ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

    སྐྱེ་ཞིང་རྒྱས་པར་རུང་པའི་ཉོན་མོངས་དེ། །འཁྲུལ་ཡིད་ཤ་ཁྲག་དྲོད་དབུགས་རྒྱུ་རྐྱེན་ལས། །ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་བྱུང༌། །དེ་དང་དེ་འབྲེལ་རྣམ་ཤེས་གཟུགས་འདུ་བྱེད། །འདུ་ཤེས་ཚོར་བ་དང་བཅས་ཟག་ཕུང་འཕེལ། །དུག་ཕུང་འབྲེལ་ལས་མི་དགེ་བཅུ་སོགས་འཕེལ། །རྣམ་སྨིན་འདིདང་ཕྱི་མ་གཞན་རྣམས་སུ། །ངན་སོང་དང་ནི་ལྷ་མིན་རྣམས་སུ་མྱང༌། །ཉོན་མོངས་དུག་ལྔའི་ཕྲ་རྒྱས་བསྟན་པ་འོ། །ཕྱིན་ལོག་ཕྱིན་བཅུའི་ལོག་བློ་ཆགས་དང་འཁྲིག །བྱུང་ཚོར་ལེ་ལོ་འགྱུར་ལྡོག་སེམས་ཞུམ་པ། །གདུག་སེམས་རེ་དོགས་ཐབས་ཟད་ལོག་པར་འཁྲུལ། །ཕྱིན་ལོག་ཕྲ་རྒྱས་ཡིན་ལ་འཁྲུལ་བློ་དགུ། །རྨི་ལམ་ཡིད་བསླུ་རྣམ་འཚེ་འཁོར་ཞིང་ཆགས། །གདུག་སེམས་ཟང་ཟིང་ཡུལ་མཐོང་རྣམ་པར་སྨིན། །རྒྱུན་གཡེང་འཁྲུལ་པའི་ཕྲ་རྒྱས་ལོག་པ་ནི། །མཚམས་མེད་ལྔ་དང་ཉེ་དང་ལྕི་བ་བཞི། །ལོག་པ་བརྒྱད་དེ་སློབ་དཔོན་སླཽབ་མ་དང༌། ཕ་མ་བུ་བཅས་གསོད་བཙོག་སྤྱུག་དང་མནར། །བོན་གཤེན་དང་ནི་མི་བསད་རྟེན་གསུམ་རྫས། །བཤིག་གཏོར་ཉེ་བཞི་བླ་མའི་ཐུགས་དཀྲུགས་དང༌། །སྡིག་གྲོགས་ཚོགས་བཅག་ཁས་བླངས་ཉམས་སོགས་ལྕི། །བདུད་ལས་སྲོག་བུན་མ་མངལ་ལུང་ལོག་སྟོན། །རི་ཀུ་མཚོདུག་ཆུ་བསྒྱུར་ནགས་མེ་བཏང༌། ལོག་པ་བརྒྱད་དེ་ཉེར་གཅིག་ཕྲ་རྒྱས་དུག །ལྷན་སྐྱེས་མ་རིག་པ་ལས་དུག་གསུམ་བལྟས། ཆགས་པའི་བྱ་ལས་ལྷ་མི་མི་འམ་ཅི། །གཏི་མུག་ཕག་ལས་ཀླུ་བྱོལ་ཉེ་འཁོར་གསུམ། ཞེ་སྡང་སྦྲུལ་ལས་དམྱལ་ཡིད་གཤིན་རྗེ་གྲུབ། །དུག་གསུམ་ལས་འཕྲོས་དགུ་དང་འཕྲོ་འདུ་ཡི། །བཅོ་བརྒྱད་རྩ་བ་གསུམ་བཅས་ཉེར་གཅིག་འབྱུང༌། །དེ་འགྱུར་གྱ་གཉིས་ཉི་ཁྲི་ཆིག་སྟོང་དང༌། བརྒྱད་ཁྲི་བཞི་སྟོང་སོགས་སུ་འཕྲོ་ཞིང་འཕེལ། །ཕྲ་རྒྱས་བསྟན་པའི་གནས་ཏེ་བརྒྱད་པའོ།། །།

    འཁོར་ཚུལ་རྟེན་འབྲེལ་བཅུ་ཉིས་མ་རིག་པ། །འདུ་བྱེད་རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དང༌། །རེག་པ་ཚོར་བ་སྲེད་ལེན་སྲིད་པ་གསུམ། །སྐྱེ་བ་རྒ་ཤི་དང་བཅས་དཔེ་རིམ་བཞིན། །རྒན་མོ་ལོང་བ་རྫ་མཁན་བུ་ཕོ་དང༌། །སྤྲེའུ་རྫས་ནོར་བྱད་དང་སྙུག་འདོང་སྦྲུལ། །གཏར་ཚན་ཆུ་དང་སྒོ་ནོར་མི་དག་དང༌། །རྒྱ་བྱ་ཆུ་འཐུང་ཕོ་མོའི་འཁྲིག་ཆགས་དང༌། །འཁར་བ་ལུགས་བྱུང་རྒ་དང་ཤི་བ་དངོས། །རེ་རེར་བཅུ་གཉིས་སྔ་མས་ཕྱི་མ་བསྐྱེད། །འཕེན་དང་གྲུབ་པའི་རྒྱུ་འབྲས་བཤད་མོད་ཀྱང༌། །གཞུང་གི་ཚིག་ཟིན་རྣམ་བཞག་འདི་ཙམ་མོ། །རྟེན་འབྲེལ་བསྟན་པའི་གནས་ཏེ་དགུ་པའོ།། །།

     དུ་མ་སྤུངས་པ་ཕུང་པོ་དེ་ལ་གཉྀས། །རང་སྐལ་ཉོན་མོངས་བག་ཆགས་མ་གོས་འདུས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་གྲོལ་ཤེས། ཉིས་བརྒྱ་ལྔ་བཅུ་ཡན་ལག་བརྒྱད་ཅུ་དང༌། ཤེས་རབ་དགུ་དང་རྣམ་གྲོལ་ཡན་ལག་བརྒྱད། །རྣམ་གྲོལ་ཡེ་ཤེས་དང་བཅས་ཟག་པ་མེད། །ཟག་བཅས་ཉོན་མོངས་ཀྱིས་བསླད་དུ་མ་འདུས།། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ལྔ༌། །འཇོག་དམིགས་བདག་འབྲེལ་བཅིང་འབྲིང་མཐུན་རྒྱུ་བྱུང༌། །རྣམ་གྲངས་བཅོ་ལྔ་གསུམ་གསུམ་ང་གཅིག་བརྒྱད། །དང་པོ་རྒྱུ་གཟུགས་བཞི་དང་འབྲས་གཟུགས་བཅུ། རིག་བྱེད་མ་ཡིན་བཅས་པ་ལྔ་རེ་ཕྱེས། །ཚོར་བ་བདེ་སྡུག་བཏང་སྙོམས་ལྔ་རེ་བསྟན། །འདུ་ཤེས་རྒྱ་ཆུང་རྒྱ་ཆེ་དཔག་ཏུ་མེད། །ལྔ་རེས་བསྟན་ཞིང་འདུ་བྱེད་ཕུང་པོ་གཉིས། །སེམས་ལྡན་འདུ་བྱེད་ང་གཅིག་ཀུན་འགྲོ་ལྔ། །ཡུལ་ངེས་ལྔ་དང་དགེ་བཅུ་རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ་གཞན་འགྱུར་བཞི་བཅས་རེར། །ལྔ་རེས་བསྟན་ཞིང་སེམས་དང་མི་ལྡན་པ།། གཟུགས་སེམས་རྣམ་འགྱུར་ལ་འདོགས་ཐོབ་སྙོམ་སྲོག །ཐོབ་པ་དྲོད་དང་ས་བོན་མངོན་གྱུར་རོ། །སྙོམ་འཇུག་འདུ་ཤེས་མེད་འགོག་འབྲས་བུ་གསུམ། །ཆགས་བྲལ་གོང་མིན་ཡིད་བྱེད་བརྟན་མིན་བྲལ། །སྲིད་རྩེ་སྔོན་བཏང་ཡིད་བྱེད་མི་བརྟེན་བྲལ། །ཁྲོད་ལྷ་སེམས་བོན་རྟེན་བྲལ་རྣམ་ཤེས་འགག །སྲོག་དབང་མཐུན་འཕང་འདུ་བྱེད་གནས་སུ་ངཻས། །རིགས་མཐུན་སྐྱེ་རྒས་གནས་པ་མི་རྟག་པ། །བརྗོད་བྱེད་མིང་ཚིག་ཡི་གེ་གསུམ་དུ་བསྟན། །བོན་ཉིད་མ་མཐོང་སོ་སྐྱེ་བྱིས་སོགས་བཏགས། །དམིགས་པ་རྣམ་པར་རིག་པ་འི་བློ་ལ་བརྒྱད། །ཚོགས་དྲུག་ཀུན་གཞི་ཉཽན་ཡིད་དང་བཅས་པ། རེ་རེ་ལྔ་རེ་ཉོན་ཡིད་ཕྱིན་ཅི་ལོག །བདག་དང་གཞན་འཛིན་ཉོན་མོངས་ཀུན་མཐུན་བྱེད། །ཀུན་གཞི་རྒྱུ་རྐྱེན་རྟེན་འབྱུང་དུག་ལྔ་བསྐྱེད། །བསོད་དང་བསོད་མིན་ལས་སྐྱེས་བག་ཆགས་བསྐྱེད། །ས་བོན་རྣམ་སྨིན་གཞིར་བཅས་བྱུང་ཐིམ་གནས། །ཟག་ཕུང་བསྟན་པའི་གནས་ཏེ་བཅུ་པའོ།། །།

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།