ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དྲུག་པའི་ལོ་འཁོར་འཁོར་མཇུག་བསྡོམས་མཛད་སྒོ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་༢༦པ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གཞི་རིམ་སྔོན་འགྲོའི་སློབ་གྲྭ་བཅས་ཀྱི་ལོ་གཅིག་གི་སློབ་གཉེར་ལས་རིམ་ཡོངས་སུ་གྲུབ་མཚམས་ཀྱི་མཇུག་བསྡོམས་འཚོགས་ཆེན་ཉིན་གཉིས་རིང་གི་གནས་ཚུལ།

 

 

 

 

ཕྱི་ལོ་ ༢༠༢༡ ཟླ་བ་ ༠༢ པའི་ཚེས་ ༡ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་༠༤་པར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་གཙོས་མཁན་སློབ་རྣམས་དང་། གྲྭ་ཚང་བླ་མ། དགེ་བའི་བཤེས་གཉེན་རྣམ་པ། གྲྭ་ཚང་གི་ལས་བྱེད་རྣམ་པ། སྐབས་ཉེར་དྲུག་པ་དང་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེའི་འགན་འཛིན་གསར་རྙིང་རྣམ་པ་དང་གྲྭ་མང་བཅས་གཙུག་ལག་ཁང་དུ་ཡོངས་སུ་འཛོམས་རྗེས་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཤེས་རབ་དགེ་ལེགས་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་འཚམས་འདྲི་དང་བཅས་མཛད་རིམ་ངོ་སྤྲོད་གནང་། དེ་ནས་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཤེས་རབ་དགེ་ལེགས་ལགས་ཀྱིས་འཚོགས་འདུ་སྟངས་འཛིན་འོག་མཛད་རིམ་ལྟར་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཁྲི་གཙུག་བསྟན་པ་ལགས་དང་། སྐབས་ཉེར་དྲུག་པའི་སྒྲུབ་གྲྭའི་དགེ་སྐོས་གཡུང་དྲུང་གཙུག་ཕུད་རྣམ་པ་གཉིས་ནས་རིམ་པ་བཞིན་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམ་པའི་ལོ་གཅིག་རིང་འཚོགས་དང་འཆད་ར། དམ་བཅའ། བགྲོ་གླེང་། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་དང་། དེ་བཞིན་སྒྲུབ་གྲྭ་བ་རྣམ་པའི་ལོ་གཅིག་རིང་གི་ཐུན་དང་བསགས་སྦྱོང་། དཔེ་ཁྲིད་བཅས་ལ་སྒེར་ཆད་དང་སྤྱི་ཆད་བྱུང་བ་རྣམས་སྒྲོག་སྦྱངས་གནང་། དེ་རྗེས་གྲྭ་ཚང་སྤྱི་གཉེར་ཆེན་མོ་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་དང་། གྲྭ་ཚང་དགེ་བསྐོས་ཆེན་མོ་དགེ་བཤེས་ཤེས་རབ་མཆོག་རྒྱལ། དེ་བཞིན་སྐབས་ཉེར་དྲུག་པ་དང་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་བཅས་ནས་གྲྭ་ཚང་གི་སྒྲིག་ལམ་དང་འབྲེལ་བའི་གསུང་བཤད་རིམ་པར་གནང་། དེ་རྗེས་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་བཅས་ནས་བཀའ་སློབ་ཟབ་རྒྱས་གནང་། མཐར་དགོང་མོའི་ཕྱག་ཚོད་བརྒྱད་པ་ཐོག་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཤེས་རབ་དགེ་ལེགས་ཀྱིས་མཇུག་བསྡུའི་གཏམ་བཤད་གནང་སྟེ་ཉིན་འདི་ཡི་ཚོགས་འདུའི་མཛད་རིམ་གྲུབ།

ཉིན་གཉིས་པར་གཙོ་བོ་ལོ་འཁོར་རྒྱུགས་སྤྲོད་ནང་བརྒྱ་ཆ་མཐོ་ཤོས་ལེན་མཁན་རྣམས་ལ་གཟེངས་རྟགས་འབུལ་རྒྱུ་དང་། ལོ་ལྟར་བཞིན་བཤད་སྒྲུབ་འདུས་སྡེའི་ལས་བྱེད་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་རྒྱུའི་མཛད་སྒོ་བཅས་ཡིན། དེ་ཡང་ཕྱི་ལོ་ ༢༠༢༡ཟླ་བ་ ༠༢པའི་ཚེས་ ༢ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨པའི་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་གཙོས་མཁན་སློབ་རྣམས་དང་། གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་དང་། སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་མཆོག་དང་སྨན་དགེ་གནམ་སྲས་གཙོས་དགེ་རྒན་རྣམས་དང་སློབ་ཕྲུག་རྣམ་པ། གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་དགེ་བཤེས་ཤེས་རབ་མཐར་ཕྱིན་དང་རྒན་དོན་གྲུབ་རྒྱལ་མཚན་གཙོས་དགེ་རྒན་རྣམས་དང་མ་མ་སློབ་ཕྲུག་ལྷན་རྒྱས་བཅས་ཚོགས་ཁང་དུ་ཡོངས་སུ་འདུ་འཛོམས་གནང་རྗེས། སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཤེས་རབ་དགེ་ལེགས་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་འཚམས་འདྲི་དང་བཅས་ཏེ་མཛད་རིམ་གསལ་བསྒྲགས་གནང་། དེ་རྗེས་མཛད་རིམ་ལྟར་ཐོག་མར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམ་པ་དང་སྐབས་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམས་ལ་མཚམས་འདྲིའི་ཁ་བཏགས་སྒྲོན་ཞིང་ལས་བྱེད་གསར་རྙིང་བརྗེ་ལེན་གནང་། དེའི་རྗེས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་མཚམས་འདྲི་དང་བཅས་ངོ་སྤྲོད་གནང་རིམ་བཞིན་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་ལེན་གྱི་ཁ་བཏགས་སྒྲོན། དེའི་རྗེས་སུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བའི་ཁྲོད་ནས་ལོ་གཅིག་ནས་ལོ་བཅུ་བཞི་བར་བཤད་སྒྲུབ་འདུས་སྡེའི་འཚོགས་དང་འཆད་ར་དཔེ་ཁྲིད་རིག་གནས་དཔེར་བརྗོད་སོགས་གང་ཡང་མ་ཆད་པ་བྱུང་བ་རྣམས་དང་། སྐབས་ཉེར་དྲུག་པའི་རིང་རྒྱུད་བུ་ཆུང་བཅུ་གཉིས། གཟེར་བུ་ཉེར་གཅིག གཞི་རྒྱུད་ཆ་ཚང་། ཐེག་འགྲེལ་སྔགས་ཆ་ཚང་། མཚོན་བྱེད་ཞེ་ལྔ། ཐེག་འགྲེལ་མདོ་གཞུང་ཆ་ཚང་། ཚད་མ་རྣམ་འབྱེད་ཀྱི་རང་འགྲེལ། རྟགས་ཀྱི་རིག་པའི་རྣམ་བཤད། རྟགས་རིག་ཚད་མའི་གཞུང་འཇུག སུམ་ལྡན་སྡུད་གྲྭའི་རྣམ་བཤད། རིག་ལམ་སྡུད་གྲྭའི་རྣམ་བཤད་ངོས་འཛིན་བློ་གསལ་འཇུག་སྒོ་བཅས་དམིགས་བསལ་གཞུང་ཆེན་ཁག་ངག་རྒྱུགས་འཕར་མ་འབུལ་མཁན་རྣམས་དང་། རིག་ལམ་སྔོན་འགྲོའི་འཆད་རྒྱུགས། དེ་རྗེས་འཛིན་གྲྭ་སོ་སོའི་བྲིས་རྒྱུགས་དང་རྩོད་རྒྱུགས། འདི་ལོའི་ངག་རྒྱུགས། རིག་གནས་རྒྱུགས་སྤྲོད། སྤྱི་ཡོངས་ཀྱི་རྩོད་རྒྱུགས་དང་བྲིས་རྒྱུགས། དམིགས་བསལ་སྔགས་རྫོགས་གཞུང་ཆེན་ཆེད་སྦྱོང་གི་འཆད་རྒྱུགས་སོགས་རྒྱུགས་སྤྲོད་ཁག་གི་བརྒྱ་ཆ་མཐོ་ཤོས་ལེན་མཁན་རྣམས་ལ་དམིགས་བསལ་གཟེངས་རྟགས་བསྩལ་གནང་མཛད། དེའི་རྗེས་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་དགེ་བཤེས་ཤེས་རབ་མཐར་ཕྱིན་ལགས་ཀྱིས་རྒྱུགས་སྤྲོད་སྐོར་གསལ་བཤད་གནང་རིམ་བཞིན་བོད་ཡིག་འཛིན་གྲྭ་དང་པོ་ནས་བཞི་པ་བར། དབྱིན་ཇིའི་འཛིན་གྲྭ་གཉིས་པ་ནས་བཞི་པ་བར། བལ་སྐད་འཛིན་གྲྭ་དང་པོ། གཏམ་བཤད། འདོན་རྒྱུགས། བྲིས་གཟུགས། ཀུན་སྤྱོད་ཡག་ཤོས་སོགས་བྱ་དགའ་གསོལ་རས་བསྩལ་གནང་མཛད། དེའི་རྗེས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་རྒྱུགས་སྤྲོད་སྐོར་གསལ་བཤད་གནང་རིམ་བཞིན་གསོ་བ་རིག་པའི་བྲིས་རྒྱུགས་དང་། སྨན་གྱི་ངག་རྒྱུགས། བརྡ་སྤྲོད་དང་སྙན་ངག་གི་བྲིས་རྒྱུགས། སྨན་གྱི་ལོ་རྒྱུས་ཀྱི་བྲིས་རྒྱུགས། དབྱིན་ཇིའི་སྐད་ཡིག་བྲིས་རྒྱུགས། ཨང་རྩིས་བྲིས་རྒྱུགས་བཅས་ཀྱི་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་ཐོབ་མཁན་དང་། བཟང་སྤྱོད་ལེགས་འདེམས་ཀྱི་སློབ་མ་རྣམས་ལ་དམིགས་བསལ་གྱི་གཟེངས་རྟགས་བསྩལ་གནང་མཛད། དེའི་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་རིན་པོ་ཆེ་མཆོག་ནས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གཞི་རིམ་སྔོན་འགྲོའི་སློབ་གྲྭ། དགེ་རྒན་དང་ལས་བྱེད་སོགས་སྤྱི་ཡོངས་ལ་བཀའ་སློབ་ལམ་སྟོན་གྱི་བཀའ་དྲིན་བསྩལ་གནང་མཛད། དེའི་རྗེས་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཁྲི་གཙུག་བསྟན་པ་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་གནང་གྲུབ་རྗེས་མཉམ་པར་བསྒྲོན་ཏེ་འདི་ལོའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་མཇུག་བསྡོམས་ཀྱི་འཚོགས་འདུ་ཆེན་མོ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་ཀྱི་དྲ་བའི་གཙོ་སྒྲུབ་པས་༢༠༢༡ཟླ་བ་ ༠༢ པའི་ཚེས་ ༢ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,064 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        འབ…
error: རྩོམ་འདི་བདག་དབང་ཅན་ཡིན།