ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་གཡུང་དྲུང་ལས་དག་གི་མཚམས་སྦྱོར།

     རྩོམ་པ་པོ། ཏི་སེའི་བུ།

      བཀའ་ལ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་པའི། ཕུན་སུམ་ཚོགས་པ་མདོ་ཡི་བོན་སྡེའི་པོད་དང་པོ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་རི་བོ་སྤོས་རི་ཅན་གྱི་ཚལ་དུ་ཞུ་འཁོར་གཤེན་བརྒྱད་དང་། དད་པ་ཅན་སྨྲ་མི་གྲོང་བདུན་སོགས་ཕྱི་ནང་གསང་བའི་འཁོར་རྣམས་ལ་བསྟན་པའི། <<སྲིད་པ་མཛོད་ཀྱི་མདོ། འཁོར་འདས་ཁམས་ཀྱི་རྩ་བ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་>>ཅེས་པ་འདི་ནི། ལོ་རྒྱུས་ཐོག་གཡུང་དྲུང་བོན་གྱི་མཁས་གྲུབ་སྐྱེས་ཆེན་དུ་མས་མཐོང་ཆེན་གནང་སའི་བོན་དཔེ་ཞིག་ཡིན་ཏེ། བསྟན་པ་སྔ་དར་གྱི་སྐབས་སུ། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་<<རྒྱས་པ་ཀུན་སྣང་ཁྱབ་པ་རྩ་བའི་དཀྱིལ་འཁོར། >> གྱི་ཆོ་གའི་གཞུང་ཚིག་དུ་མ་ཞིག་རྒྱུད་འདི་ཉིད་ལས་བཏུས་པ་དང་། བསྟན་པ་ཕྱི་དར་སྐབས་སུ་བོན་གྱི་མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་། རྒྱལ་བ་མཉམ་མེད་ཆེན་པོ་སོགས་བློ་གྲོས་ཀྱི་མིག་བྱེ་བའི་དཔྱོད་ལྡན་དུ་མ་ཞིག་གིས། ཐོས་བསམ་གྱི་སྤྱི་རྒྱ་གཅོད་ས་དང་། གསུང་རྩོམ་གྱི་ལུང་ཁུངས་བཅོལ་སའི་བོན་དཔེ་འགངས་ཆེན་མཛད་པ་མ་ཟད། བརྗོད་བྱ་དང་རྗོད་བྱེད་གང་ལ་བརྟགས་ན་ཕུན་སུམ་འཚོགས་པའི་ཁྱད་བོན་མང་དག་ཅིག་མངའ་བས་ན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དབུ་རུ་བྱིན་ཆེ་ཕྱིར་བཞུགས་སུ་གསོལ་བ་ཡིན།

        བརྒྱུད་རིམ་གྱི་བྱུང་ཚུལ་ནི། ཞུ་འཁོར་གཤེན་བརྒྱད་ནས་རིམ་བཞིན། རྨ་ལོ་དར་དཔྱང་། མི་ལུས་བསམ་ལེགས། ཡོངས་སུ་དག་པ། ཡེ་ཤེས་སྙིང་པོ། མུ་ཁྲི་བཙན་པོ། སྣང་བ་མདོག་ཅན། མཐུ་ཆེན་མི་དགུ། སྐུ་སྲུང་སྡེ་བཞི། གྱེར་མི་སྤུན་གསུམ་བཅས་ལ་བརྒྱུད་ནས་མཐར་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོས་བོན་སྣུབ་སྐབས་ལོ་པཎ་མཁས་པ་གཤེན་བཞིས་གཏེར་དུ་སྦས་པ་སོགས་བོན་གྱི་ལོ་རྒྱུས་སྤྱི་དང་མཐུན། སྤྱི་ལོ་༡༡༠༣། རབ་བྱུང་གཉིས་པའི་ས་བྱི་ལོར་རིག་འཛིན་གྱེར་མི་ཉི་འོད་ཀྱིས། རུ་སྦལ་ཆུ་འཐུང་པ་འདྲ་བའི་རི། བྱང་དྭང་ར་ཁྱུང་རྫོང་གསང་བའི་བྲག་ནས་གཏེར་དུ་བཏོན་ཏེ་རྨ་སྟོན་སྲིད་འཛིན་(1091-)ལ་གནང་། བླ་མ་རྨ་སྟོན་གྱིས། འདི་སློབ་དཔོན་གྱི་བོན་སྐལ་ཡིན་གསུངས་ནས་གཡུང་དྲུང་ལས་དག་དང་། རྒྱས་པ་ཀུན་སྣང་གཉིས་དར་ཡུག་གཅིག་གིས་དྲིལ་ཏེ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་ལ་ཕུལ། སློབ་དཔོན་གཤེན་ལ། བྲུ་སྟོན་ཉི་རྒྱལ་དང་། ཞུ་ཡེ་ཤེས་རིན་ཆེན། ཡ་ངལ་བཀྲ་ཤིས་རྒྱལ་མཚན་བཅས་ཀྱིས་ཞུས་ཏེ་རིམ་བཞིན་བརྒྱུད་ནས་ད་ལྟའི་བར་དུ་དཔེ་རྒྱུན་སོ་མར་གནས་ཡོད། བདག་ལ་ད་ཐེངས་ལག་སོན་བྱུང་བའི་དཔེ་ཆ་ནི། ལྷ་སྲས་བཀའ་འགྱུར་ནང་གི་གཡུང་དྲུང་ལས་དག་དང་། རྒྱལ་རོང་ཁྲོ་ཆེན་ཤིང་པར་ཅན་མ་དཔེ་བཞག་ནས་རྒྱ་གར་སྨན་རི་དགོན་ནས་བསྐྲུན་པའི་དེབ་གཟུགས་ཅན་ཞིག་དང་། དོལ་པོའི་དཔེ་རྒྱུན་ཡོངས་འཛིན་རིན་པོ་ཆེས་ལྡི་ལི་ནས་དཔེ་གཟུགས་བསྐྲུན་པ་དེ་མ་ཕྱི་བཅོལ་ནས་ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་ནས་དཔར་བའི་དེབ་གཟུགས་དང་གསུམ་ཡོད། ལྷག་པར་ལྡི་ལིའི་པར་མ་འདི་ཡོངས་འཛིན་རིན་པོ་ཆེས་དཔེ་ཆ་དག་ཤོས་རེད་གསུངས་ནས་གཙིགས་ཆེར་གནང་གི་འདུག

       ཆེད་དུ་གསལ་བཤད་ཞུ་དགོས་པ་ཞིག་ལ་ད་སྔོན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་བསྐྲུན་པའི་གཡུང་དྲུང་ལས་དག་གི་མདུན་ངོས་དང་། སྔོན་གླེང་བཅས་ལ་༼རྨ་སྟོན་སྲིད་འཛིན་གྱིི་གཏེར་མ་༽ཞེས་བཀོད་འདུག། ཡིན་ན་གཏེར་སྟོན་གྱི་མཚན་དེ་ནོར་འདུག་པས་གཟིགས་མཁན་རྣམ་པས་དེ་ལུགས་དགོངས་བཞེས་གནང་གལ་ཆེ། གཡུང་དྲུང་ལས་དག་འདི་གྱེར་མི་ཉི་འོད་ཀྱི་བོན་གཏེར་ཡིན་པའི་ལུང་ནི། གཞུང་གི་མཇུག་བྱང་དུ། བླ་མ་གྱེར་མི་ཉི་འོད་ཀྱིས་རྨ་སྒོམ་བདག་ལ་གསོ་སྤྱད་སྨྲ་ཡིག་ཏུ་གནང་བ་ལགས་སོ།། ཞེས་དང་། གཡུང་དྲུང་ལས་དག་དང་གཏེར་མཉམ་དུ་བཏོན་པའི་<<རྒྱས་པ་ཀུན་སྣང་>>ལས། ཁྱུང་རྫོང་བྲག་ནས་བླ་མ་གྱེར་གྱིས་རྙེད། ལས་སྐལ་ཡོད་དམ་རྨ་སྒོམ་བདག་ལ་གནང་། ཞེས་དང་། བླ་མ་གྱེར་གྱི་བཀའ་གཏེར་འདི། སློབ་དཔོན་རྨ་སྟོན་སྲིད་འཛིན་ལ་དངོས་གྲུབ་ཏུ་བབ་པ་འདི། ཞེས་དང་། <<ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་>>ལས། བླ་ཆེན་དྲན་པ་ནམ་མཁའི་ཞལ་སློབ་རིག་འཛིན་གྱེར་མི་ཉི་འོད་ཀྱིས་བྱང་དྭང་ར་ཁྱུང་རྫོང་ནས་དངོས་གྲུབ་ཏུ་རྙེད་པ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། ཅེས་གསུངས་པས་གཏེར་སྟོན་དང་གཏེར་སློབ་གང་ཡིན་གསལ་པོར་ཤེས་ནུས་སོ།།

      གཞུང་གི་བསྟན་དོན་གྱི་ཆ་ནས་བཤད་ན། སངས་རྒྱས་ཀྱི་བསྟན་པ་ཆགས་པའི་གཞི་གདུལ་བྱ་བསྐལ་སྲིད་སྣོད་བཅུད་དང་། ཤེར་ཕྱིན་ཁམས་བརྒྱད་འདུལ་ཁྲིམས་སོགས་མཛོད་གནས་ཡོངས་རྫོགས་སྟོན་པར་བྱེད་པའི་གཞུང་ཡིན་ཞེས་ཀུན་མཁྱེན་ཉི་མའི་<<བཀའ་བརྟེན་འགྱུར་སྡེ་ཚན་སྒྲིག་ཚུལ་>>ལས་གསུངས། གཞུང་གི་སྔོན་དངོས་རྗེས་གསུམ་གྱི་བསྟན་དོན་རོབ་ཙམ་ལེའུའི་རྣམ་གྲངས་ལས་རྟོགས་ནུས་ཕྱིར་དགོས་དབང་གིས་འདིར་བགྲངས་ན། ༡ ༽ གཞི་རྩ་གླེང་བའི་ལེའུ་ལས་སྟོན་པ་སྐུ་སྐྱེ་བ་བཞེས་ཚུལ་དང་། སྟོན་འཁོར་ཞུ་ལན་མཛད་ཚུལ་བསྟན་པ་དང་། ༢ ༽ འཁོར་ལོ་རབ་ཏུ་བསྐོར་བའི་ལེའུ་ལས་བདུད་ཀྱི་བར་ཆོད་མཚམས་བཅད་ཚུལ་བསྟན། ༣ ༽ བཤད་གཞི་བཀོད་པའི་ལེའུ་ལས་རྒྱུད་ལུང་མན་ངག་གི་འབྲེལ་ཚུལ་དང་སྒྲ་དོན་བསྟན། ༤ ༽ འཆད་ཉན་བསྟན་པའི་ལེའུ་ལས་བོན་འཆད་དང་ཉན་པ་པོའི་ཀུན་སློང་དང་། རྒྱུད་ལུང་མན་ངག་འཆད་ཚུལ་གྱིི་དཔེ་དོནབཅས་བསྟན། ༥ ༽ ཕྱི་སྣོད་བསྟན་པའི་ལེའུ་ལས་འབྱུང་བ་ཆགས་གནས་འཇིག་སྟོང་སྐོར་བསྟན། ༦ ༽ བཅུད་ཀྱི་སྐྱེ་འཕེལ་བསྟན་པའི་ལེའུ་ལས་རིགས་དྲུག་སེམས་ཅན་བྱུང་ཚུལ་བསྟན། ༧ ༽ གཞི་ལས་འཁྲུལ་ལུགས་བསྟན་པའི་ལེའུ་ལས་གཞི་མ་རྟོགས་པ་ལས་ཕྲ་རྒྱས་ཉོན་མོངས་བྱུང་རིམ་བསྟན། ༧ ༽ འཁོར་བའི་རྒྱུ་རྐྱེན་བསྟན་པའི་ལེའུ་ལས་ཟག་བཅས་ཕུང་པོ་ལྔ་བསྟན། ༩ ༽ རྟོགས་པ་མྱ་ངན་ལས་འདས་པ་བསྟན་པའི་ལེའུ་ལས་ཟག་མེད་ཀྱི་ཕུང་པོ་ལྔ་བསྟན། ༡༠ ༽ ཕོ་བྲང་གཞལ་ཡས་ཀྱི་བཀོད་པ་བསྟན་པའི་ལེའུ་ལས་དག་པ་གཤེན་གྱི་ལས་སྤྱོད་སྐོར་མཆོད་རྟེན་དང་གསར་མཁར་གྱི་བཀོད་པ་བསྟན། ༡༡ ༽ དགེ་སྤྱོད་རྣམ་པར་དག་པ་བསྟན་པའི་ལེའུ་ལས་རྣམ་ལྔ་དང་དབང་པོ་སྒོ་བསལ་བཅས་ཀྱི་ཕན་ཡོན་བསྟན། ༡༢ ༽ ཏིང་ངེ་འཛིན་ཟབ་མོ་བསྟན་པའི་ལེའུ་ལས་ཏིང་འཛིན་ཡན་ལག་བརྒྱད་ཅུའི་སྐོར་བསྟན། ༡༣ ༽ ཁྲིམས་ཀྱི་བྱེ་བྲག་བསྟན་པའི་ལེའུ་ལས་འདུལ་ཁྲིམས་ཀྱི་རྩ་བ་ཡན་ལག་སྐོར་བསྟན། ༡༤ ༽ བླང་བ་ཡོངས་སུ་བཀོད་པ་བསྟན་པའི་ལེའུ་ལས་འདུལ་སྡོམ་འབོག་ཐབས་བསྟན། ༡༥ ༽ ཡན་ལག་གོ་རིམ་བསྟན་པའི་ལེའུ་ལས་གཞུང་གི་འཕྲིན་ལས་གོ་རིམ་བསྟན། ༡༦ ༽ ཕྱག་དང་པང་ཀོང་བསྟན་པའི་ལེའུ་ལས་བདུད་དང་བདུད་བུ་དྲངས་ཆེད་དུ་ཕྱག་བཤགས་མཛད་ཚུལ་བསྟན། ༡༧ ༽ མཁྱེན་པ་ཆེན་པོའི་ཡེ་ཤེས་བསྟན་པའི་ལེའུ་ལས་མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག་བསྟན། ༡༨ ༽ སྐུ་དང་ཡེ་ཤེས་ཀྱི་མཚན་དཔེ་བསྟན་པའི་ལེའུའི་ནང་། རྒྱུ་རྟོགས་པའི་དྲོད་ཚད་ལས། འབྲས་བུ་དབྱིངས་དང་ཡེ་ཤེས་མཚན་དང་དཔེ་བྱད་བྱུང་ཚུལ་བསྟན། ༡༩ ༽ ལམ་བསྟན་པའི་ལེའུ་ལས་དག་པའི་ཐར་ལམ་དང་། མ་དག་འཁོར་ལམ་སྐོར་བསྟན། ༢༠ ༽ ས་ལམ་འབྲས་བུ་བསྟན་པའི་ལེའུ་ལས་གཡུང་དྲུང་ས་བཅུའི་འབྲས་བུ་ཐོབ་ཚུལ་བསྟན། ༢༡ ༽ སྣོད་གདམས་པའི་ལེའུ་ལས་གང་ཟག་བློ་ཡི་རིམ་པར་ལྟོས་ཏེ་རྒྱུད་ལུང་མན་ངག་སྟོན་ཚུལ་བསྟན་པ་བཅས་ཁྱོན་བསྡོམས་ལེའུ་ཉེར་གཅིག་གི་སྒོ་ནས་གཏན་ལ་ཕབ་ནས་མཇུག་ཏུ་བརྒྱུད་རིམ་ལོ་རྒྱུས་ཉུང་འདུས་ཤིག་བཀོད་འདུག

    ད་དུང་ཞང་ཞུང་སྨར་སྐད་དང་བརྡ་རྙིང་གིས་བཅིངས་པའི་ཐ་སྙད་མང་པོ་ཞིག་ཡོད་པ་སྐོར་ཞིག་དྲངས་བར་འདོད། གཡུང་དྲུང་ལས་དག་གི་གཞི་རྩ་གླེང་བསླང་པའི་ལེའུ་ལས། ༼ ཕྱ་སངས་སད་མང་ཞེས་བྱ་བ་གར་མཁན་བཅུ་གསུམ་གྱིས་སྣ་དྲངས་ཏེ། ༡ ༽ གནམ་ཡོལ་གཡུང་དྲུང་དང་། ༢ ༽ ས་ཡོལ་པད་མ། ༣ ༽ སྐྱིན་ཤ་ཤད་དང་། ༤ ༽ རྨ་ཐེ་ཅུ་དང་། ༥ ༽ ཧེ་སོ་འདུ་དང་། ༦ ༽ ཁྱམ་ཁ་རལ་དང་། ༧ ༽ ཟུར་མེད་ཟླུམ་པོ་དང་། ༨ ༽ ལྷ་མོའི་དགྱེས་གར་དང་། ༩ ༽ ཁྱུང་མོའི་ལྡིང་གར་དང་། ༡༠ ༽ མེ་ཏོག་མཛེས་གར་དང་། ༡༡ ༽ རྨ་བྱའི་ལྡེམ་གར་དང་། ༡༢ ༽ མ་ཧེའི་གཏུམ་མཆོང་དང་། ༡༣ ༽ སེང་སྟབས་ཧལ་པ་དང་རྣམས་ལྷུ་བཅུ་གཉིས་དང་མགོ་དང་གསུམ་ལ་བསྒྱུར་རོ།། ཞེས་དང་།

    ཡང་དེ་ཉིད་ལས། གླང་རེ་ཏྲམ་ཞེས་སྟོང་གསུམ་ཀུན་ཏུ་གྲགས་པའི་སྒྲ་བཏང་སྟེ། གཤང་ཁྲི་ལོ་གནམ་གྲགས་ནི་བཀྲོལ། གསུང་ཁོ་མ་དྲིལ་ཆེན་ནི་གསོར། རྔ་ཕོ་ལོ་གཡག་སྙིང་ནི་ལྡིར། རྔ་སྟོང་གྲགས་ཆེམ་པ་ནི་བརྡུངས། སླང་ཆལ་མོ་ལྟོ་སྦྱོར་ནི་བརྡེབས། དུང་འཕར་པོ་འཕར་ཆུང་ནི་བུས། སྦུབ་གཅང་མོ་གླིང་སྙན་ནི་བསྒྱུར། རྒྱུད་སྦྱང་མོ་ངང་རིང་ནི་སྦྲེངས། གླུ་འཁོར་བ་སྤྲོ་བསྐྱེད་ནི་བླངས། ༽ ཞེས་སོགས་རྙིང་ཉམས་དོད་པའི་ཐ་སྙད་འདི་འདྲ་མང་ཡང་དཔེ་མཚོན་ཙམ་དེ་ཡིས་འཐུས་པར་བྱེད་རྒྱུ་ཡིན།

      མདོར་ན་གཞུང་འདི་བརྗོད་དོན་ཕུན་སུམ་ཚོགས་པའི་བོན་དཔེ་ཞིག་ཡིན་པས། ནང་དོན་རིག་པའི་སྐོར་ལྟ་ཅི། གནའ་བོའི་ཞང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གར་དང་། འཁྲབ་སྟོན། གླུ་དབྱངས། རོལ་ཆ། ཁང་བཀོད། འཚོ་ཐབས། ཞང་སྐད་དང་བརྡ་རྙིང་སྐོར་སོགས་ཞིབ་འཇུག་བྱེད་ཡུལ་གྱི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཞིག་ཡིན་པར་ངེས་སོ་ཞེས། ཏི་སེའི་བུ་ནས། ༢༠༡༥། ༩། ༢༢། ཉིན་མཇུག་རྫོགས་པར་བྲིས་ཏེ་སྤེལ།

(སྤྱིའི་གཟིགས་གྲངས། 52 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

1 Response

  1. N.d.g. ལགས་ཀྱིས:

    བོན་དཔེ་གཡུང་དྲུང་ལས་དག་གི་མཚམས་སྦྱོར།༽ ཞེས་པ་བློ་གྲོས་ཀྱི་མིག་སྒོ་སྒྲིབ་པའི་བདག་འདྲར་རྩོམ་པ་པོ་ཏི་སེའི་བུ་ནས་ལེགས་སྐྱེས་བྱིན་ཆེན་ཞིག་གནང་བ་གུས་པས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། སློབ་གཉེར་བ་ཀླ་ཀློ་བས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 རྩོམ…
error: རྩོམ་འདི་བདག་དབང་ཅན་ཡིན།