ལྷ་འོད་དཀར་ལ། །འགྲོ་བ་འདུལ་བའི་བོན་ལུང་ཞུས། །ཞེས་སོ། །དེ་ལ་དཔལ་ཆེན་པོས་རྫོགས་སྐུ་ཞལ་མཇལ་ནས་འགྲོ་བ་འདུལ་བའི་བོན་ལུང་ཐོབ་པ་ནི་ས་བརྒྱད་པ་ཐོབ་པའི་དོན་དུ་འགྲེལ་མཛད་པ་ཡིན་ཞིང་། སྐབས་འདིའི་ས་བརྒྱད་པའི་སྐབས་སུ་ལུང་བསྟན་ཐོབ་པ་སྡེ་སྣོད་སྤྱི་ཡི་དགོངས་པ་ཡིན་གསུངས་འདུག་ཀྱང་སྡེ་སྣོད་ཀྱི་དགོངས་པ་ཇི་ལྟར་ཡིན་པ་གསལ་པོར་མ་རྟོགས་པས་མཁས་པའི་དགོངས་བཞེད་གང་ཡིན་ལ་དཔྱད་དགོས་པར་སྣང་ངོ་། །

<<ས་དགུ་པ་དང་བཅུ་པ་ཐོབ་པའི་ཚུལ།>>

དེ་ལྟར་འགྲོ་བ་འདུལ་བའི་ལུང་ནོད་ཅིང་རྫོགས་པའི་སྐུའི་བྱིན་གྱིས་བརླབས་པ་དང་དབང་བསྐུར་ཞིང་ཐོབ་པའི་སྐབས་དེར་དགུ་པ་ཡི་གེ་འཁོར་ལོའི་ས་ཐོབ་པར་གསུངས་ཏེ། ཁམས་འགྲེལ་ལས། ལུང་སྟོན་གྱི་སྟེང་ལ་དེར་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་བྱིན་གྱིས་བརླབས། ཅེས་པ་དང་། ལུང་བསྟན་པ་དེ་གོ་བ་ཡིན། དབང་བསྐུར་བ་དེ་ཐོབ་པའི་ཡོན་ཏན་གྱི་ས་ཞེས་པའི་དབང་དུ་བྱས་ན། ས་དགུ་པ་ཡི་གེ་འཁོར་ལོ་མན་ཆད་རྫོགས་ནས་ས་བཅུ་བདེ་བ་ཆེན་པོ་རྒྱུད་ལ་བསྙེམས་པའོ། །ཞེས་གསུངས། དེ་ལྟར་རྫོགས་སྐུས་བྱིན་གྱིས་བརླབས་ཚུལ་ཡང་། མཛད་མདོ་གཟེར་མིག་ལས། ཡང་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱིས་བཀའ་བསྩལ་པ། སྲིད་པའི་ཁྱེའུས་ཞུས་པ་ནི་ཤིན་ཏུ་ལེགས་སོ། །སྡུག་བསྔལ་ཕྱི་མ་ཆེ་བ་ཡང་མི་ལས་འདུལ་བར་འབྱུང་། མི་ལ་མི་ཁོམ་པའི་སྡུག་བསྔལ་མེད། དཔེར་ན་འགྲོ་བ་རིགས་དྲུག་སེམས་ཅན་ནི། ཟོ་ཆུའི་རྒྱུད་མ་བཞིན་དུ་གཅིག་ནས་གཅིག་ཏུ་འཕོ། མི་རུ་སྐྱེ་བའི་འཁོར་བ་རྒྱུན་བཅད་ནས། ཐར་པ་བདེ་བའི་གནས་སུ་སྐྱེས་འགྱུར་ན། དཔེར་ན་ཆུ་རྐ་གོང་དུ་བསྒྱུར་ན་འོག་ཏུ་མི་འབབ་པ་འདྲ་སྟེ། སེམས་ཅན་དམྱལ་བ་རྣམས་ཀྱང་རྒྱུན་འཆད་པར་འགྱུར་རོ། །སེམས་ཅན་བྱོལ་སོང་རྣམས་ཀྱང་་་་། སེམས་ཅན་ལྷ་མ་ཡིན་རྣམས་ཀྱང་་་་་། སེམས་ཅན་ལྷ་རྣམས་ཀྱང་རྒྱུན་འཆད་པར་འགྱུར་རོ། །དེ་རྣམས་རྒྱུན་འཆད་པ་ནི་ཤིན་ཏུ་ཡང་དཀའ་སྟེ་མི་སྲིད་དོ། །དེ་སྐད་ཅེས་བཀའ་བསྩལ་པས། དེར་ལོངས་སྤྱོད་རྫོགས་པའི་བྱིན་གྱིས་བརླབས་ཀྱིས། ཞེས་གསུངས་པ་འདི་ཉིད་ཡིན་ཞིང་། །དེ་ལ་དཔལ་ཆེན་པོས་འདིར་རྫོགས་སྐུས་བྱིན་གྱིས་བརླབས་པར་གསུངས་པ་ནི་ས་དགུ་པ་ཡི་གེའི་འཁོར་ལོ་རྫོགས་ནས་ས་བཅུ་པ་མི་འགྱུར་གཡུང་དྲུང་ཐོབ་པར་གསུངས་པ་ཡིན་ནོ། །

<<མཐར་སངས་རྒྱས་སྟེ་སྐུ་གསུམ་གྱི་གོ་འཕང་བརྙེས་པ།>>

དེ་ནས་རྟེན་དེའི་མཐར་རྟེན་སྐུ་གསུམ་དང་བརྟེན་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཏེ་སངས་རྒྱས་པར་གསུངས་ཏེ། ཁམས་འགྲེལ་ལས། ས་དེའི་ཐ་མ་ཤེས་རབ་ཀྱི་རྩལ་ཡོངས་སུ་རྫོགས་ཏེ་གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་ཐོབ། སྤང་བྱ་དེའི་སྒྲིབ་པ་ཕྲ་བ་མ་གཏོགས་པ་ཐམས་ཅད་སྤངས་ཏེ་འཁོར་འདས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པའི་མིང་ཅན་དེ་མངོན་དུ་མཛད་ནས་སངས་རྒྱས་པ་སྟེ། ཞེས་གསུངས་སོ། །

དེ་ལྟར་མདོ་གཟེར་མིག་ལས་ཀྱང་། །

སྲིད་པའི་ཁྱེའུ་གསལ་བ་དེ། །

ཡེ་ཤེས་ལྷ་ཡི་སྟོན་པ་ཡིས། །

ཤེས་བྱའི་སྒྲིབ་པ་འབྱོང་པ་ཡིས། །

                       ཐོག་མེད་སྤྲུལ་པའི་སྐུར་གྱུར་ཏོ། །ཞེས་གསུངས་སོ། །

དེ་ལྟར་དུ་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་དེ་ཉིད་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་སྒྲིབ་པ་ཡོངས་སུ་སྦྱངས་ཏེ་མཐར་འོག་མིན་གྱི་རྟེན་ལ་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྦྱངས་ནས་མངོན་པར་རྫོགས་པའི་སངས་རྒྱས་པ་ཡིན་ནོ། །དེས་ན་རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་སྟོན་པར་བསྟོད་པ་ལས་ཀྱང་། ཨེ་མ་གཤེན་རབ་མི་བོ་ཉིད། །སྔོན་ཚེ་གྲངས་མེད་བརྒྱུད་པའི་དུས། །བསོད་ནམས་དཔལ་ཤུགས་སྟོབས་ལྡན་གྱིས། །དག་པའི་ཞིང་དེར་གར་སྐྱེས་ཀྱང་། །སྟོན་པའི་སྒྲོན་དང་དུས་མཚུངས་ཤིང་། །ཐུགས་བསྐྱེད་དག་པ་ཆེན་པོའི་མཐུས། །དཀའ་བ་མ་ལུས་དཀོན་པར་རྫོགས། །ཚོགས་ཀྱི་ལམ་ལ་ཚོགས་ཆེན་རྫོགས། །ཤེས་རབ་རྩལ་ཤུགས་རྣམ་པར་དག །མངོན་པར་ཡེ་ནས་སངས་པར་གཤེགས། །བདག་མཐར་གྲུབ་པའི་དུས་རྗེས་ལ། །གཞན་དག་འདྲེན་པའི་སྨོན་ལམ་རྫོགས། འདུལ་བའི་ཞིང་ཁམས་འདུལ་དཀའ་ཞིང་། །ཤིན་ཏུ་མི་བཅེད་དྲངས་པར་དགོངས། །ད་ལྟའི་གནས་འདི་ཡར་འདས་པའི། །སྟེང་གི་ཕྱོགས་ཀྱི་འོག་མིན་གནས། །མྱ་ངན་མེད་པའི་བར་ལྷར་གྲུབ། །སྲིད་པ་ཡེ་སངས་གནས་ནས་མཆིས། །ཁྲི་འོད་སྲིད་པ་ཡེ་ཤེས་ཡབ། །ཀུན་ཤེས་གསལ་བྱེད་རིགས་(རིག)པའི་ཡུམ། །ཤེས་པ་རང་རིག་སྲས་སུ་གསལ། །སེམས་བསྐྱེད་གཏོ་རྗེ་སློབ་དཔོན་ནི། །འབུམ་ཁྲི་གློག་(ཀློག)གི་ལྗགས་ཅན་ལ། །ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས། །སྲིད་པ་སྟོང་རྩིས་སེམས་ལ་ཐུག །སེམས་ཅན་ལས་རྟགས་ཐུགས་རྗེས་སྐྱེས། །ངོ་མཚར་ཚད་མེད་བཞི་དང་ལྡན། །འཁོར་བ་ཐར་པར་དྲངས་པ་ཡི། །སྟོན་པར་གཤེགས་པའི་བཀའ་ཐོབ་པས། །ཡ་བླ་ཡང་སྟེང་དགུང་གོང་གི །མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་ནས། །འོག་མིན་འདའ་བ་མེད་པ་ཡི། །མི་འགྱུར་ལྷུན་གྲུབ་ཕོ་བྲང་དུ། །ཡེ་ཤེས་ལྷ་ཡི་སྟོན་པ་ལ། །འགྲོ་བ་འདུལ་བའི་བོན་ལུང་མནོས། །རྗེ་གཅིག་གཤེན་ལྷ་ཡི་དམ་ལྷ། །ལེགས་སོ་ངེས་པའི་གནང་བ་ནི། །ཉིད་ནི་ཅེར་(ཅིར)ཡང་སྤྲུལ་པའི་སྐུ། ཤེས་བྱ་འཕྲ་མོའི་མུན་སངས་པས། །ཞེས་མདོ་རྣམ་པར་རྒྱལ་བ་ལས་གསལ་ལོ། །

དེ་ལྟར་སྟོན་པའི་སྐྱེས་རབས་ཀྱི་རྣམ་ཐར་དག་ལ་བློས་ཉེ་བར་བཅར་ཟིན་ཞིང་མདོ་རྒྱུད་རྣམས་ལ་གཟིགས་རྒྱང་རིང་བའི་མཁས་པའི་མཆོག་རྣམས་ལ་འདི་ལྟར་དགོས་པ་ཆུང་ཡང་། རང་ཉིད་དང་འདྲ་བར་དད་འདུན་གྱི་གདུང་ཤུགས་ཀྱིས་སྟོན་པའི་རྗེས་སུ་འཇུག་རུང་གཤེན་གྱི་སྐྱེས་རབས་སོགས་ལ་དེ་ཙམ་གོམས་པར་མ་གྱུར་པ་རྣམས་ལ་ཅུང་ཟད་ཙམ་དུ་ཕན་རེས། སྟོན་པ་བཀའ་དྲིན་ཅན་ལ་སྙིང་ནས་མི་ཕྱེད་པའི་དད་པ་ཅན་གཤེན་ཕྲུག་ཚུལ་མི་ས་ལེ་འབོད་པ་དེས་བསྡུས་པ་འདིས་ཀྱང་དེ་རིང་གཤེན་རབ་མི་བོ་ཆེ་ཉིད་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་ཅན་ཉིད་སྲུང་བརྩི་ཞུ་ཚུལ་ལེགས་པོ་ཞིག་ཏུ་འགྱུར་བའི་སྨོན་འདུན་དང་བཅས། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ ཉིན་བྲིས་པ་དགེའོ། །

 

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གནས་ཚུལ་མཁ…
error: རྩོམ་འདི་བདག་དབང་ཅན་ཡིན།