ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དབྱིན་དེབ་ཅན་གསར་དུ་ཐོན་པ།

THE LIFE OF A GREAT BONPO MASTER THE BIOGRAPHY OF YONGDZIN TENZIN NAMDAK RINPOCHE

ཞེས་དབྱིན་སྒྱུར་ཞུས་པའི་མཛད་རྣམ་དེབ་འདི་ནི་ཕྱི་ལོ་༢༠༠༥ལོར་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་སྐུའི་དགུང་གྲངས་༨༠ཐམ་པར་ཕེབས་པའི་དགུང་སྟོན་མཛད་སྒོའི་སྐབས་༧བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་པར་སྐྲུན་ཞུས་པའི་བོད་ཡིག་རྣམ་ཐར་<<རྗེ་བླ་མ་ངེས་པ་དོན་གྱི་མངའ་བདག་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་བསྐྱངས་ནས་བགྲང་བྱ་བཅུ་ཕྲག་བརྒྱད་ལ་ཕེབས་པའི་བར་གྱི་མཛད་རྣམ་རགས་བསྡུས།>>ཞེས་པ་དེ་ཉིད་ཕྱི་ལོ་༢༠༠༧ལོར་བོད་དབྱིན་ལོ་ཙྭ་བ་དོན་འགྲུབ་ཚེ་རིང་ལགས་ཀྱིས་དབྱིན་སྒྱུར་ཞུས་པ་དང་། དེ་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆར་སི་རམ་བྷོལ་རྣམ་གཉིས་ཀྱིས་རྒྱུན་ལྡན་ཕྱག་ལས་ཀྱི་བར་གསེང་དུ་ལོ་གྲངས་བསྟུད་ནས་སྒྱུར་ཞུས་མཛད་ཅིང་དོགས་གནད་ཁག་༧ཡོངས་འཛིན་མཆོག་ཉིད་ལ་བཀའ་འདྲི་དང་བཅས་ཏེ་གསལ་ཁ་བཏབ་པ་མ་ཟད། ཁ་སྐོང་དང་། ཟུར་མཆན་སོགས་དགོས་སོ་ལྕོགས་ཀྱི་ཕྱག་ལས་རྣམས་གནང་རྗེས་པར་རིས་སྦྲགས་མ་ཤོག་ངོས་ ༤༤༨ ཅན་གྱི་དེབ་གཟུགས་སུ་ལེགས་གྲུབ་བྱུང་བ་ལྟར་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༧ ཉིན་སྐུ་ཡི་དགུང་གྲངས་གོ་ལྔར་ཕེབས་པའི་མཛད་སྒོའི་བརྟན་བཞུགས་ཆེན་མོའི་སྐབས་སུ་དབུ་འབྱེད་ཞུས། ད་ཐེངས་ SERINDIA ཞེས་པའི་པར་ཁང་ནས་དངོས་སུ་ཡོངས་ཁྱབ་པར་སྐྲུན་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་བསྡུས་སུ།

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་མཛད་རྣམ་མདོར་བསྡུས།

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་སྟེ། ཕྱི་ལོ་ ༡༩༢༦ ནས་ཕྱི་ལོ་ ༢༠༡༨ བར་དགུང་གྲངས་ ༩༣ ཙམ་གྱི་རིང་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་བཞི་ཡི་སྒོ་ནས་མཁས་གྲུབ་གཉིས་ལྡན་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་གྱི་མཚན་སྙན་བཞེས་པ་དང་། དེ་རྗེས་གཙང་བཀྲ་ཤིས་སྨན་རི་དགོན་གྱི་སློབ་དཔོན་ཁྲི་རབས་གཉིས་པར་མངའ་གསོལ་ཏེ་དཔོན་སློབ་ཀྱི་མཚན་གནས་བཞེས། མདོར་ན་ཕྱི་ལོ་ ༡༩༥༢ ནས་ཕྱི་ལོ་ ༢༠༡༨ བར་དགུང་གྲངས་ ༦༦ ཙམ་ལ་གཞན་དོན་དུ་རླབས་ཆེའི་མཛད་འགན་ཁུར་དུ་བཞེས་ཤིང་བཤད་སྒྲུབ་གཉིས་ཀྱི་སྡེ་བསྐྱངས་པ་དང་། གཉན་འཕྲང་གི་དུས་རིམ་ནང་ཕྱི་ཕྱོགས་སུ་ཕེབས་ནས་བོན་གྱི་གཞིས་ཆགས་དང་། དགོན་སྡེ། བོན་ཚོགས་སོགས་གསར་འཛུགས་གནང་བ་མ་ཟད་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་དབུགས་རྒྱུན་གསོས་ཤིང་མཁན་པོ་དང་སློབ་དཔོན། བླ་མ་དང་དགེ་བཤེས། རྣལ་འབྱོར་པ་དང་། ཉམས་ཞིབ་པ། དགེ་རྒན་སོགས་ཀྱིས་གཙོས་པའི་སློབ་བུ་བརྒྱ་ཕྲག་དང་། སྟོང་ཕྲག་དུ་མའི་ཐུགས་རྒྱུད་བོན་དང་རིག་གནས་ཀྱིས་ཕྱུག་པར་མཛད་དེ་གཡུང་དྲུང་བོན་གྱི་བསྟན་རྒྱུན་བླ་ལྷག་ཏུ་བསྐྱངས་གནང་བ་བཅས་ནི་གཞན་འགྲན་བྲལ་བའི་རླབས་ཆེའི་མཛད་པ་ཞིག་ཏུ་གྱུར། དེ་བཞིན་འཛམ་གླིང་གི་ཡུལ་གྲུ་གང་སར་གཡུང་དྲུང་བོན་གྱི་མཚན་དོན་བསྒྲགས་ཏེ། འགྲོ་བ་མིའི་རིགས་ལ་ཞི་བདེ་དང་བདེ་སྐྱིད་ཀྱི་ལམ་བཟང་བསྩལ་བ་མ་ཟད། ཡུལ་གྲུ་དུ་མར་བོན་གྱི་ཚོགས་སྡེ་བཙུགས་ཏེ་ཐོས་བསམ་ཉམས་ལེན་དང་། སློབ་གཉེར་གནང་སའི་འཁོར་ཡུག་རྒྱ་ཆེར་བསྐྲུན་ཅིང་འཛིན་སྐྱོང་ལམ་སྟོན་གྱི་བདག་པོ་རུ་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་དང་། བོན་གྱི་རྒྱུད་གཞུང་ཁག་གི་དབང་ལུང་མན་ངག་གི་ཁྲིད་རྒྱུན་ལུང་རྒྱུན་མཐུད་ནས་རྒྱུད་གསུམ་བསྟན་པའི་མངའ་བདག་ཏུ་བཞེངས་ཤིང་བོད་ཕྱི་ནང་གཉིས་སུ་སོ་ཐར་གྱི་སྡེ་དང་། བསླབ་པ་སློབ་གཉེར་གྱི་རྨང་གཞི་ལེགས་པར་བཏིང་ནས་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་ཚོགས་ལ་བྱིན་རླབས་ཀྱི་ན་བུན་མ་ཡལ་བར་ཐུགས་བརྩེས་གཟིགས་སྐྱོང་གནང་བ་དང་། ལྷག་ཏུ་བོན་གྱི་གཞུང་ལུགས་དང་། རིག་གནས། ལོ་རྒྱུས་དང་ཆོ་ག་ཕྱག་ལེན་སོགས་གང་ཐད་ནས་མ་ཚང་བ་ཁ་བསྐངས་པ་དང་། དཀའ་བའི་གནད་ལ་འགྲེལ་དང་ཕྱག་ལེན་བཏབ་སྟེ། བསྟན་པའི་གསལ་བྱེད་དུ་གསུང་འབུམ་པོད་གྲངས་ ༢༢ ཙམ་བཀའ་དྲིན་རྗེས་བཞག་གནང་ཡོད་པ་བཅས་སྤྱི་མཛད་རགས་བསྡུས་ཙམ་ཞིག་ངོ་སྤྲོད་ཀྱི་ཚུལ་དུ། 

དགེ་བཤེས་བསྟན་འཛིན་སྦྱིན་པ་ནས་ཕྱི་ལོ་༢༠༢༡ཟླ་༠༡ཚེས་༢༡ཉིན།

(སྤྱིའི་གཟིགས་གྲངས། 1,583 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།