ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

 གཤེན་རབ་སེམས་ཅན་དགེ་སྡིག་ལུང་མ་བསྟན། །གཤེན་གྱི་ལས་སམ་བྱ་བར་འཇུག་པ་བཅུ། །རྣམ་དག་དལ་འབྱོར་རྟོག་མེད་དོན་མི་འདའ། །དམིགས་མེད་མ་ཆགས་རྩོལ་མེད་གཡེང་མི་མངའ། །མི་འགྱུར་མ་བཅོས་སེམས་ཅན་ལས་བྱར་འཇུག །མ་དག་འདུ་འཛི་རྟོག་དཔྱོད་ལོག་པར་འཁྲུལ། །དམིགས་འཆའ་འདོད་ཆགས་འབད་རྩོལ་ཡུལ་ལ་གཅོད། །དུས་འགྱུར་དོན་འཆོལ་དམ་པས་བསྟོད་འོས་ལས། །ཕྱག་རྒྱ་ཡི་གེ་དོན་དམ་ཀློག་འདོན་མཉན། །ཏིང་འཛིན་ཡི་རངས་ཚད་མེད་དགེ་བཅུ་རྫོགས། །བླ་མེད་བཅུ་བཅས་དམ་པས་སྨད་འོས་ལས། །གོ་མཚོན་འཐབ་རྩོད་གཞན་འདུལ་བདུད་ལས་རྔམ། །མཚམས་མེད་གཉིས་འཛིན་དད་ལོག་ལོག་ལྟར་འཁྲུལ། །སེམས་བྱུང་བར་མས་ཀུན་ནས་བསླངས་པའི་ལས། །རང་ལུགས་སྐད་འགྱུར་ལུས་གོས་བཟོད་མཐུན་མིན། །རོལ་རྩེད་གཙུག་ལག་སྒྱུ་འཕྲུལ་ཡུལ་ལ་སྤྱོད། །རྨི་ལམ་ལས་སོགས་རྣམ་པ་བཅུ་རེས་བསྟན། །ལས་སྤྱོད་བསྟན་པའི་གནས་ཏེ་བཅུ་བཞི་པའོ།། །།

     ཕྱིན་པར་བྱེ་པའི་ལམ་ལ་བཞིས་བསྟན་ཏེ། །རང་བཞིན་འཁོར་རྒྱུ་ཐར་ལམ་འཁོར་བ་མེད། །རྗེས་མེད་ཐག་རིང་གཉན་ལམ་དམིགས་རིས་ལམ། །རི་ཡི་ལམ་བཅས་ལྔ་དང་འཁོར་ལམ་ནི། །ལྷ་མི་ངན་སོང་གསུམ་དུ་འགྲོ་བྱེད་ཀྱི། །ལྟུང་དང་བྲེལ་ཕོངས་གཏི་མུག་ཆགས་སྡང་སོགས། །ངན་སོང་སྡུག་བསྔལ་ན་རག་ཡིད་གཟུགས་དང༌། །དྲི་ཟ་སོགས་ལས་ཐར་ལམ་འཁོར་མེད་ལམ། །མ་ཆགས་ས་དང་གཏད་མེད་རྩལ་གསུམ་མཆོང༌། །མ་བགྲོད་གནས་སུ་ཕྱིན་པའི་ལམ་དང་བཅས། །བགྲོད་ལམ་བསྟན་པའི་གནས་བཅོ་ལྔ་པའོ།། །།

     རང་ལ་བསྟན་པའི་གཞི་བྱེད་རིག་པ་ས། །འཁོར་དང་གཡུང་དྲུང་ཐེག་པ་བདེ་ཆེན་ས། །དམྱལ་བའི་ས་དང་ཡི་དྭགས་བྱོལ་སོང་ས། །མི་ཡི་ས་དང་རྒྱལ་ཆེན་རྩ་གསུམ་ས། །འདོད་ལྷ་གཞན་འཕྲུལ་སོགས་ས་བསམ་གཏན་གསུམ། །བསམ་གཏན་བཞི་པའི་ས་དང་གཙང་རིགས་ལྔ༌། །སྐྱེ་མཆེད་མི་བཞིའི་ས་བཅས་འཁོར་ས་དགུ། །ས་བཅུ་རབ་དགའ་དྲི་མེད་འོད་ཟེར་འཕྲོ། །ཕྱག་སྒྱུར་བོན་སྤྲིན་བདེ་ལྡན་ཡིད་བཞིན་འགྲུབ། །མ་ཆགས་ཡིག་འཁོར་མི་འགྱུར་གཡུང་དྲུང་ས། །ཀུན་འོད་བདེ་ཆེན་བོན་ས་སྐུ་གསུམ་རྫོགས། །ས་གནས་བསྟན་པའི་གནས་ཏེ་བཅུ་དྲུག་པའོ།། །།

     འབྲས་བུར་བཞི་སྟེ་རྒྱུ་མཐུན་དབང་འབྲས་དང༌། །རྣམ་པར་སྨིན་དང་བླ་མེད་རྒྱུ་མཐུན་ནི། །གང་མཐུན་རྐྱེན་འབྲས་དུས་སྟོན་གཅོད་རྒྱུ་མཐུན། །རིག་ཚོར་བསམ་པ་བསོད་ནམས་བྱེད་པོ་དང༌། །རང་བཞིན་དུས་ལ་རྒྱུ་རུ་འདོད་བཅ་དགུ། །དབང་འབྲས་ལས་དུས་བག་ཆགས་ཉོན་མོངས་དང༌། །ཐུགས་རྗེ་བསླུ་དགོངས་ཡེ་ཤེས་མི་རྟག་དགུ། །རྣམ་སྨིན་དགེ་སྡིག་ལུང་མིན་སྔོན་ཚེའི་ཤུགས། །རྐྱེན་ཡུན་མཚན་མ་བག་ཆགས་སྨོན་མཐའ་བརྟན། །བླ་མེད་འབྲས་བུ་སྦྱངས་འཕྲོ་མི་དམིགས་གསལ། །ཐིག་ལེ་མཉམ་བཞག་མ་གཡོས་སྐྱེ་མེད་རྟོགས། །གཡུང་དྲུང་བསྟན་འཛིན་རང་རིག་བཅོས་མེད་རྟོགས། འབྲས་བུ་བསྟན་པའི་གནས་ཏེ་བཅུ་བདུན་པའོ།། །།

    སླར་སྨྲས་པ། རབ་དཀར་ལྷག་པའི་བསམ་པས་ཀུན་བསླངས་ཏེ། །ཟབ་མོའི་གཞུང་འབྲེལ་རིན་ཆེན་འབྱུང་གནས་ལ། འཇུག་པའི་གཟིངས་སུ་འབད་དེ་འདི་བསྒྲུབས་པས། །སྐལ་ལྡན་གང་དག་དགྱེས་བཞིན་སྤྱོད་གྱུར་ཅིག །འདི་ན་རྣམ་དཔྱོད་གསར་པ་ལས་ཐོན་པའི། ལེགས་བཤད་སྐྱོ་མ་འགའ་ཞིག་མེད་མོད་ཀྱང༌། །ལེགས་པར་བཤད་ལ་གོམས་པ་འཕེལ་བ་དང༌། །སྐལ་མཉམ་འགའ་ལ་ཕན་པ་འབྱུང་ཕྱིར་ཡིན༌། །བསོད་ནམས་རྒྱལ་བསྟན་རྒྱས་པའི་རྒྱུ་རུ་བསྔོ། །ལེགས་བཤད་རི་བོང་མཚན་མའི་དཀྱིལ་འཁོར་ལས། །ཟབ་དོན་བསིལ་ཟེར་འབུམ་ཕྲག་ཟག་པའི་མོད། །བློ་གསལ་ཡིད་ཀྱི་ཀུན་དྷ་གསར་དུ་བཞད། །ཕན་བདེའི་ཟིལ་མངར་ཡོངས་སུ་འཛིན་གྱུར་ཅིག །། ཅེས་སྲིད་པའི་མཛོད་ཕུགས་ཆེན་མོའི་རྩ་ཚིག་བསྡུས་ནས་རྗེ་ཡི་མཛོད་འགྲེལ་ལ་འཇུག་པ་བདེ་ཞིང་སྤྱོད་དོན་ཡིད་ཡུལ་དུ་རིང་པར་གནས་པའི་ཆེད་དུ་སྨན་སློབ་བསྟན་འཛིན་རྣམ་དག་པས་བསྡེབས་པ་དགེའོ།། །།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་སྒོ་ཁྱམས་ཀྱི་ལོགས་སུ་བྲིས་པའི་ཚང་རྒྱུང་གི་བཀོད་པ།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་སྒོ་ཁྱམས་ཀྱི་ལོགས་སུ་བྲིས་པའི་ཚང་རྒྱུང་གི་བཀོད་པ།

(སྤྱིའི་གཟིགས་གྲངས། 299 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།