ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

 ༄༅། །ཞང་ཞུང་སྐད་དུ། ཏི་ཀ་རྒྱ་སེ་ལིག་མིན་རྐྱ། །སད་ལ་གྱེར་རོ་སྤུངས་ཀྱིན་ནོ། །ཝེར་གྱེར་སྨར་ལ་དུན་གུ་ཧྲུན། །བོད་སྐད་དུ། སྲིད་པའི་མཛོད་ཕུགས་ཞལ་ཕྱེས་ནས། །སྟོན་པ་ལྷ་ཡི་གཤེན་པོ་སྟེ། །གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །སྟོན་པ་རྫུ་འཕྲུལ་ཆེར་ལྡན་པས། །ཐམས་ཅད་ཐུགས་རྗེས་བཟུང་བའི་ཕྱིར། །སྣང་སྲིད་མཛོད་ཕུགས་སྒོ་ཕྱེས་ནས། །ཐམས་ཅད་ཀུན་ལ་གསལ་བར་བསྟན། །དེ་ལ་རྫུ་འཕྲུལ་ཐབས་ཀྱིས་བརྒྱུད། །སྟོབས་ལྡན་བློ་གསལ་དད་ཆེ་ལ། །ཀུན་གྲགས་རྒྱ་ཆེ་བསྟན་པར་བྱ། །མི་རྒྱལ་རིན་ཆེན་གཏེར་འཛིན་ལྟར། །གཏད་པ་དེ་ནི་བཙལ་བར་བྱ། །ཐམས་ཅད་འབྱུང་བའི་མཛོད་ཕུགས་འདི། །བློ་དམན་ཕལ་གྱིས་མི་རྟོགས་ཏེ། །མཁའ་མཚོའི་སྟེང་ནི་ཁྱུང་ཉས་མིན། །དེ་བཞིན་གཏིང་དཔག་དཔྱད་པ་དཀའ། །ཡོད་པ་སྲིད་གསུམ་

མེད་པ་བསྐལ་པ་དགུ། །མི་གཡོ་དབྱིངས་བཞི་གསལ་བ་ཡེ་ཤེས་ལྔ། །ཀུན་གནས་སྣོད་བཞི་སྐྱེ་འཕེལ་བཅུད་ནི་གསུམ། །གཅོད་བྱེད་དབང་དྲུག་ཕྲ་རྒྱས་དུག་ནི་གསུམ། །རྟེན་ཅིང་འབྲེལ་གཉིས་འདུས་པའི་ཕུང་པོ་གཉིས། །མངོན་རྟོགས་མཆེད་དྲུག་རྒྱ་ཆེ་ཁམས་ནི་གསུམ། །རང་འཛིན་མཚན་ཉིད་ལས་དང་སྤྱོད་པ་ལྔ། །འགྲོ་བའི་ལམ་བཞི་ས་དང་གནས་ནི་གསུམ། །སྒྲུབ་འབྲས་བཞི་བཅས་གནས་ནི་བཅུ་བདུན་ནོ།། །།

    ཡེ་སྲིད་བྱེད་བྱས་རྒྱུ་མཐུན་སྲིད་པ་གསུམ། །བྱེད་པོར་མ་ལྟོས་ཡོད་པ་ཡེ་སྲིད་དེ། །ཕྱི་ནང་གཉིས་ལས་འགྲེང་བུ་སྤྱི་རྒྱལ་དང༌། །གནས་དང་ཁ་སྦུབ་ཕྱི་ལོག་ལྷ་མི་འགྲོ། །ངན་འགྲོ་སྤྱི་ཚུགས་ཉེ་འཁོར་མཁའ་ལྡིང་འཕྲེད། །ཕྱི་ནི་མེ་ཆུ་རླུང་ལྕེ་གྱེར་ཐུར་འཕྲེད། །རྩེ་རྒྱལ་རི་དང་ཆུ་རླན་མེ་ཚ་སོགས། །གནས་ལུགས་བཅོས་མེད་རྟོགས་པའི་དགོས་པའོ། །བྱེད་པོའི་རྩོལ་ལ་ལྟོས་པའི་ཡོད་པ་སྟེ། མངོན་རྫོགས་ལྷ་ཡི་ཞལ་ངད་དྲོད་རླན་ལས། །འབྱུང་བའི་དཀྱིལ་འཁོར་སྟེང་དུ་རི་མཚོ་གླིང༌། །ཕྱི་སྣོད་མས་ཆགས་ནང་བཅུད་སྒོང་གཉིས་སྲིད། །དཀར་ནི་འོད་ཟེར་ལས་བརྡོལ་སྲིད་རྒྱལ་གསལ། །ནག་པོ་མུན་འཐིབ་ལས་བརྡོལ་མེད་རྒྱལ་སྲིད། །ཀློང་མཚོའི་དབུས་ནས་སྲིད་པའི་རྒྱལ་མོ་འཁྲུངས། །སྲིད་པ་ཡབ་ཡུམ་ལྕམ་དྲལ་བཅོ་བརྒྱད་བལྟམས། །དེ་ལས་སྤྲུལ་དང་ཡང་སྤྲུལ་ཡོད་ཁམས་འཕེལ། །མེད་ཁམས་རྒྱལ་པོ་མུན་ནག་བཙུན་མོའི་སྲས། །ལྷ་སྲིན་མིང་སྲིང་བཅུ་དྲུག་ཡང་སྤྲུལ་བཅས། །ཆད་ལྟའི་ལོག་རྟོག་བཟློག་པའི་ཆེད་དུའོ། །རྒྱུ་མཐུན་རྒྱུ་རྐྱེན་ལ་ལྟོས་ཡོད་པའི་བོན། །ཕྱི་ནང་འབྲས་རྣམས་རྒྱུ་བཞི་རྐྱེན་ལས་བྱུང༌། །ཕྱི་རྒྱུ་འབྱུང་བ་ནང་ནི་ས་བོན་དང༌། །བདག་པོ་དེ་མ་ཐག་དང་དམིགས་རྐྱེན་བཞི། །དུས་རྐྱེན་འཛོམ་ལས་སྐྱེ་ཞིང་ཉེར་རྒྱུ་དང༌། །རྐྱེན་གང་མ་ཚང་མི་འབྱུང་དེའི་ཚུལ་ལས། །ཕྱི་ནང་རྣམ་སྨིན་བྱུང་སྲིད་དངོས་ཀུན་བསྐྱེད། །དགོས་པ་རྒྱུ་མིན་ཁ་ཡར་རྒྱུ་མེད་ལས། །སྐྱེ་བར་འདོད་པ་དགག་པའི་ཆེད་དུ་གསུངས། །སྲིད་པའི་གནས་འདི་ཆད་ལྟ་འགོག་ཆེད་བསྟན། །སྲིད་པའི་གནས་ཏེ་ལེའུ་དང་པོའོ།། །།

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།