ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པའི་འཁྲུངས་མཆོད་དང་སྐབས་༡༤པའི་སྒྲུབ་ཐོན་སྐབས་༢པའི་ཆེད་སྦྱོང་སློབ་ཐོན་བརྡ་སྤྲོད་ཀུན་བཤད་མཚན་གནས་བསྩལ་བའི་མཛད་སྒོ་བཅས་ཀྱི་གནས་བསྡུས།

 

 

 

 

འབྱུང་ལྡན་༣༠༡ཧོར་ཟླ་༡༢པའི་དཔྱིད་ར་རྒྱལ་ཟླའི་ཚེས་༡༥ཉིན་བདག་ཅག་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་ཞང་ཞུང་ཕུག་པ་རྟག་གཟིགས་འོལ་མོ་ལུང་རིང་གནས་མཆོག་ཏུ་འགྲོ་བ་མི་ཡི་ཆ་ལུགས་རང་མཐུན་དུ་མངོན་པར་མཚན་དཔེ་བཞད་ནས་མི་ལོ་ ༡༨༠༣༨ འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ། སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་སྐུ་དངོས་སུ་ཞབས་བཅག་པའི་གནས་མཆོག་བལ་ཡུལ་འཕགས་པ་ཤིང་ཀུན་ཉེ་འགྲམ་ཀླུ་གྲུབ་རི་ཡི་ཞོལ་དུ་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་ནས་ལོ་བསྟར་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པས། འདི་ལོར་ཡང་ཕྱི་ལོ་ ༢༠༢༡ ༠༡ ༢༧ ཧོར་ཟླ ༡༢ པའི་ཚེས་ ༡༤ ཉིན་ནས་བཟུང་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བདེ་གཤེགས་རྒྱལ་བ་རྒྱ་མཚོ་མཉེས་པའི་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱས་པར་ཕུལ་བ་དང་། ཚེས་ ༡༥ ནངས་པར་སྔ་མོ་ནས་བཟུང་འདུལ་བའི་གསོ་སྦྱོང་འཚོགས་ཏེ་ཀློང་རྒྱས་ཀྱི་གཞུང་བསྲང་། སྒྲུབ་ཁང་ནང་དུ་སྔར་རྒྱུན་ལྟར་དགེ་བཤེས་རྣམ་པས་བོན་སྐྱོང་གི་ཚོགས་འཁོར་གསུངས་པ་དང་། ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་སྐབས་༡༡པའི་བཀའ་རམས་པ་རྣམས་པས་བླ་བྲང་དུ་མཁན་སློབ་རྣམ་པར་རིག་གནས་ཤོག་ཁྲ་སྤྱན་འབུལ་ཞུས་ཏེ་<<བརྡ་སྤྲོད་ཀུན་བཤད>>་ཀྱི་མཚན་བཏག་གནང་། ཕྱག་ཚོད་ ༩།༣༠ ཐོག་མཁན་སློབ་འདུས་པ་རྒྱ་མཚོ་སེར་ཕྲེང་ཆེན་མོར་ཕེབས། དེ་རྗེས་ཕྱག་ཚོད་༡༠ཐོག་གཙུག་ལག་ཁང་དུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྐབས་ ༡༤ པའི་སྒྲུབ་ཐོན་གྱི་མཛད་སྒོ་དབུ་བཙུགས་ཏེ། གཤེན་གྱི་དགེ་སྦྱོར་བ་དགེ་བཤེས་ལུང་རྟོགས་རྒྱ་མཚོ་དང་། གཤེན་གྱི་དགེ་སྦྱོར་བ་དགེ་བཤེས་བློ་གྲོས་འོད་གསལ་རྒྱལ་མཚན། གཤེན་གྱི་དགེ་སྦྱོར་བ་དགེ་བཤེས་ཤེས་རབ་ཚུལ་ཁྲིམས་མཆོག་རྒྱལ། གཤེན་གྱི་དགེ་སྦྱོར་བ་དགེ་བཤེས་ཤེས་རབ་གཙུག་ཕུད་མཆོག་རྒྱལ། གཤེན་གྱི་དགེ་སྦྱོར་བ་དགེ་བཤེས་སྐལ་བཟང་གཡུང་དྲུང་བློ་གསལ། གཤེན་གྱི་དགེ་སྦྱོར་བ་ཡོན་ཏན་རྒྱལ་མཚན་མཆོག་ལེགས། གཤེན་གྱི་དགེ་སྦྱོར་བ་བློ་གྲོས་བཟོད་པ་རྒྱལ་མཚན། གཤེན་གྱི་དགེ་སྦྱོར་བ་པ་སངས་ལྷུན་གྲུབ་དང་བརྒྱད་འདུས་སྡེ་འདི་ཡི་སྒོམ་གྲྭར་ཞུགས་ནས་རྫོགས་ཆེན་རྒྱུད་སྡེ་བཞི་དང་མ་བུ་དང་བཅས་པ་ལོ་དུས་ཀྱི་བཅད་མཚམས་མཐའ་འཁྱོལ་གནང་བའི་<<གཤེན་གྱི་དགེ་སྦྱོང་སྒྲུབ་ཐོན་པའི་ངོས་འཛིན་ཕྱག་འཁྱེར་>>བསྩལ་བའི་རྟེན་འབྲེལ་མཛད་སྒོ་དང་། བཤད་གྲྭའི་སློབ་ཚན་རྫོགས་རྗེས་དམིགས་བསལ་རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་གྱི་གཞུང་ཆེན་ཆེད་སྦྱོང་སྐབས་དང་པོའི་བཀའ་རམས་པ་ཁྲི་ལྡེ་ཚུལ་ཁྲིམས་རྒྱ་མཚོ་དང༌། དམིགས་བསལ་མ་རྒྱུད་གཞི་ལམ་འབྲས་གསུམ་གྱི་གཞུང་ཆེན་ཆེད་སྦྱོང་སྐབས་གཉིས་པ་བཀའ་རམས་པ་གཙུག་ཕུད་རྣམ་དག་རབ་གསལ་རྣམ་པ་གཉིས་སྐབས་གཉིས་པའི་<<གཞུང་ཆེན་ཆེད་སྦྱོང་གི་ངོས་འཛིན་ཕྱག་འཁྱེར་>>བསྩལ་བའི་མཛད་སྒོ་བཅས་འཚོག་གནང་སྟེ། ཐོག་མར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་པའི་མཁན་སློབ་རྣམ་པ་དང་སློབ་ཐོན་པ་རྣམས་སྤྱན་རྒྱ་སྤོས་མེ་དང་བཅས་གཙུག་ལག་ཁང་དུ་གདན་འདྲེན་ཞུས། འདུས་མང་ཡོངས་ལ་གསོལ་ཇ་འབྲས་སིལ་དང་སྐུ་འགྱེད་བཅས་ཕུལ། གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་ནས་གཤེན་གྱི་དགེ་སྦྱོར་བ་དང་ཆེད་སྦྱོང་སློབ་ཐོན་པའི་མཚན་རྟགས་བསྩལ་བའི་གསུང་ཕྲིན་འཚོགས་ཆེན་དགེ་སྐོས་ལགས་ནས་སྒྲོག་སྦྱང་གནང་ཏེ་མཚན་རྟགས་རིམ་བཞིན་བསྩལ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཕྱག་འཁྱེར་དང་། མཁན་སློབ་རྣམ་པས་རྟེན་འབྲེལ་ལེགས་མཚོན་གྱི་མགུལ་དར་དང་བྱིན་མདུད་བཅས་གནང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་འདི་ཕྱིའི་ལམ་སྟོན་གྱི་བཀའ་སློབ་བཀའ་དྲིན་བསྩལ་ནས་སྨོན་ལམ་རྣམ་པར་དག་པའི་རྒྱས་གདབ་གྲུབ་པ་དང་། གཤེན་གྱི་དགེ་སྦྱོར་བ་རྣམས་ཁྲི་བཞེངས་རྟེན་འབྲེལ་ལེགས་མཚོན་གྱི་ཁ་བཏགས་ཕན་ཐོགས་བཅས་ཕུལ་ནས་ཐེངས་འདིའི་སློབ་ཐོན་གྱི་མཛད་སྒོ་མཇུག་གྲུབ། ཉིན་རྒྱབ་འདུས་མང་ནས་ཨ་རྫོགས་སྙན་གསུམ་དབྱངས་ལ་བསྐྱོན་ནས་སྒོ་གསུམ་དགེ་བའི་བྱ་བར་གཞོལ་ཏེ་གཤེན་གྱི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་པ་དང་ཐེངས་འདིའི་སློབ་ཐོན་གྱི་མཛད་རིམ་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༢༨ ཉིན་སྤེལ།། །།

པར་པ་གཡུང་དྲུང་ཐོགས་མེད་དང་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,271 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ་…
error: རྩོམ་འདི་བདག་དབང་ཅན་ཡིན།