ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དབལ་འབར་སྟག་སླག་ཅན་ནམ་བསྟན་འཛིན་དབང་རྒྱལ་གྱི་ངོ་སྤྲོད་མདོར་བསྡུས།

རིག་འཛིན་དབལ་འབར་སྟག་སླག་ཅན། རྩོམ་པ་པོ།  གནམ་མཚོ། ཁྱུང་པོ་ཀོ་རྒྱལ་དགོན་གྱི་སློབ་གཉེར་བ།

       ཡབ་སྒར་ཁོང་ཚང་དུ་འཁྲུངས་པའི་སངས་གླིང་བཞི་པ་པད་མ་གར་དབང་དང་ཡུམ་ཁྲམ་བཟའ་ཨ་ཏིང་གཉིས་ཀྱི་སྲས་སུ་ཟླ་གཤིས་བླ་བྲང་དུ་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ལོ་སྟེ་༡༨༣༣་ལ་སྐུ་འཁྲུངས་ནས་ད་བར་མི་ལོ་༡༨༢སོང་ཡོད། རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ལ་ཡིན་པ་གཏེར་ཆེན་རང་གི་ཞལ་བཞེས་ཡིན་ཏེ། ཡབ་སྲས་ཐུགས་སྒྲུབ་གཏེར་བྱུང་ལོ་རྒྱུས་ལས། སྐྱེས་བདག་ཆུ་སྦྲུལ་ལོ་ཐོ་པའི།། ཁོ་བོ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་བདག། ཅེས་དང་། རང་ལོ་ལྔ་ལོན་མེ་བྱ་ཟླ་ཚེས་ཀྱི།། ཉི་ཤར་བྱི་སྦའི་སྣང་ཚུལ་རོལ་རྩེད་ཀྱིས།། ཞེས་སོགས་ཀྱི་ངེས་ལ་དགུང་ལོ་ལྔ་ཟིན་ནས་མ་སྲིང་མཁའ་འགྲོས་བརྡ་ལུང་དུ་མ་བསྩལ་བ་དང་། གཏེར་སྙན་རྒྱུད་ཀྱི་དབུ་བཟུང་ཞིང་ཚེ་ཕྱེད་ལྷ་དང་ཚེ་ཕྱེད་མི་རུ་སྣང་བས་འཕྲིན་ལས་བསྐྱངས། ལོ་དྲུག་ནས་ཡབ་སྲས་ཐུགས་སྒྲུབ་སྙན་དུ་བརྒྱུད། ལོ་བདུན་ཐོག་ཡབ་ཀྱི་དྲུང་ནས་ཡི་གེ་སློབ་པར་གསལ་ཏེ། ལུང་དེ་ཉིད་ལས། ས་ཕག་ཟླ་བའི་ཡར་ཚེས་བཟང་པོའི་ཉིན།། ཡབ་མཆོག་བསྟན་གཉིས་གླིང་པའི་གཟིམས་དཀྱིལ་ནང་།། ཚེ་སྒྲུབ་རྡོ་རྗེ་གོ་ཁྲབ་དབུ་ཡི་ཕྱོགས།། ཉི་ཤར་རྟེན་འབྲེལ་བརྟག་ཅིང་ཡིག་རིགས་སློབ།། ཅེས་སོ།། རང་ལོ་བརྒྱད་སྟེང་སྟེ་ལྕགས་བྱི་ལོར། སྐྱབས་མགོན་ཟླ་བ་རྒྱལ་མཚན་ཧོར་ནས་ཁྱུང་ཡུལ་དུ་ཕེབས་སྐབས་ཁོང་གི་མདུན་ནས་སོ་ཐར་གྱི་སྡོམ་པ་བཞེས་མྱོང་བ་སྐྱབས་མགོན་རྣམ་ཐར་གཡུང་གླིང་རྒྱལ་ཚབ་ཀྱིས་མཛད་པ་ལས་གསལ་བ་ནི། གནས་མཆོག་རྩེ་དྲུག་ཏུ་ཞག་བཅུར་བཞུགས་སངས་གླིང་བཞི་པའི་ཡང་སྲིད་ལ་མཇལ། ཕན་ཚུན་དགྱེས་པའི་མཆོད་པ་བྱེ་བྲག་མང་པོར་ཕུལ་སྙན་རྒྱུད་སྤྲུལ་པའི་སྐུ་མཆོག་དབལ་འབར་སྟག་སླག་མཉེས་པར་སོ་ཐར་གྱི་སྡོམ་པ་བྱིན། གཡུང་དྲུང་བསྟན་འཛིན་གསོལ་ཞེས་གསལ།

      དགུང་ལོ་དགུ་ནས་བཅོ་ལྔ་བར་གཙོ་བོ་མ་འདལ་རི་ཁྲོད་དང་ཁྱུང་ནག་ཕོ་བྲང་གཉིས་སུ་བཞུགས་ཆེ་འདུག་ལ། དགུང་ལོ་བཅོ་ལྔའི་སྟེང་རྨ་པོམ་ར་ནས་ཕུར་པའི་ལས་མཐའ་དགོངས་གཏེར་བཞེས། བཅུ་དྲུག བཅུ་བདུན་སྐབས་སུ་རྩེ་དྲུག་དང་ཟླ་གཤིས་སོགས་སུ་བཞུགས་ཆེ་བར་སྣང་། ཟླ་གཤིས་སུ་གཤིན་དམར་སྟག་སླག་ཅན་གྱི་ཕྱག་བྲིས་རྒྱ་ནག་ལྕགས་བྲིས་གཤིན་རྒན་མ་ཟེར་བ་རྟེན་རྩ་ཆེན་དུ་བྱེད་པ་དུས་ཕྱིས་ཡོད་འདུག་ཟེར། ཁོང་གི་རྩ་བའི་བླ་མའམ་དཔོན་གསས་འགྲན་བྲལ་བསོད་ནམས་རྒྱལ་མཚན་དང་། བཙུན་མ་ཚུལ་ཁྲིམས་དཔལ་བཟང་གཉིས་གཙོ་བོར་བསྟེན། དགུང་ལོ་བཅུ་བཞིའི་སྟེང་ཝ་རྫོང་དུ་སྨན་རིའི་མཁན་རབས་ཉེར་གསུམ་པ་ཉི་མ་བསྟན་འཛིན་མཇལ་འཕྲད་བྱུང་བ་སོགས་གཏེར་བྱུང་ལས་བཤད། གསང་སྔགས་སྒྲུབ་པའི་གཏེར་གྲོགས་སུ་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་གསུམ་ཡོད་པར་བཤད། གཟི་ཀིས་ནས་དཀར་མོ་སྲིད་རྒྱལ་གྱི་སྒྲུབ་གཞུང་སོགས་གཏེར་དུ་བཞེས་སྐབས་སྐུ་ཡི་མཁའ་འགྲོ་མ་ནག་རུ་སྲས་མོ་སྟེང་ཆེན་ཁ་ལ་བཞུགས་མི་ལ་གྲོགས་ལ་བརྟེན་པ་བཤད་སྲོལ་འདུག། ཐིག་ལེ་གཏིང་རྫོགས་ལོ་རྒྱུས་ལས།།བཅུ་བདུན་རྒྱས་པའི་ལང་ཚོ་ལ།། མ་རིག་ལོག་པའི་བར་ཆོད་ཉེ།། གདུལ་དཀའ་བར་ཆོད་ཞི་ཕྱིར་དུ།། གཤེན་རབ་ཐུགས་སྤྲུལ་བོན་གྱི་གནས།། མདུང་རྩེ་འདྲ་བའི་མདུན་དྲུང་དུ།། བསྐོར་བ་བརྒྱ་ཕྲག་བྱས་ནས་སུ།། མོས་པའི་རྐྱོང་ཕྱག་ལན་གཅིག་འཚལ།། ཞེས་གསུངས། ཡི་དམ་དབལ་གསས་དང་སྲུང་མ་ཨ་བསེ་གཙོ་བོར་བསྟེན། ལོ་བཅོ་བརྒྱད་དང་བཅུ་དགུར་རྩེ་དགོན་དུ་བཞུགས། དགུང་ལོ་ཉེར་གཉིས་ཤིང་སྟག་ལོར་གསང་བའི་སྒོ་ནས་ཚ་བ་རོང་དུ་ཕེབས་ཏེ། ཕུར་ལ་དགོན་མདངས་ལྡན་གཡུང་དྲུང་གླིང་དུ་ཞི་ཁྲོ་རབ་འབྱམས་རྩ་གསུམ་ཀུན་འདུས་བཀའ་རྒྱ་དཀྲོལ་ནས་སྟོད་ཆ་ཕབ་ཚར་དུས་ཐུགས་ཀྱི་མཁའ་འགྲོ་མ་རྨེའུ་སྲས་མོ་སྐལ་བཟང་ལྷོ་མོས་དབྱིབས་བླ་བྲང་དུ་གདན་དྲངས་ནས་མག་པའི་ཚུལ་དུ་བཞུགས། དགུང་ལོ་ཉེར་གསུམ་སྐབས་ཚ་བ་རོང་གི་ཚོང་དཔོན་ནོར་བུ་དོན་འགྲུབ་ནད་འདུལ་གྱི་ཆེད་དུ་གདན་དྲངས་པས་ནད་པར་བསྔངས་སྐྲག་བྱེད་མི་ཉན་གསུངས་ནས་ཕུར་པ་འབྲུག་གསས་ཆེམ་པ་དངོས་སུ་ཞལ་བསྟན་ཏེ་ནད་བདག་བསྒྲལ། དགུང་ལོ་ཉེར་བཞིའི་ཐོག་རྩེ་དགོན་དུ་ཡར་ཕེབས་ནས་ཁྱུང་དཀར་བླ་མ་ཡོན་ཏན་དང་གཡུང་དྲུང་མ་འདལ་མཚམས་པ་རྣམ་གཉིས་སོགས་ཁྱུང་པོའི་བླ་ཆེན་ཁག་ལ་བཀའ་གཏེར་སྙན་གསུམ་གྱི་དབང་ལུང་བརྒྱུད་བསྒྲགས་གནང་།།

      དགུང་ལོ་ཉེར་ལྔར་མེ་སྦྲུལ་ལོར་སྲས་བཙུན་རྒྱལ་འཁྲུངས། ཉེར་དྲུག་བདེ་ཆེན་གླིང་པ་མཇལ་འཕྲད་མཛད། ཉེར་བདུན་ས་ལུག་ལོར་ཡབ་སངས་གླིང་པད་མ་གར་དབང་དགོངས་པ་གཤེགས་པས་དགུང་ཞག་དང་གདུང་སྲེག་རྒྱས་པ་གནང་། ཉེར་བརྒྱད་ལོར་སྲས་ཁྱུང་སྤྲུལ་གཡུང་དྲུང་འགྱུར་མེད་དམ་གཡུང་དྲུང་བསྟན་འཛིན་འཁྲུངས། སོ་གཉིས་ཐོག་རྩེ་དྲུག་ལ་ཕེབས་ནས་བླ་མ་ཁྱུང་དཀར་གཡུང་དྲུང་སོགས་ལ་དབང་ལུང་ཁྲིད་རྒྱུད་སྤེལ། སོ་དྲུག་ཐོག་གྲྭ་ས་གཡུང་དྲུང་གླིང་དུ་ཕེབས་ནས་སྐྱབས་མགོན་ཟླ་བ་རྒྱལ་མཚན་དང་སྨན་རིའི་མཁན་ཆེན་ཉེར་གསུམ་པ་ཉི་མ་བསྟན་འཛིན་རྣམ་གཉིས་དང་མཇལ་ཞིང་ཁྲིད་ལུང་ཕན་ཚུན་སྤེལ་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས། དབལ་འབར་སྟག་སླག་གིས་དབལ་ཆུ་ཛོ་དམར་བཀོལ་བའི་གྲུབ་རྟགས་རང་མཚན་འབར། སོ་བདུན་ཐོག་སངས་གླིང་སྤྲུལ་སྐུ་བསོད་ནམས་བློ་གྲོས་སྐུ་འཁྲུངས། སོ་བརྒྱད་ཐོག་ལ་མ་རྒྱུད་བསྙེན་བསྒྲུབས་གནང་། སོ་དགུ་ལོར་དབལ་གསས་རྩོད་ཟློག་ལས་སྦྱོར་གནང་། བཞི་བཅུ་ལོར་ཧོར་རྫོང་དགོན་ཏུ་རྩ་གསུམ་ཡི་དམ་ཀུན་འདུས་ཀྱི་སྒྲུབ་བ་བཙུགས། ཞེ་གཅིག་ལོར་སྟག་ལ་བསྙེན་བསྒྲུབས་གནང་། ཞེ་གཉིས་ལོར་ཚ་རོང་ལ་ངོས་དགོན་དུ་སྲིད་རྒྱལ་འབུམ་ཚོགས་ཕུལ། ཞེ་གསུམ་ལོར་སངས་གླིང་སྤྲུལ་སྐུ་བསོད་ནམས་བློ་གྲོས་ཁྲི་སྟོན་མཛད། ཞེ་བཞི་ལོ་ནས་ལོ་གསུམ་ལ་ཚ་རོང་དུ་དབལ་ཆེན་གེ་ཁོད་བསྙེན་བསྒྲུབས་མཛད། ཞེ་བདུན་ནས་ལོ་ལྔ་ལ་ཚ་རོང་དགོན་ཁག་བར་དུ་སྒྲུབ་བ་བཙུགས། ང་གཉིས་ལོར་རྟ་ལོར་སྲིད་རྒྱལ་སྙིང་ཐིག་སྙན་བརྒྱུད་གཏན་ལ་ཕབ། ང་གསུམ་ལོར་གཡུང་དྲུང་གཡུ་སྒྲོན་མའི་ཀ་བསྟོད་མཛད། ང་བཞིར་ལམ་ལྷའི་གསོལ་མཆོདམཛད། ང་ལྔ་ལོར་རྩེ་དྲུག་ལ་དྲག་སྔགས་དབལ་མོའི་འབུམ་ཚོགས་ཕུལ། ང་དྲུག་ལོར་རྩེ་དྲུག་ཏུ་མ་མོའི་གནད་བསྐངས་སོགས་མཛད། ང་བདུན་ལོར་ཚ་རོང་དུ་ཞི་ཁྲོའི་ཁྲི་མཆོད་ཕུལ། ང་བརྒྱད་ནས་ལོ་བཞི་ལ་ཕུར་པའི་བསྙེན་ཚད་བསྐྱལ། རེ་གཉིས་ནས་དགོན་སྡེ་ཁག་ཏུ་འགྲོ་དོན་གང་དགོས་ཀྱི་བཀའ་དྲིན་སྐྱོང་བས་མཚན་ཙམ་ཐོས་པས་ཀུན་གྱིས་དྭངས་བ་འདྲེན་པའི་བླ་མ་གཅིག་པུ་གྱུར།

    དགུང་ལོ་དོན་དྲུག་ས་སྤྲེལ་ལོར་ཚ་བ་རོང་དུ་ལྷ་རྒོད་སྒྲུབ་གཞུང་གཏེར་ཤོག་ཕྱེད་ཙམ་ཕབ་ཟིན་དུས་ཏེ་ཟླ་བ་བཅུ་གཉིས་པའི་ཚེས་སུམ་ཅུ་ལ་དགོངས་པ་བོན་དབྱིངས་སུ་གཤེགས་སོ།། གཏེར་ཤོག་འཕྲོ་དེ་ཕྱིས་ཁྱུང་དཀར་བླ་མ་གཡུང་དྲུང་གིས་ག་ཤེལ་ཁྲི་ཆེན་ལ་ཕུལ་ནས་གཏན་ལ་ཕེབ་རོགས་ཞུས་པས་ཁྲི་ཆེན་གྱིས་ཕབས་སོ།། ཁྱད་པར་དུ་ཁྱུང་ནག་ཕོ་བྲང་ངམ་ཝ་རྫོང་དུ་དེང་སང་ཝ་གཞོང་འགོ་ཟེར་ཁོང་གི་བཀའ་སྙན་རྒྱུད་བསམ་གྱིས་མི་ཁྱབ་པ་ཞིག་གནས་དེར་ཕབ་ཡོད་པ་འདུག་གོ། དེ་ཡང་རང་གིས་རྟོག་བཏགས་ཀྱིས་བཤད་པ་ཙམ་མ་ཡིན་པ་ཁོང་གིས་གཏན་ལ་ཕབ་པའི་དཔེ་ཆ་མང་པོའི་མཇུག་བྱང་དུ་དཔལ་གྱི་གདན་ས་ཁྱུང་ནག་ཏུ་ཕབ་པའོ་ཞེས་སོགས་གསུངས་པ་མང་ངོ་།། དབལ་འབར་སྟག་སླག་ཅན་ནམ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་གྱི་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་གནམ་མཚོས་སྦྱར་བའོ།། ༢༠༡༥་༩་༢༡

(སྤྱིའི་གཟིགས་གྲངས། 141 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཨེ་མ་ཧོ། །…
error: རྩོམ་འདི་བདག་དབང་ཅན་ཡིན།