ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

     གང་ལ་རང་བཞིན་དང་ནི་རྐྱེན་གང་གིས། །དེ་མེད་པ་ནི་བསྐལ་པ་བརྗོད་པའོ། །འཇིག་གནས་ཚེ་དང་རང་བཞིན་གྲངས་རྒྱུན་མེད། །མིང་དང་ལས་དང་ཐུགས་རྗེའི་བསྐལ་པ་དགུ། །འཇིག་རྐྱེན་གྱིས་བསྐལ་དེ་ལ་མེ་རླུང་ཆུ། །ནད་མུག་མཚོན་བསྐལ་ཆགས་གནས་འཇིག་སྟོང་མཉམ། །གནས་དབང་གིས་མེད་རིགས་དྲུག་ཕན་ཚུན་བསྐལ། །ཚེ་དབང་གིས་མེད་དཔག་མེད་བཅུ་བར་བསྐལ། །རང་བཞིན་གྱིས་མེད་ལྷ་འདྲེ་འོན་ལོང་ལོགས། །གྲངས་དབང་གིས་མེད་ནད་རིམ་ཚེ་ཡི་ཚད། །ཁོལ་རྩེའི་དབང་གིས་མེད་པ་མེ་ཆུ་ནད། །མིང་དབང་གིས་བསྐལ་བསྐལ་ཕུང་བརྗོད་པ་སོགས། །ལས་དབང་གིས་བསྐལ་ཁུག་པ་བཅོ་བརྒྱད་དང༌། །ཡས་མར་གཉིས་ཏེ་ཉི་ཤུ་དུས་བཞི་ལ། །ཉི་ཤུ་རེ་སྟེ་བརྒྱད་ཅུར་བསྐལ་ཆེན་ཞེས། །ཐུགས་རྗེའི་དབང་གིས་མེད་པ་གྲངས་མེད་གསུམ། །ཚོགས་ནས་མཐོང་ལམ་ས་བརྒྱད་རྒྱུན་མཐའི་བར། །ཕྲ་རགས་སྒྲིབ་པ་སྤངས་མཐར་སངས་རྒྱས་འཐོབ། །འདི་ཉིད་རྟག་མཐའ་སྤང་བའི་ཆེད་དུ་གསུངས། །བསྐལ་པའི་གནས་ཏེ་ལེའུ་གཉིས་པའོ།། །།

    རྟག་ཆད་གཉིས་དང་བྲལ་བའི་ཡིན་ལུགས་དབྱིངས། །རྟེན་འབྲེལ་ལྷ་མོ་ཀློང་དགུ་དཔེ་དོན་རྟགས། །འབྱུང་བ་ལྔ་ལ་ཕུང་པོ་རྟེན་ཅིང་འབྲེལ། །ཕུང་སོགས་འབྱུང་ཆུང་ཉེར་ལྔས་མཚན་མེད་བསྒྲུབས། །འབྱུང་ལྔའི་ལྷ་མོའི་སྐུ་གསུང་ཐུགས་ཡོན་འཕྲིན། །ཆས་གསིལ་ལྷ་མོ་མཚན་མེད་དབྱིངས་སུ་གསལ།། མུ་མེད་འབྱམས་ཡས་རྒྱ་ཆད་ཁ་གཏིང་མེད། །དཔག་མེད་དོག་མེད་བདལ་ཆེན་ཟད་པ་མེད། འགྱུར་བ་མེད་བཅས་རེ་རེར་དགུའི་དབྱིངས་མཛོད། །དགོས་པ་རྨི་སྒྱུ་རྣམ་རྟོག་ཡིད་འཁྲུལ་དང༌། །རྒྱུན་གཡེང་མཚན་འཛིན་འཚེ་བ་ཡུལ་མཐོང་འཁྲུལ། །འཁོར་གདུང་རྐྱེན་དོས་འཁྲུལ་བློ་ལྡོག་ཆེད་བསྟན། །དཔེ་དོན་རྟགས་ཀྱི་གནས་ལུགས་མཚན་མེད་ནི། །སེམས་ཉིད་ཀུན་གཞི་བོན་ཉིད་ནམ་མཁའ་སྟེ། །སེམས་འབྱུང་བོན་ཅན་འཇིག་རྟེན་འབྱུང་ཐིམ་གཞི། །དཔེ་ཡིས་དོན་མཚོན་རྟགས་ཐོག་ངོ་འཕྲོད་ཆེད། །མཐའ་བྲལ་གནས་ལུགས་མཚན་མེད་བསྟན་པའོ། །དབྱིངས་ཀྱི་གནས་ཏེ་ལེའུ་གསུམ་པའོ།། །།

   རང་ཡུལ་བདེན་གཉིས་གང་རུང་རྟོགས་པའི་མཁྱེན། །ཡེ་ཤེས་དེ་ལ་དབྱེ་ན་ལྔ་ཡོད་དེ། སྟོང་ཉིད་མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་བ་གྲུབ་བཅས་ལྔ་ལ་ཡུལ་ལྡོག་གིས། །ཕྱེ་བའི་དུ་མར་ཡོད་ཅིང་རང་གི་ཡུལ། །སྟོང་ཉིད་རྟོགས་ཆ་ནས་བཞག་མཁྱེན་པས་ནི། །སྟོང་ཉིད་ཡེ་ཤེས་གསལ་སྟོང་ཟུང་འཇུག་གི། །ཚུལ་རྟོགས་ཆ་བཞག་མེ་ལོང་བདག་གཞན་སོགས། །རིས་མེད་རྟོགས་པའི་ཆ་ནས་མཉམ་པ་ཉིད། །བོན་རྣམས་སྤྱི་བྱེའི་རྣམ་པ་མ་འདྲེས་པར། རྟོགས་པའི་ཆ་ནས་སོར་རྟོགས་ཡེ་ཤེས་ཏེ། །གཞན་དོན་འཕྲིན་ལས་མ་ལུས་མཁྱེན་ཆ་ནས། །བྱ་གྲུབ་ཡེ་ཤེས་དང་ལྔ་དགོས་པ་ནི། །དུག་ལྔ་སྤང་དང་ཡེ་ཤེས་ཐོབ་ཕྱིར་རོ། །ཡེ་ཤེས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

    རང་བརྟེན་བོན་གྱི་གནས་རང་སྣོད་ཅེས་གསུངས། །ཕྱི་ནང་སོགས་སྣོད་འདུས་པ་དོན་གྱི་སྣོད། །ཤེས་པས་མ་ཟིན་རང་བརྟེན་བོན་གནས་རུང༌། །དེ་ལ་རྟེན་གསུམ་བརྟེན་པ་རི་མཚོ་གླིང༌། །རླུང་དཀྱིལ་ས་ཡ་དྲུག་འབུམ་གྲངས་མེད་དེ། །རྔམས་ཞེང་མཐའ་ཚད་ཆུ་རྔམས་འབུམ་ཕྲག་བརྒྱད། །ས་དཀྱིལ་འབུམ་གསུམ་ཁྲི་གཉིས་དཀྱིལ་ཐད་དུ། འབུམ་ཕྲག་བཅུ་གཉིས་སྟོང་གསུམ་ཕྱེད་ལྔ་བརྒྱ། །དཀྱིལ་ཚད་སུམ་འགྱུར་མཐའ་སྐོར་གཉིས་ཀ་མཉམ། །བརྟེན་པ་ལྷུན་པོ་གཉའ་ཤིང་ཐོང་གཤོལ་འཛིན། །གསེར་གྱི་མདོག་དང་ལྟ་སྡུག་རྟ་རྣ་འཛིན། །ཀུན་འདུད་མུ་ཁྱདུད་འཛིན་གསེར་འཁོར་ཡུག་ལྕགས། །རི་རབ་བརྒྱད་ཁྲི་ཆུར་ནུབ་དེ་མཉམ་ཐོན། །རྔམས་ཞེང་མཉམ་མོ་རི་བདུན་ཕྱེད་ཕྱེད་བྲི། །རི་རྣམས་གྲུ་བཞི་ལྕགས་རི་ཟླུམ་པོས་བསྐོར། །མཚོ་བདུན་ནང་ཞེང་དཔག་ཚད་བརྒྱད་ཁྲི་སྟེ། །མཚོ་གཞན་དེ་ལས་རིམ་བཞིན་ཕྱེད་ཕྱེད་བྲི། །ངོས་སུ་རང་ཞེང་སུམ་འགྱུར་ཕྱིའི་རོལ་མཚོ། །ཟླ་གམ་དཀྱིལ་ཞེང་དཔག་ཚད་འབུམ་ཕྲག་གཉིས། །ཁྲི་གཉིས་སྟོང་གཉིས་གླིང་དབུས་ཆུ་དེར་འབྲེལ། །གླིང་བཞི་ལྷོ་གླིང་སོག་ཁ་མཐའ་སྐོར་དུ། །དཔག་ཚད་དྲུག་སྟོང་ཕྱེད་དང་བཅུ་གཉིས་འཁོར། །ཤར་གླིང་ཟླ་གམ་དཀར་པོ་མཐའ་སྐོར་དུ། །དཔག་ཚད་བདུན་སྟོང་ལྔ་བཅས་འཁོར་བར་གསུངས། །ནུབ་གླིང་དམར་ཟླུམ་སྟོང་ཕྲག་ཕྱེད་བརྒྱད་འཁོར། །བྱང་གླིང་གྲུ་བཞི་ལྗང་ཁུ་བརྒྱད་སྟོང་འཁོར། །གླིང་ཕྲན་ཤར་ནས་རིམ་པས་རྐོ་རིང་ཐུང༌། །གྱག་ཏི་གྱོག་ཏི་མར་ཞི་ཏིང་ཞི་དང༌། ཁ་སློན་སྤྲེ་རྒྱུ་བརྒྱད་རྣམས་དབྱིབས་གླིང་མཚུངས། །ཚད་ནི་གླིང་གི་སུམ་ཆ་ཅུང་མ་སླེབས། །གླིང་རྣམས་མིའི་རྟེན་གླིང་ཕྲན་མི་འམ་ཅི། །རི་དགུའི་ལྷོ་ཕྱོགས་འཛམ་གླིང་དབུས་ལྟེ་ན། །སྤོས་རི་ཏི་སེའི་བར་དུ་མ་ཕམ་མཚོའི། །ཆུ་མཚམས་ནས་མར་དཔག་ཚད་ཉིས་ཁྲིའི་སར། །དམྱལ་བ་མནར་མེད་སྟེང་རིམ་ཚ་ཆེན་དང༌། །ཚ་བ་ངུ་འབོད་ཆེན་པོ་ངུ་འབོད་དང༌། །བསྡུས་འཇོམ་ཐིག་ནག་ཡང་སོས་བརྒྱད་རེའི་ཕྱིར། །མེ་མུར་རོ་མྱག་རལ་གྲི་ཐལ་ཚན་བསྐོར། །ཚ་སྟེང་རིམ་བཞིན་ཨུ་དཔལ་ལྟར་ཆེར་གས། །ཨུ་དཔལ་ལྟར་གས་པད་མ་ལྟར་ཆེར་གས། །པད་མ་ལྟར་གས་ཀྱི་ཧུད་ཨ་ཆུ་ཅན། །ཆུ་བུར་རྡོལ་དང་ཆུ་བུར་

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།