ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

    ཡུལ་དང་ཡུལ་ཅན་གང་བསྡུས་མངོན་སུམ་བསྐྱེད། །མངོན་རྟོགས་སྐྱེ་མཆེད་བཅུ་གཉིས་དབང་པོ་དྲུག །མིག་དང་རྣ་བ་སྣ་ལྕེ་ལུས་ཡིད་དྲུག །གཟུགས་སྒྲ་དྲི་རོ་རེག་བོན་ཡུལ་གྱི་དྲུག དབང་པོ་རྣམས་ལ་དྲུག་རེའི་རང་བཞིན་དང༌། །དངོས་པོ་སྙིང་པོ་འོད་ཟེར་སྣོད་ལས་སོ། །ཡུལ་ལའང་དྲུག་རེ་ཡུལ་དངོས་འོད་ཟེར་དང༌། །སྙིང་པོ་རང་བཞིན་ལས་ཀྱི་སྐྱེ་མཆེད་དོ། །སྐྱེ་མཆེད་བསྟན་པའི་གནས་ཏེ་བཅུ་གཅིག་པའོ།། །།

     རྟོགས་བྱ་རྒྱ་ཆེ་རང་མཚན་མ་འདྲེས་པ། །འབྱུང་བ་དབང་པོ་སེམས་ཅན་ཁམས་དང་གསུམ། །སྤྱི་མཐུན་ལས་ཀྱི་ཆགས་གནས་འཇིག་སྟོང་གྲུབ། །མེ་བདུན་རྗེས་སུ་ཆུ་བདུན་དེ་རྗེས་རླུང༌། །བསམ་གཏན་གསུམ་མན་རིམ་འཇིག་བཞི་སྐྱོན་བྲལ། །འཇིག་ཆགས་བར་སྟོང་ཆགས་པ་རླུང་ནས་བརྩམ། །མེ་ཆུ་གསེར་ས་རི་གླིང་འཁོར་ཡུག་ཆས། །དབང་པོ་བརྟེན་དང་དམིགས་པ་དབང་ཤེས་དྲུག །བཅོ་བརྒྱད་ཀྱིས་ནི་དབང་ཁམས་ཡིན་ལུགས་བསྟན། །འབྱུང་རྒྱུ་དབང་རྐྱེན་འཛོམ་པས་སེམས་ཅན་ཁམས། །གཟུགས་མེད་གཟུགས་དང་འདོད་ཁམས་གཟུགས་མེད་བཞི། །ཡོད་མིན་ཅི་མེད་རྣམ་ཤེས་ནམ་མཁའ་བརྗོད། །གཟུགས་ཁམས་བཅུ་བདུན་གཙང་མ་རིགས་ལྔ་ནི། །འོག་མིན་གནམ་དང་གྱ་ནོམ་ཤིན་ཏུ་མཐོང༌། །མི་གདུང་མི་ཆེ་བཅས་སོ་བསམ་གཏན་བཞིར། །གསུམ་རེ་ཡོད་དེ་བཞི་པར་འབྲས་བུ་ཆེ། །བསོད་ནམས་སྐྱེས་དང་སྤྲིན་མེད་གསུམ་པའི་ལྷ། །དགེ་རྒྱས་ཚད་མེད་དགེ་བ་དགེ་ཆུང་ངོ༌། །ཚད་མེད་འོད་དང་འོད་ཆེན་འོད་ཆུང་གཉིས། །འབུམ་ཁྲི་ཀུན་འཁོར་འདུན་འདོན་དང་པོའི་ལྷ། །འདོད་ལྷ་རྒྱལ་ཆེན་རྩ་གསུམ་འཐབ་བྲལ་དང༌། དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དོ། །མི་དང་ཀླུ་དང་ཡི་དྭགས་དམྱལ་བའི་ཁམས། །ཁམས་བསྟན་པའི་གནས་ཏེ་བཅུ་གཉིས་པའོ།། །།

     མཚན་ཉིད་འཁོར་དང་མྱ་ངན་འདས་པའི་བོན། །བདག་འཛིནདབང་གིས་སྡུག་བསྔལ་བཅས་པའི་བོན། །འཁོར་བའི་བོན་ནོ་ངོ་བོ་གནས་དཔེ་ཚུལ། །དབྱེ་བ་གཟུགས་ཚོར་འདུ་ཤེས་འདུ་བྱེད་ཤེས། །གཟུགས་ནི་གཟུགས་རུང་རྒྱུ་འབྲས་རིག་བྱེད་མིན། །ཚོར་བ་བདེ་སྡུག་བཏང་སྙོམས་ཅི་རིགས་མྱོང༌། །འགགས་དང་འཕྲད་འདོད་བྱུང་བ་འབྲལ་བར་འདོད། གཉིས་ཀར་མི་འདོད་འདུ་ཤེས་མཚན་མར་འཛིན། །རྒྱ་ཆུང་རྒྱ་ཆེན་དཔག་མེད་འདུ་བྱེད་ནི། །བེམ་ཤེས་གང་མིན་འདུ་བྱེད་དེ་ལ་གཉིས། །སེམས་ལྡན་ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ༌། །དགེ་བ་བཅུ་གཅིག་རྩ་ཉོན་ཉེ་བའི་ཉོན། །གཞན་འགྱུར་བཞི་བཅས་གཉིས་པ་ཐོབ་སྙོམས་དང༌། སྐྱེ་རྒ་ན་འཆི་མིང་ཚིག་ཡི་གེ་སོགས། །རྣམ་ཤེས་མིག་རྣ་སྣ་ལྕེ་ལུས་དང་ཡིད། །བླང་བྱ་མྱང་འདས་སྦྱིན་པ་ཚུལ་ཁྲིམས་དང༌། །བཟོད་པ་བརྩོན་འགྲུས་བསམ་གཏན་སྟོབས་སྙིང་རྗེ། །ཐབས་དང་ཤེས་རབ་བཅུ་ལ་དྲུག་རེས་བསྟན། །སྟོང་ཉིད་བཅོ་བརྒྱད་ཕྱི་དང་ནང་ཕྱི་ནང༌། །འདུས་བྱས་མ་བྱས་མཐའ་འདས་མི་དམིགས་ཆེ། །དོན་དམ་རང་བཞིན་རང་མེད་རང་གི་མཚན། །ཐོག་དང་ཐ་མེད་དོར་དང་དངོས་པོ་མེད། །དངོས་མེད་ངོ་བོའི་བོན་རྣམས་སྟོང་པ་ཉིད། །དེ་རྣམས་དྲུག་རེའི་སྒོ་བསྟན་བསྒོམ་བྱར་གསུངས། །གོམས་བྱེད་བྱང་ལམ་བཅུ་གཉིས་རིམ་པ་ནི། །དྲན་པ་ཉེར་བཞག་ཡང་དག་སྤོང་པ་དང༌། །རྫུ་འཕྲུལ་རྐང་དང་དབང་པོ་ཏིང་འཛིན་ལྔ༌། །གཤེན་ལམ་མི་འཇིག་སྟོབས་དང་ཐར་ལམ་བརྒྱད། །ཕྱིར་མི་ལྡོག་དང་ཕྱིར་འོང་རྒྱུན་ཞུགས་འབྲས། །ཚད་མེད་བཞི་འོ་འབྲས་བུ་ཐུན་མོང་ཁྱད། །མ་འདྲེས་ཡང་དག་རིག་པ་བདེན་པ་བཞི། །སོ་སོ་རིག་པ་མི་བསྙེལ་སྙོམས་འཇུག་དགུ། །མཚན་མེད་སྙོམས་བཞི་རྒྱུན་གནས་ཐུགས་རྗེ་བཞི། །ཕྱེ་མེད་མ་འདྲེས་པ་དགུ་རང་རིག་བདུན། །གཤེན་རབ་བདེན་བཞི་ཡང་དག་རིག་པ་བཞི། །མི་བསྙེལ་གཟུངས་བདུན་མཐའ་གནས་སྙོམས་འཇུག་དགུ། །མཚན་མེད་སྙོམས་བཞི་རྒྱུན་གནས་ཐུགས་རྗེ་བཞི། །འབྲས་རྟགས་ལྟ་བ་དམ་ཚིག་འཕྲིན་ལས་སྤྱོད། །ཡོན་ཏན་སྙོམས་གནས་སྐུ་གསུང་ཐུགས་མཁྱེན་བླ། །མཚན་ཉིད་བསྟན་པའི་གནས་ཏེ་བཅུ་གསུམ་པའོ།། །།   

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།