ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་གའི་ལས་རིམ་ཇི་ལྟར་བསྒྲུབས་པའི་གནས་བསྡུས།

བསྐལ་པའི་ཁུག་སོ་འདིར་དུས་ཀྱི་སྟོན་པ་ཞིག་གི་ཚུལ་དུ་བྱོན་ཏེ་འདུལ་སྔགས་རྫོགས་གསུམ་དང་དབང་ལུང་མན་ངག་གི་རྒྱུད་པ་ཀུན་གྱི་མདོ་འཛིན་མཛད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དབེན་གནས་བྱེ་མ་རི་ཁྲོད་དུ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་རྗེས་དབེན་གནས་དེ་ཉིད་དུ་ཉིན་གྲངས་བརྒྱད་རིང་ཐུགས་དམ་གཡོ་བ་མེད་པར་བཞུགས་པ་དང་། དེ་ནས་ཐུགས་དམ་གྲོལ་རྗེས་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་སྐུ་གདུང་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་དགུང་ཞག་ཞེ་དགུའི་རིང་ཉིན་བཞིན་གདུང་མཆོད་དང་དུས་ཚོད་གཏན་ཁེལ་གྱིས་མི་མང་ལ་སྐུ་གདུང་མཇལ་ཁ་བཅས་གནང་།

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་དང་གྲྭ་ཚང་ནས་དགུང་ཞག་ཞེ་དགུའི་རྗེས་ཀུན་རིག་ལས་གཞི་རྒྱུན་ལྔའི་མཆོད་སྦྱིན་རྒྱས་འབུལ་གྱི་སྒོ་ནས་སྐུ་གདུང་ཞུགས་འབུལ་བྱ་རྒྱུ་གཏན་ཁེལ་བྱུང་བ་ལྟར་དགུང་ཞག་གི་བདུན་ཚིགས་གཉིས་པའི་ཉིན་གསུམ་པ་དང་། ཕྱི་ལོ་༢༠༢༥//༢༤ཉིན་གྲྭ་ཚང་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་བཅའ་གཞིའི་ལས་རིམ་དངོས་སུ་དབུ་ཚུགས།

དེ་ཡང་ད་ལན་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་འདི་ཉིད་གང་ཐད་ནས་ལས་དོན་ཚགས་ཚུད་དང་མཆོད་པ་རྣམ་པར་དག་པ་ཞིག་ཡོང་ཆེད་དུ་རང་དགོན་ནས་ཡིག་བྲིས་མཁན་དང་། རི་མོ་བ། ཐིག་དང་རྡུལ་ཚོན་ལ་མཁས་པ། གཏོར་བཟོ་མར་རྒྱན་ལ་མཁས་པ། ལས་བཞིའི་འཕྲིན་ལས་དང་མཆོད་བཟོ་བཅའ་བཀོད་སོགས་ལ་མཁས་པ་ཁག་གདམ་གསེས་བྱས་ཤིང་དེ་དག་གི་འགན་འཛིན་སོ་སོར་བསྐོ་བཞག་གིས་སྦྱིན་སྲེག་གི་མཆོད་པའི་སྟ་གོན་གྱི་ལས་རིམ་རྣམས་དབུ་འཛུག་གནང་།

༡ ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཤིང་བྱང་འབྲི་བཞེངས།

དེ་ཡང་ལས་བཞི་རྒྱུན་ལྔ་འབྲིང་པོ་ལྔ་སྐོར་ལུགས་ཚར་གཉིས་བླུག་རྒྱུ་གཏན་འབེབ་བྱུང་བ་ལྟར་ཚེས་༢༤ཉིན་ཡིག་བྲིས་པ་གྲྭ་བཙུན་བཅུ་ཕྲག་ཙམ་གྱིས་ཐོག་མར་ཀློང་རྒྱས་ཀྱི་སྟོང་འཛབ་ནས་དབུ་བཙུག་ཅིང་རིམ་བཞིན་སྨོན་ལམ་ཤིང་རིང་དང་སྐུ་གསུམ་སྡོང་བུ། དེ་ནས་ལས་བཞི་རྒྱུན་ལྔའི་སྡེ་ཚན་སོ་སོའི་དབུ་ཤིང་དང་། ལས་བཞི་རྒྱུན་ལྔའི་བསྙེན་འཛབ་སྡེ་ཚན་སོ་སོའི་ཤིང་ཚོ་དང་། དྲག་པོའི་མདེལ་བཅས་འབྲི་བཞེངས་བྱས་པ་དང་། ཤམ་མདེལ་ཁ་བསྒྱུར་མཆོག་ཕལ་གྱི་ཁྱད་པར་སོགས་ཤིང་བྱང་འབྲི་ཚུལ་༼ ལས་བཞི་རྒྱུན་ལྔའི་བཅའ་ཐབས་ལག་ཁྲིད་གསལ་བའི་མིག་བུ་ ༽དང་།ཀུན་རིག་ལས་བཞི་རྒྱུན་ལྔའི་སྔགས་འགྲིག་སྣང་བ་དྭངས། ༽༼ ལས་བཞི་རྒྱུན་ལྔའི་སྨོན་ལམ་ཤིང་རིང་གི་སྨོན་ཚིག ༽ བཅས་ལས་ཇི་ལྟར་གསལ་བ་བཞིན་ཚད་ལྡན་ཚུལ་མཐུན་ཡོང་ཐབས་གཙོ་བོར་གནང་སྟེ་དག་འབྲི་བྱས།

འབྲི་བྱེད་ཀྱི་རྒྱུ་རིན་པོ་ཆེ་གསེར་དངུལ་གཉིས་དང་དེ་ཡི་ནང་ནས་གཙོ་བོ་གསེར་གྱིས་བྲིས་ཤིང་། ཤིང་གི་རྒྱུ་ནི་ཨ་གར་དང་སྒྲོན་ཤིང་ག་པུར་བཅས་སྤྱད་དེ་ཆེ་ཆུང་གི་ཚད་གཞི་རྣམས་ནམ་རྒྱུན་སྦྱིན་སྲེག་གི་སྐབས་ལས་ལྷག་པར་གཏན་འབེབ་གནང་བ་དང་། ཆད་ལྷག་ཡིག་ནོར་སོགས་ལ་གཟབ་ནན་ངང་བྲིས་པས་སྤྱིར་བཏང་གི་ཀུན་རིག་ཚར་བདུན་བརྒྱད་ཙམ་གྱི་འགྲོ་གྲོན་གྱིས་མཐར་སྤྱི་ཟླ་༧པའི་ཚེས་༡༩ཙམ་ལ་ཀུན་རིགས་ལས་བཞི་རྒྱུན་ལྔ་འབྲིང་པོ་ལྔ་སྐོར་ལུགས་ཚར་གཉིས་ཀྱི་ཤིང་བྱང་རྣམས་ཡོངས་སུ་མཇུག་གྲུབ།

༢ ཤིང་རིས་དང་ཤུག་ཏི་བསུ་དྲིལ།

འཕན་དར་དང་རྒྱལ་མཚན་རྣམས་ཀྱི་རྒྱུ་ཆ་དར་རས་དང་། དབྱིབས། ཁ་དོག ཆེ་ཆུང་ཀུན་བཟོ་བཀོད་ཚད་རན་ཞིང་ལུགས་དང་མཐུན་པར་ཚེམ་བཟོ་དང་། སྐུ་གསུམ་སྡོང་བུ་དང་ལས་བཞིའི་མཆོད་པའི་རྒྱན་ཕྲེང་གི་སྤྱན་གཟིགས་མེ་ཏོག་དང་། རྟ་གླང་ཆེན། གོ་ཁྲབ་མཚོན་ཆ། གར་ཚོམ། གདུང་སྲེག་དང་ཞི་རྒྱས་དབང་དྲག་སོ་སོའི་ཤིང་རྟགས། སྨོན་ལམ་ཤིང་རིང་གི་ཤིང་རྟགས་རྣམས་རི་མོ་དང་ཚོན་ཁྲ་གང་ཐད་ནས་གཟབ་ནན་གྱིས་མཛེས་ཉམས་དང་ལྡན་ཞིང་ལུགས་དང་མཐུན་པར་གསར་བྲིས་གནང་། དེ་བཞིན་གདུང་ཀློང་གཉིས་དང་ལས་བཞི་སོ་སོའི་ཤིང་ཚོ་ལ་ཤུག་ཏིའི་གྲངས་དང་། རྒྱུ་ཆ་རྣམས་ཇི་དགོས་ལག་ལེན་མིག་བུ་ལས་ཇི་ལྟར་གསལ་བ་ལྟར་ཆད་ལྷག་མེད་པར་དད་ལྡན་མི་མང་ཁག་གཅིག་ནས་བསུ་དྲིལ་གནང་།

༣ མཆོད་པའི་རྫས་བསགས།

ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་མཆོད་པ་ཤིན་ཏུ་རྒྱ་ཆེ་ཞིང་རྣམས་གྲངས་མང་ཡང་ཀུན་མཁྱེན་གྱི་མཛད་པའི་ལག་ལེན་གྱི་མིག་བུ་དེ་ཉིད་ལས་ཇི་ལྟར་གསལ་བ་བཞིན་མཆོད་སྦྱིན་གྱི་རྫས་བཟང་དྲུག་སྨན་སྤོས་གྱི་རིགས་དང་། འབྲུ་དང་སྲན་མའི་རིགས། དཀར་གསུམ་མངར་གསུམ་གྱི་རིགས། རིན་པོ་ཆེ་ཡི་རིགས། རྩི་མར་རླན་རྫས་ཀྱི་རིགས་སོགས་མཆོད་རྫས་དང་བསྲེགས་རྫས་རྣམས་ལས་བཞི་རྒྱུན་ལྔ་སོ་སོར་གང་དང་གང་དགོས་པ་ཐམས་ཅད་ཚང་ཞིང་འཛོམས་པ་རྣམ་པར་དག་པ་རུ་བསགས་ཤིང་། དེ་དག་གི་བཤམ་སྣོད་རྣམས་ཀྱང་ཆེ་ཆུང་གི་ཚད་དང་གཟུགས་དབྱིབས་སོགས་དཔེ་གཅིག་ལ་བལྟས་པ་ལྟར་ཚོད་རན་ཞིང་མཆོད་པའི་རྒྱན་དུ་མཛེས་པར་གཟབ་ནས་གསར་དུ་བཟོ་བཀོད་བྱས་པའི་ནང་དུ་བསགས་པའི་རྫས་རྣམས་གཙང་ཞིང་དག་པར་འཕྲད་སོ་སོར་སྦྱར་ཏེ་མཆོད་སྦྱིན་རྣམ་པར་དག་པའི་རྒྱུ་རུ་འགྲོ་ངེས་པར་བྱས།

༤ གཏོར་བཟོ་མར་རྒྱན།

སྤྱི་ཚེས་༢༡ཉིན་གཏོར་མ་བཅའ་བཟོ་མགོ་བཙུགས་ཏེ་གོང་གཏོར་མེ་ལྷ་དང་། ཀློང་རྒྱས། ཀུན་སྣང་། ཞི་རྒྱས་དབང་དྲག་སོ་སོའི་གཞུང་གི་ཡི་དམ་གྱི་རྟེན་གཏོར་རྣམས་དང་། བཀའ་སྐྱོང་། དེ་བཞིན་མཆོད་ཕྲེང་གི་རྣམས་ལྔ་དང་། སྡེ་བརྒྱད། ཞལ་བསྟིམ་སོགས་གང་དགོས་རྣམས་བཅའ་ཐབས་མིག་བུ་ལས་ཇི་ལྟར་གསལ་བ་བཞིན་ཆད་ལྷག་མེད་པར་བཅའ་བཀོད་ཚུལ་བཞིན་དུ་བྱས་ནས་དེ་དག་ལ་མར་ཚོན་གྱིས་ལེགས་པར་བརྒྱན་ཏེ་ཡིད་ཀྱི་དང་བ་འདྲེན་ཞིང་ཀུན་གྱི་མིག་ལྟོས་སུ་འགྲོ་བར་བྱས།

༥ ཐིག་དང་རྡུལ་མཚོན།

དཀྱིལ་འཁོར་གྱི་ཐིག་དང་རྡུལ་ཚོན་བླུག་མཁན་རྣམ་པས་སྐུ་གདུང་ཞུགས་འབུལ་སྐབས་གདུང་ཁང་དུ་འཇོག་རྒྱུའི་ཀློང་རྒྱས་ཀྱི་དཀྱིལ་འཁོར་དང་། ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར། བདེ་གཤེགས་མེ་ལྷའི་དཀྱིལ་འཁོར་བཅས་རང་རང་གི་ཐིག་རྩ་གཞུང་སོ་སོ་ལས་གསལ་བ་ལྟར་བྱས་ཏེ་ཉིན་གྲངས་དུ་མར་གཟབ་ནན་དང་ཞིབ་ཚགས་ཀྱི་སྒོ་ནས་རྡུལ་མཚོན་བླུགས།

༦ གདུང་ཁང་གསར་བཞེངས།

སྐུ་གདུང་ཞུགས་འབུལ་གྱི་ཆེད་དུ་གདུང་ཁང་བཞེངས་དགོས་ཕྱིར་སྤ་གཏེར་ཁྲོ་བོའི་རྒྱུད་དྲུག་གི་རྫུ་འཕྲུལ་དྲ་བའི་ཕུང་པོ་བསྲེགས་སྦྱོང་གི་ལེའུ་ལས་སྦྱིན་སྲེག་གི་དཀྱིལ་འཁོར་བརྩེགས་ཚུལ་རྩ་བའི་ཚུལ་དུ་གསལ་བ་དེ་ཉིད་གཙོ་བོར་གཞི་རུ་བཞག་ཐོག སྤ་གཏེར་ཕུར་རྒྱུད་ནང་གི་དབལ་གསས་དྲག་པོ་མེ་རི་འབར་བའི་རྒྱུད་དང་། མདོ་གཟེར་མིག་ལས་ཅུང་ཟད་གསལ་བ་རྣམས་ཀྱི་དགོངས་དོན་དང་གང་མཐུན་བྱས་ཏེ། རང་གཞུང་མདོ་རྒྱུད་ཁུང་མའི་ནང་དུ་རྩ་བའི་ཚུལ་དུ་གསལ་བཞིན་པ་དེ་དག་གི་དགོངས་དོན་བཀྲལ་ཏེ་ཐིག་རྩ་སོགས་མཛད་པ་ད་བར་དཀོན་ཚོད་གྱུར་མོད་སྐབས་ཐོབ་ལག་ལེན་དངོས་སུ་བཀལ་ནས་གདུང་ཁང་གི་ཐིག་རྩ་བྲིས། དེ་ནས་ཐིག་རྩ་དེ་ཉིད་གཞིར་བྱས་ཐོག་ཕྱི་ནང་གི་བཟོ་དབྱིབས་ཁ་དོག་སོགས་གང་ལྟར་མཚམས་མིན། སྐུ་གདུང་ཞུགས་འབུལ་སྐབས་དཀྱིལ་འཁོར་བཤམ་བཀོད་སོགས་ཇི་ལྟར་སྟབས་བདེ་མིན་རྣམས་ལ་གཞིགས་ནས་ཐོག་འོག་གི་བཀོད་པ་ཆ་ཚང་ཞིབ་འབྲི་བྱས་ཏེ་གདུང་ཁང་འདི་ཉིད་ལེགས་པར་བཞེངས།

༧ དཀྱིལ་འཁོར་བཅའ་གཞི་དང་མཆོད་པ་བཤམ་བདལ།

སྤྱི་ཟླ་༧པའི་ཚེས་༣༠ཉིན་ནས་ལས་བཞིའི་མཆོད་པའི་རྫས་བསགས་ཀྱི་གྲ་སྒྲིག་ཕལ་ཆེ་བ་གྲུབ་སྟེ་གཙུག་ལག་ཁང་དུ་དངོས་སུ་མཆོད་པ་བཤམ་བཀོད་བྱ་རྒྱུའི་འགོ་ཚུགས་ཤིང་། ཐོག་མར་གཟི་རྗིད་འོད་འབར་གཙུག་ལག་ཁང་གི་རྟེན་གཙོའི་མདུན་དཀྱིལ་ཡར་གཞིའི་ཐོག་དཀྱིལ་འཁོར་ཕྱི་ནང་གཉིས་གཡས་གཡོན་སོ་སོར་བཀོད་དེ་གོང་གཏོར་དང་བཀའ་སྐྱོང་སོགས་ལེགས་པར་བཤམ་བཀོད་བྱས། དེ་བཞིན་འཚོགས་ཁང་གྱི་གཡས་ཕྱོགས་སུ་ཀློང་རྒྱས་ཀྱི་མཆོད་ཕྲེང་དང་། གཡོན་ཕྱོགས་སུ་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་ཕྲེང་བཤམ་རྒྱུའི་བཀོད་པ་བྱས་ནས་མཆོད་པའི་སྟེགས་བུ་སོ་སོར་བཟོས་ཏེ་མཆོད་ཚོ་གཉིས་ཀྱིས་ཤིང་བྱང་རྣམས་མཐའ་ཡི་གྱང་འགྲམ་གཡས་གཡོན་གཉིས་ནས་ཕྲེང་དུ་བསྟར་ཏེ་བཤམས།

དེ་ནས་ཀློང་རྒྱས་ཀྱི་མཆོད་ཕྲེང་དང་ལས་བཞིའི་མཆོད་ཕྲེང་རྣམས་ཉིན་གཉིས་ཙམ་རིང་བཤམ་བཀོད་ཞིབ་ཕྲར་བྱས་ཏེ་སྤྱི་ཚེས་༢ཉིན་གྱི་དགོངས་མོར་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་པ་ཆ་ཚང་བར་བཤམ་བདལ་གྲུབ།

དེ་ཡང་རྒྱུ་ཚོགས་རྒྱ་ཆེ་ཞིང་རྣམ་པ་གྲངས་མང་བའི་སྦྱིན་སྲེག་བླ་ན་མེད་པའི་མཆོད་པ་རླབས་སུ་ཆེ་བ་རྣམས་ཡ་ཡོ་ཀྱག་ཀྱོག་དང་ཐ་རེ་ཐོ་རེ་ལྟ་བུར་མ་སོང་བར་ཞིབ་ཚགས་ཀྱི་སྒོ་ནས་མགོ་འཇུག་གྲས་འགྲིག་ཅིང་གཡས་གཡོན་ཆ་སྙོམ་པ། མཐོང་ན་ཁྲ་སྤུང་ངེ་དང་བསྣམ་ན་དྲི་བཟང་ཐུལ་ལེ། ཀུན་གྱི་སྤྱན་ལམ་དུ་མཛེས་པར་བཤམ་བཀོད་ལེགས་པར་བྱས།

མདོར་ན་རང་དགོན་གྱི་གྲྭ་བཙུན་རྣམས་ཀྱིས་དྲིན་ཆེན་རྩ་བའི་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་གདུང་མཆོད་དུ་མཆོད་པ་རྣམ་པར་དག་ཅིང་ཚད་དང་ལྡན་ཞིག་ཡོང་ཆེད་ཉིན་གྲངས་དུ་མར་བར་མཚམས་མེད་པར་འབད་བརྩོན་ལྷོད་མེད་བྱས་པའི་ལག་རྗེས་སུ་མཐར་མཁན་སློབ་གོང་མ་རྣམས་ཐུགས་བློ་ཡོངས་སུ་ཁེངས་པའི་མཆོད་པ་བྱིན་རླབས་སུ་ཆེ་བ་དང་། དད་ལྡན་མཆོད་མཇལ་བ་ཡོངས་རྫོགས་ཡིད་ཀྱི་དྭངས་བ་དབང་མེད་དུ་འདྲེན་ཞིང་སྐལ་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་ཏུ་གྱུར་པ། ཀུན་གྱིས་རྗེས་སུ་མིག་ལྟོས་སུ་རུང་ཞིང་དད་པའི་མིག་རྒྱན་དུ་འགྲོ་བ་ཞིག་ཏུ་གྲུབ་བོ། །

༨ ཀུན་རིག་ལས་བཞི་རྒྱུན་ལྔའི་འཕྲིན་ལས་དབུ་འཛུག།

སྤྱི་ཟླ་༨པའི་ཚེས་༣་ཉིན་གྱི་ཕྱི་དྲོར་ཀུན་རིག་ལས་གཞི་རྒྱུན་ལྔའི་འཕྲིན་ལས་དངོས་གཞི་དབུ་འཛུག་གནང་ཞིང་། གཙུག་ལག་ཁང་གསར་རྙིང་གཉིས་སུ་ཀློང་རྒྱས་གསུང་མཁན་དང་ཀུན་རིག་གསུང་མཁན་སྡེ་ཚན་སོ་སོར་བྱས། གཙུག་ལག་ཁང་གསར་པར་ཀུན་རིག་གསུང་མཁན་གདན་ས་གཉིས་ཀྱི་བཤད་སྒྲུབ་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གཙོས་གདན་ས་གཉིས་ནས་ཁྱོན་དགེ་བཤེས་སུམ་ཅུ་ལྷག་ཙམ་དང་། གཙུག་ལག་ཁང་རྙིང་པའི་ནང་དུ་ཀློང་རྒྱས་གསུང་མཁན་གདན་ས་གཉིས་ཀྱི་བཤད་སྒྲུབ་དཔོན་སློབ་རྣམ་པ་གཉིས་དབུ་བཞུགས་ཐོག། གྲྭ་ཚང་གི་དབུ་མཛད་དགེ་བཤེས་གཡུང་དྲུང་གཙུག་ཕུད་དང་། གཞན་གདན་ས་གཉིས་ཀྱི་གྲྭ་བཙུན་ལྔ་བཅུ་ཙམ་བཅས་བཀོད་སྒྲིག་བྱས། དེ་མིན་བླ་བྲང་དུ་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་གནང་ཐོག་མ་རྒྱུད་གསང་གནང་བ་དང་། གྲྭ་བཙུན་བྱིང་རྣམས་མཚན་ཉིད་པའི་ཚོགས་ཁང་དུ་བདེར་གཤེགས་སྨོན་ལམ་མཐས་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཉིན་བཞིན་གཞུང་བསྲངས།

ཉིན་འདིར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་ད་ལན་སྐུ་གདུང་ཞུགས་འབུལ་དང་འབྲེལ་གདུང་མཇལ་དུ་ཆེད་ཕེབས་གནང་བས་གདན་ས་གཉིས་ཀྱི་བླ་གྲྭ་དང་དད་ལྡན་མི་མང་རྣམས་ནས་ཕེབས་བསུ་ཞུས་ཏེ་ཉིན་གུང་ཙམ་ལ་དགོན་དུ་ཞབས་སོར་འཁོད། དེ་ནས་ཕྱི་དྲོ་ཕྱག་ཚོད་༢པའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་སུ་ཕེབས་གནང་ཞིང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་ནས་ད་ལན་གྱི་ལས་བཞིའི་དབུ་མཛད་གནང་སྟེ་ཀུན་རིག་ལས་བཞི་རྒྱུན་ལྔའི་འཕྲིན་ལས་འགོ་ཕུབ་གནང་།

ཚེས་༤དང་༥གཉིས་ལ་ཉིན་བཞིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཉིས་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་པ་གསུམ་ཞོགས་འཚོགས་ཀྱི་དབུ་བཞུགས་གནང་ཐོགས་མུ་མཐུད་ཀུན་རིག་ཆོ་གའི་འཕྲིན་ལས་ཀྱི་གཞུངས་བསྲངས།

ཉིན་འདིའི་དགོང་མོར་བླ་མ་མཆོད་པ་གསུང་གྲུབ་རྗེས་སང་ཞོགས་སྐུ་གདུང་ཞུགས་འབུལ་གྱི་སྟ་གོན་ཆེད་དུ་དགོན་པའི་ཁོར་ཡུག་ཀུན་དང་ལྷག་པར་དུ་འཆད་རར་གདུང་ཁང་བརྩེགས་པའི་མདུན་གྱི་རྡོ་སྤྲས་ཐོག་གི་མཆོད་པ་རྣམས་ཁ་གསབ་དང་ལེགས་བཅོས་མེ་ཏོག་བཤམ་སྒྲིག་སོགས་རྒྱ་ཆེར་བྱས།

༩ སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་ཀུན་རིགས་ལས་བཞི་རྒྱུན་ལྔའི་མེ་སྤར་ཉིན།

ཞོགས་པར་སྐུ་གདུང་རིན་པོ་ཆེ་མི་མང་ཡོངས་ལ་མཇལ་ཁ།

སྐུ་གདུང་ཞུགས་འབུལ་ཉིན་གྱི་མཛད་རིམ་གསལ་བརྡ་སྔ་ཉིན་ནས་བཏང་ཟིན་པ་ལྟར་ཕྱི་ལོ་༢༠༢༥ ཟླ་༨ཚེས་༦དང་བོད་ཟླ་༦པའི་ཚེས་༡༢ཉིན་གྱི་ཞོགས་པ་ཕྱག་ཚོད་༦ཙམ་གྱི་ཐོག་ནས་གདུང་མཇལ་བའི་སེར་སྐྱ་མི་མང་རྣམས་འཆད་རར་རིམ་བཞིན་འདུ་འཛོམས་བྱུང་། དེ་ཡང་སྐུ་བཅར་ཞབས་ཕྱི་རྣམ་པས་དགུང་ཞག་ཆ་ཚང་རིང་སྐུ་གདུང་རིན་པོ་ཆེ་ཉར་ཚགས་དང་བཀུར་བསྟི་བླ་མེད་ཞུས་ཏེ། དད་ལྡན་མི་མང་རྣམས་ལ་གདུང་མཇལ་གྱི་གོ་སྐབས་བཅས་ཆ་ཚང་ཕུལ་གནང་ཡོད་ཀྱང་དེ་རིང་ནི་ཞུགས་འབུལ་གྱི་ཉིན་མོ་ཡིན་པས་མཛད་རིམ་ལྟར་ཕྱག་ཚོད་༦དང་ཕྱེད་ཙམ་ཐོག་སྐུ་བཅར་ཞབས་ཕྱི་བ་རྣམ་པ་ཚོས་སྐུ་གདུང་རིན་པོ་ཆེ་བླ་བྲང་ནས་ཚོགས་ཁང་དུ་གདན་དྲངས་པ་དང་ལྷན་འཆད་རར་སེར་སྐྱ་ཡོངས་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་ཞིང་སྐུ་གདུང་རིན་པོ་ཆེ་ཚོགས་ཁང་དབུས་སུ་ཁྲི་ཐོག་ལ་བཤམ་གྲུབ་པ་དང་ཀུན་གྱི་གསོལ་འདེབས་གྱེར་བཞིན་གྱེར་བཞིན་དང་པོ་ཕྱོགས་མཐའ་ནས་ཕེབས་པའི་མི་མང་རྣམ་པ་དང་། དེ་རྗེས་གདན་ས་སྨན་རི་ནས་ཕེབས་པའི་བླ་གྲྭ་རྣམ་པ། དེ་རྗེས་རང་དགོན་གྱི་བླ་གྲྭ་རྣམ་པ་བཅས་རིམ་བཞིན་སྐུ་གདུང་རིན་པོ་ཆེ་མཇལ་ཁ་གནང་།

གདུང་མཇལ་བའི་མི་མང་།

ད་ལན་སྐུ་གདུང་རིན་པོ་མཇལ་ཞུ་དང་གདུང་མཆོད་བཅས་ཀྱི་ཆེད་དང་། ལྷག་པར་དུ་སྐུ་གདུང་ཞུགས་འབུལ་སྐབས་སུ་ཆེད་དུ་ཕེབས་བཅར་གནང་མཁན་ནི་རྗེ་བླ་མ་མཆོག་གི་སློབ་མ་དང་དད་དམ་གྱིས་འབྲེལ་བའི་ཆོས་ཚོགས་ཁག་གི་བླ་མ་རྣམས་པ་དབུས་པའི་ཤར་ནུབ་རྒྱལ་ཁབ་ཁག་གི་དད་ལྡན་པ་རྣམས་དང་། དེ་བཞིན་འཛམ་གླིང་ཤར་ནུབ་དང་བོད་ཕྱི་ནང་གང་ས་ནས་བོན་གྱི་དད་ལྡན་མི་མང་ཤིན་ཏུ་མང་བར་འཛོམས་ཤིང་། དམིགས་བསལ་གདན་ས་སྨན་རི་གླིང་ནས་༸སྐྱབས་རྗེ་མཁན་སློབ་རྣམ་པ་ཚང་མས་དབུས་པའི་བླ་གྲྭ་དང་བཙུན་མ་སྨན་སློབ་བཅས་བརྒྱད་བཅུ་ལྷག་ཙམ་གདུང་མཆོད་དུ་ཆེད་ཕེབས་གནང་བ་མ་ཟད་ཁོང་རྣམ་པ་འཚོགས་དང་མཆོད་བཟོ་སོགས་ལས་ཀ་ཆེ་ཕྲ་གང་སར་ནུས་པ་མཉམ་སྤུང་གདུང་སེམས་མཉམ་ཁུར་གྱི་སྒོ་ནས་མཉམ་ཞུགས་གནང་། སྤྱིར་རྗེ་བླ་མ་མཆོག་གི་སྐུ་ཚེར་འཇིག་རྟེན་གྱི་ཁེ་དྲག་སོགས་དྲི་མས་སླད་པ་ཅུང་ཟད་ཙམ་ཡང་མ་གོས་པར་དྲང་བདེན་དང་མཐུན་ལམ་གྱིས་དགེ་སྦྱོར་བ་རྣམ་པར་དག་པ་ཞིག་གི་ཐུགས་གཤིས་ཁོ་ནས་སྐྱོན་མེད་རྣམ་པར་དག་པའི་མཛད་རྗེས་རླབས་སུ་ཆེ་བར་བསྐྱངས་པའི་གཟི་བྱིན་ལ་དད་གུས་མོས་པ་ཅན་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་ལུགས་མི་སྣ་ཤིན་ཏུ་མང་བར་གདུང་མཇལ་དུ་ཕེབས་པ་དང་། ལྷར་པར་དུ་སྐུ་གདུང་ཞུགས་འབུལ་གྱི་ཉིན་མོ་འདིར་ཆོས་ལུགས་རིས་སུ་མ་ཆད་པའི་གདུང་མཇལ་བ་མི་མང་སྟོང་ཕྲག་གཉིས་ལས་བརྒལ་བར་འདུ་འཛོམས་བྱུང་ཤིང་། བལ་ཡུལ་གཞུང་གི་སྤྱི་འཐུས་སོགས་འབྲེལ་ཡོད་དཔོན་རིགས་དང་། བོད་མི་མང་གི་སྤྱི་འཐུས། ས་གནས་དོན་གཅོད་སོགས་དམིགས་བསལ་གྱི་མི་སྣ་དུ་མ་ཡང་ཉིན་འདིར་གདུང་མཇལ་དུ་ཆེད་བཅར་གནང་འདུག

དཀྱིལ་འཁོར་བཤམ་བཀོད།

ཞོགས་པར་དཀྱིལ་འཁོར་བླུག་མཁན་རྣམ་པ་དང་སྒྲུབ་གཤེན་རྣམ་པས་མདོ་གཡུང་དྲུང་ཀློང་རྒྱས་དང་། ཀུན་རིག་ལས་བཞི་རྒྱུན་ལྔ། བདེར་གཤེགས་མེ་ལྷ་བཅས་ཀྱི་རྡུལ་ཚོན་དཀྱིལ་འཁོར་དང་། ལས་བཞི་དང་ཀློང་རྒྱས་ཀྱི་ཤིང་བརྩེགས་རྣམས་གདུང་ཁང་དུ་ལེགས་པར་བཤམ་རྩེག་གནང་ཞིང་། སྒྲུབ་གཤེན་གྱིས་དཀྱིལ་འཁོར་མདུན་དུ་གཞུང་ལྟར་ས་ཡི་ཆོ་ག་དང་དཀྱིལ་འཁོར་བཤམ་བཀོད་གྱི་ཚིག་བཤད་རྣམས་གསུངས་ནས་ཀུན་རིག་མེ་སྤར་གྱི་སྟ་གོན་ཡོངས་སུ་གྲུབ་པར་བྱས།

སྐུ་གདུང་རིན་པོ་ཆེ་དཀྱིལ་འཁོར་དུ་གདན་འདྲེན།

དེ་ནས་སྐུ་གདུང་མཇལ་ཁ་གནང་གྲུབ་རྗེས་སེར་སྐྱ་མི་མང་ཡོངས་གདུང་ཁང་མདུན་གྱི་འཆད་རར་འཛོམས་ཏེ་ཐལ་མོ་སྙིང་ཁར་ཟླུམ་བཞིན་སྔར་བཞིན་རྗེ་བླ་མའི་གསོལ་འདེབས་མུ་མཐུད་དབྱངས་སུ་གྱེར་ཞིང་། ཕྱག་ཚོད་༨ཙམ་གྱི་ཐོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སློབ་དཔོན་ཚངས་བསྟན་འཛིན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག གདན་ས་གཉིས་ཀྱི་བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་ཀྱིས་སྤོས་མེས་མདུན་བསུས་ཤིང་ཀུན་རིག་ལས་བཞི་རྒྱུན་ལྔ་གསུང་མཁན་གྱི་སྒྲུབ་གཤེན་རྣམ་པས་སེར་ཕྲེང་བསྒྲིགས་ཏེ་སྐུ་གདུང་རིན་པོ་ཆེ་ཚོགས་ཁང་གི་སྒོ་ཆེན་ནས་གཙུག་ལག་ཁང་གཡས་སུ་བསྐོར་ཏེ་གདུང་ཁང་ཕྱོགས་སུ་གདན་འདྲེན་ཞུས།

དེ་ནས་སྐུ་གདུང་རིན་པོ་ཆེ་གདུང་ཁང་མདུན་དུ་གདན་དྲངས་རྗེས་དེར་ཀུན་གྱི་མཇལ་ལམ་དུ་བཤམས་པས་སེར་སྐྱ་མི་མང་ཡོངས་ཀྱིས་འཆད་རའི་ཐོག་ནས་སྐུ་གདུང་རིན་པོ་ཆེ་མིག་མདུན་དུ་ལྷག་གེར་མཇལ་བཞིན་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་གནང་བཞིན་འཆད་རར་གཤེན་རབ་མཆོད་རྔ་བརྡུང་།

སྐུ་གདུང་ཞུགས་འབུལ་གྱི་མེ་སྤར།

དེ་ནས་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་སྒྲུབ་གཤེན་རྣམ་པ། དེ་བཞིན་སེར་སྐྱ་མི་མང་ཡོངས་འཆད་རར་གདན་དུ་འཁོད་རྗེས་ཀུན་རིག་མེ་སྤར་གྱི་ཆོ་གའི་འཕྲིན་ལས་རིམ་པར་བསྐྱངས་ཏེ་སྐུ་གདུང་རིན་པོ་ཆེ་དངོས་སུ་གདུང་ཁང་དུ་བཞུགས་སུ་གསོལ། དེ་ནས་མེ་སྤར་སྐབས་༧སྐྱབས་རྗེ་མཁན་སློབ་རྣམ་པ་གདུང་ཁང་གི་མདུན་དུ་ཕེབས་ནས་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐུ་གསུམ་སྡོང་བུ་ལ་མེ་སྤར་གནང་། དེ་ནས་མཁན་སློབ་རྣམ་པ་གཞན་གསུམ་གྱིས་དཀྱིལ་འཁོར་གྱི་ལྷོ་བྱང་ནུབ་གསུམ་ནས་དུས་གཅིག་ཏུ་ཤིང་བརྩིག་ལ་དངོས་སུ་མེ་སྤར་གནང་བས་མེ་མདངས་དམར་སེར་ལྷུབ་ལྷུབ་ཏུ་སྐུ་གདུང་རིན་པོ་ཆེ་ལ་མཆེད་པ་མི་མང་ཡོངས་ཀྱིས་མཇལ་བ་དང་ལྷན་དཀྱིལ་འཁོར་ཕྱི་རིམ་གྱི་གདུང་ཡོལ་དལ་གྱིས་བསུམ། དེ་ནས་མེ་སྤར་གྱི་གཞུང་ཆོག་ལྟར་འཕྲིན་ལས་ཀྱི་རིམ་པ་མུ་མཐུད་བསྐྱངས་ཏེ་ཆུ་ཚོད་༡༠པ་མ་ཟིན་ཙམ་ལ་མེ་སྤར་གྱི་ཆོ་གའི་ལས་རིམ་རྣམས་མཇུག་ཡོངས་སུ་གྲུབ།

ངོ་མཚར་གྱི་རྟགས་མཚན།

དམ་པ་མཆོག་སྐུ་འཚོ་བཞུག་སྐབས་སུ་གྲུབ་རྟགས་སྟོན་ཟེར་བ་སོགས་ལ་ཐུགས་མཉེས་པོ་དེ་ཙམ་གནང་སྲོལ་མེད་ཀྱང་། རྣལ་འབྱོར་པས་རྟགས་མི་འདོད་ཀྱང་། རྟགས་ཀྱིས་རྣལ་འབྱོར་པ་འདོད། ཅེས་པ་ཇི་བཞིན་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་རྗེས་དགུང་ཞགས་ནང་དུ་ང་ཚོས་ཕྱིར་མཐོང་གི་ངོར་ཐུགས་དམ་གཡོ་བ་མེད་པར་ཡུན་རིང་དུ་བཞུགས་པ། སྐུ་གདུང་ལྷག་པར་ཆུང་བ། ཕྱོགས་གང་སར་འཇའ་གུར་དང་མཇའ་འོད་ངོ་མཚར་བར་ཤར་བ་སོགས་གཞུང་རྣམས་ལས་བཤད་པ་བཞིན་རྟགས་དང་མཚན་མ་དངོས་སུ་བྱུང་བ་དང་།

ལྷག་པར་དུ་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཉིན་འདི་ལ་མཚོན་ན། སྤྱིར་དུས་ཚོད་འདིར་ཆར་དུས་ཡིན་ལ་ཉེ་སྔོན་རྣམས་སུ་གནམ་གཤིས་ཅུང་མི་བཟང་བ་དང་འབབ་ཞོད་ཆེ་ཙམ་དུ་བྱུང་རྐྱེན་ཀུན་གྱིས་མེ་སྤར་ཉིན་འདིར་གནམ་གཤིས་གང་འདྲ་འབྱུང་མིན་ཐད་སེམས་འཚུབ་ཀྱི་ཡུལ་དུ་གྱུར་བ་མ་ཟད་ཉིན་འདིའི་ཞོགས་ཀར་གནམ་ངོ་གནག་ཅིང་ཆར་སྤྲིན་འཐུག་པོར་འཁྲིག་ནས་ཕྱོགས་འགའ་ཞིག་ལ་ཆར་པ་འབབ་བཞིན་འདུག་པ་སོགས་ཆར་ཞོད་འབབ་ཉན་ཆེ་ཙམ་དུ་འདུག་ཀྱང་། རིམ་བཞིན་གནམ་ངོ་ཇེ་བཟང་དང་ཇེ་དྭངས་སུ་གྱུར་བ་དང་། ལྷག་པར་སྐུ་གདུང་རིན་པོ་ཆེ་གཙུག་ལག་ཁང་ནས་གདུང་ཁང་གི་དཀྱིལ་འཁོར་དུ་གདན་འདྲེན་ཞུ་བཞིན་པའི་སྐབས་ཞོགས་ཀྱི་ཉི་འོད་སེར་ལམ་ལམ་འཕྲོས་པའི་ནམ་མཁའི་ངོགས་ན་དྭངས་ཤིང་གཙང་བའི་དཀར་འཇམ་གྱི་སྤྲིན་རིས་ངོ་མཚར་བར་ཀུན་གྱི་མཐོང་སར་བྱུང་།

སྐུ་གདུང་ཞུགས་འབུལ་ཞུས་པ་དང་ལྷན་གཅིག་ནམ་མཁའི་ངོགས་སུ་སྤྲིན་པ་དཀར་འཇམ་ཞིག་འཁྲིག་པ་དང་མཉམ་དུ་མཇའ་ཡི་འོད་གུར་ཀུན་གྱི་མཇལ་ཡུལ་དུ་ཕུབ་པས་རིས་སུ་མ་ཆད་པའི་སེར་སྐྱ་མི་མང་ཡོངས་སྔར་ལས་དད་འདུན་ཤུགས་དྲག་ཏུ་འཕེལ་བའི་ཚོད་ཀྱིས་ཐལ་མོ་དྲག་ཏུ་ཟླུམ་སྟེ་གསོལ་འདེབས་དང་སྨོན་ལམ་གདུང་ཤུགས་དྲག་པོས་ཞུ་བཞིན་འདུག་པ་དེ་ནི་རྗེ་བླ་མ་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཀྱི་ནུས་མཐུས་སྐལ་ལྡན་རྣམས་ལ་ཡོངས་སུ་ཁྱབ་ཅིང་ཐུན་མོང་གི་སྣང་ངོར་གྲུབ་པའི་རྟགས་སུ་བཞག་པའང་ལོས་ཡིན།

མཇའ་གུར་དེ་ཉིད་མེ་སྤར་གྱི་ཆོ་ག་མ་གྲུབ་པར་གསལ་བར་ཤར་ཞིང་མེ་སྤར་གྱི་ཆོ་ག་གྲུབ་པ་དང་ལྷན་གཅིག་ནམ་མཁའ་ནས་དལ་གྱིས་མི་སྣང་བར་གྱུར་པ་དང་། སླར་སྤྲིན་རིས་ཡིད་དུ་འོང་བ་སྣ་ཚོགས་པར་དཀྲིག་པ་སོགས་ངོ་མཚར་ཀྱི་རྟགས་དང་མཚན་མ་ཀུན་གྱི་སྣང་ངོར་མངོན་སུམ་དུ་མཐོང་སར་བྱུང་བས་གདུང་མཇལ་དུ་ཕེབས་པའི་སེར་སྐྱ་མི་མང་རིས་སུ་མ་ཆད་པ་ཡོངས་ཀྱི་སེམས་ལ་དད་འདུན་མོས་པ་བླ་ལྷག་ཏུ་འཕེལ་ནས་བྱིན་རླབས་ཀྱི་ཚན་ཁ་ཡོངས་སུ་ཁྱབ་པར་གྱུར།

གདུང་མཇལ་བ་ཡོངས་ལ་བཀའ་སློབ།

དེ་ནས་ད་ལན་གྱི་གདུང་མཇལ་བ་ཡོངས་ལ་གདུང་མཆོད་དང་འབྲེལ་དམིགས་བསལ་བཀའ་སློབ་བསྩལ་གནང་གི་མཛད་རིམ་གྲ་སྒྲིག་ཡོད་པ་བཞིན་ཆུ་ཚོད་༡༠དང་སྐར་མ་༢༠ཙམ་ལ་མི་མང་རྣམས་འཚོགས་ཁང་གསར་པའི་འོག་གི་ཁང་ཆེན་དུ་འཛོམས་ནས་ཐོག་མར་གྲྭ་ཚང་ནས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་དང་ལྷན་ཚང་མས་མགྲིན་གཅིག་ཏུ་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར། དེ་ནས་ཇ་མཆོད་གསུངས་གྲུབ་པ་དང་མི་མང་རྣམས་ནས་འབྲས་སིལ་དང་གསོལ་ཇ་རོལ།

འདུ་འཛོམས་འདིའི་ཐོག་ཏུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་གཉིས་དང་། གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་མཁན་སློབ་རྣམ་པ་གཙོས་པའི་གདན་ས་གཉིས་ཀྱི་བླ་མ་རྣམས་དབུ་བཞུགས་གནང་ཐོག བོད་མི་དམངས་ཀྱི་སྤྱི་མཐུས་ཁག་དང་། བལ་ཡུལ་ས་གནས་ཀྱི་དོན་གཅོད། ཕྱི་རྒྱལ་ཆོས་ཚོགས་ཁག་གི་བླ་མ་རྣམ་པ་བཅས་ཕེབས་བཞུག་གནང་། ཐོག་མར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དྲུང་ཡིག་ཆེན་མོ་དགེ་བཤེས་ཡོན་ཏན་རྒྱ་མཚོ་ལགས་ནས་འདུ་འཛོམས་དེའི་གཙོ་སྐྱོང་གནང་སྟེ་བྱོན་པ་ལེགས་གསོལ་དང་འབྲེལ་བའི་གསུང་བཤད་གྲུབ་རྗེས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བོད་དབྱིན་གཉིས་ཀྱི་སྐད་ཐོག་ནས་རིམ་པར་གདུང་མཆོད་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་གནང་།

 མཁན་རིན་པོ་ཆེའི་གསུང་བཤད་ཀྱི་ནང་དོན་གཙོ་བོ་ཁག།

དེ་སྔོན་༢༠༢༡ལོར་རྗེ་བླ་མ་མཆོག་སྐུ་ཡི་བསྙུང་གཞི་ཚབ་ཆེན་བཞེས་སྐབས་བོད་ཕྱི་ནང་གི་དགོན་སྡེ་གྲྭ་ཚང་དང་། ཡུལ་སྡེ་མི་དམངས་སྤྱི་སྒེར་ཁག་གང་ས་ནས་སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེར་བསྒྲུབ་གནང་བ་རྣམས་ང་ཚོས་ཞིབ་ཕྲར་ཤེས་རྟོགས་བྱས་པ་དང་། དེ་བཞིན་སྐུ་ཡི་བསྙུང་གཞི་སྐབས་སོགས་སྔ་ཕྱི་བར་གསུམ་དུ་རོགས་དན་དང་མཐུན་རྐྱེན་བླ་མེད་སྦྱོར་མཁན་དད་སྦྱིན་ཁག་བཅས་ལ་ཐུགས་ཀྱི་གཏིང་ནས་ཐུགས་རྗེ་ཆེ་ཞུ་དང་། སྐབས་དེར་ང་ཚོས་ངོས་ནས་ཀྱང་ཕྱི་ནང་གི་ཞབས་རིམ་ཇི་ལྟར་སྒྲུབ་པའི་གནས་ཚུལ་རྣམས་ཞིབ་ཕྲར་དམ་པ་མཆོག་ལ་སྙན་གསན་ཞུས་པས་སྐབས་དེར་རྗེ་བླ་མ་མཆོག་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་གནང་བཞིན་འདུག་པ།

རིན་པོ་ཆེ་མཆོག་ཞིང་དུ་མ་ཕེབས་པའི་བར་དུ་བྱ་བ་གཞན་ཡོད་ཚད་བློས་བཏང་གིས་གཏན་འཇགས་སུ་ཞབས་ཕྱི་ཞུ་གནང་མཁན་གྱི་སྐུ་བཅར་བ་ཁོང་རྣམ་པ་ལ་ང་ཚོས་དད་འབངས་ཚང་མས་ཚབ་བྱས་ཏེ་རྗེས་སུ་ཡི་རང་དང་བཀའ་དྲིན་ཞུ་འོས་པ།

འདི་ལོར་རྗེ་བླ་མ་དགུང་གྲངས་བརྒྱ་ལ་ཕེབས་ཏེ་ང་ཚོ་དད་ལྡན་ཡོངས་ཀྱིས་བརྒྱ་སྟོན་ཕུན་སུམ་ཚོགས་པར་བསུ་བའི་སྐལ་བཟང་བྱུང་བ་ནི་བསོད་ནམས་བསམ་གྱི་མི་ཁྱབ་པའི་ཡོན་ཏན་ཐོབ་པ། བརྟན་བཞུགས་སྐབས་རིན་པོ་ཆེ་མཆོག་སྐུ་ཅུང་མི་བདེ་བར་ཡོད་ན་ཡང་མི་མང་དྲུག་སྟོང་ལྷག་འཛོམས་པ་ཚང་མས་ཞལ་མཇལ་ཡིད་ཚིམ་པ་གནང་རྒྱུ་བྱུང་བ་དེ་ང་ཚོ་ཚང་མས་དམ་ཚིག་གཅིག་ཏུ་གནས་པའི་བདེན་སྟོབས་ཀྱིས་ཡིན་པ། ད་ལོ་ཞིང་དུ་ཕེབས་ཁར་རིན་པོ་ཆེ་མཆོག་སྐུ་མི་བདེ་བ་ཤུགས་ཆེན་པོ་དེ་འདྲ་བྱུང་མེད་ནས་ཡང་། སྐུ་བཅར་བ་ཚོ་ལ་རྒྱུན་དུ་གསུང་རྒྱུ་ལ་ད་ང་ད་ལྟ་སྐྱིད་པོ་འདུག ངས་རྒྱུན་དུ་རང་འབྱུང་ཡེ་ཤེས་སྒོམ་གྱིན་ཡོད། ཀུན་བཟང་ཐུགས་སྤྲུལ་འདོན་གྱི་ཡོད། ཁྱེད་རང་ཚོ་ཡང་འདིར་མཉམ་དུ་ལྷོད་ལྷོད་གྱིས་ནས་ཉམས་ལེན་གྱིས། གཞན་ཡར་དང་མར་ཟ་ངེ་ཟིང་ངེ་དེ་འདྲ་མང་པོ་བྱེད་དགོས་མ་རེད།ཅེས་སོགས་ཉམས་ལེན་དང་མི་རྟག་པ་སོགས་དང་འབྲེལ་བའི་གདམ་ངག་ཡང་ཡང་གསུང་གནང་ཞིང་ཐུགས་ཐག་ཆོད་པོ་གནང་སྟེ་ཐུགས་བདེ་ཞི་ལྷོད་བག་ཕེབས་ངང་དུ་རྣལ་འབྱོར་པའི་ཉམས་རྟགས་ན་དགའ་འཆི་བྲོད་ཀྱི་ངང་ཚུལ་གནང་བཞིན་འདུག་པ་དང་། མཐར་སྐུ་ཞི་བར་གཤེགས་རྗེས་ཉིན་གྲངས་བརྒྱད་རིང་ཐུགས་དམ་གཡོ་བ་མེད་པར་བཞུགས་སྐབས་ཞལ་རས་རྣམས་སྔ་མ་ལས་བཀྲག་མདང་ཆེ་བར་གྱུར་ནས་ཤིན་ཏུ་ངོ་མཚར་ཆེ་བའི་རྟགས་མཚན་དུ་མ་བྱུང་བ་དང་། དེ་རིང་སྐུ་གདུང་བཞུགས་འབུལ་སྐབས་མཁའ་ལ་འཇའ་ཡི་འོད་གུར་ཕུབ་པ་སོགས་ངོ་མཚར་བའི་རྟགས་དང་མཚན་མ་ང་ཚོ་ཀུན་གྱིས་མཐོང་ཞིང་མངོན་སུམ་པར་མཇལ་ཡུལ་དུ་བྱུང་བ་ནི་བསོད་ནམས་བསམ་གྱིས་མི་ཁྱབ་པ་ཡིན་པ། ང་ཚོར་ད་ལན་སྐྱིད་སྡུག་གི་དུས་སྐབས་འདི་འདྲ་ཞིག་ཚེས་པ་ལ་བོད་ཕྱི་ནང་གཉིས་དང་རྒྱ་བལ་འབྲུག་སོགས་ལ་གནས་པའི་བོན་གྱི་ལྷ་སྡེ་རྣམས་དང་། དགོན་པ་གྲྭ་ཚང་ཁག དེ་བཞིན་ཆོས་རྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པ། ཚོགས་སྡེ་སྤྱི་སྒེར་སོགས་ཕྱོགས་དུ་མ་ཐུགས་གསོ་དང་གདུང་མཆོད་རྒྱ་ཆེར་ཕུལ་ནས་ང་ཚོར་གདུང་སེམས་མཉམ་བསྐྱེད་བསམ་གྱིས་མི་ཁྱབ་པར་གནང་བྱུང་བ་རྣམས་ནི་ང་ཚོའི་ངོས་ནས་དུས་ཚོད་དང་གནས་བབ་གང་འདྲ་ཞིག་ཆགས་ཀྱང་ནམ་ཡང་བརྗེད་པར་དཀའ་བ་ཞིག་ཡིན་པ།

སླད་ཕྱིན་ང་ཚོས་ཀྱང་རྗེ་བླ་མ་མཆོག་གིས་ཆོས་ལུགས་བར་མཐུན་འབྲེལ་དག་སྣང་སྦྱང་དགོས་པའི་བཀའ་སློབ་ཡང་ཡང་གསུང་གནང་གི་ཡོད་པ་དེ་བཞིན་དུ་ཚང་མས་ཆོས་ལུགས་གྲུབ་མཐའི་བར་དག་སྣང་དང་མཐུན་འབྲེལ་གནང་དགོས་པ་དེ་གལ་ཆེན་ཡིན་པ། མ་འོངས་པར་ང་ཚོས་བསམ་མནོ་བཏང་དགོས་པ་གལ་ཆེ་བ་ཞིག་ནི་རིན་པོ་ཆེས་རྗེས་བཞག་མཛད་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མུ་མཐུད་མི་ཉམས་རྒྱུན་སྐྱོང་ཞུ་རྒྱུ་དང་། དེ་ཡང་བླ་མ་གྲྭ་པ་གཅིག་པུའི་འགན་ཙམ་མ་ཡིན་པར་སྐྱ་སེར་རིས་སུ་མ་ཆད་པ་ཚང་མས་དེའི་ཐོག་ལ་ཐུགས་བསམ་ཟབ་མོར་བཞེས་དགོས་རྒྱུ་གལ་ཆེན་བ་དང་། དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་ཐོག་ང་ཚོ་ནུས་པ་མཉམ་སྤུང་གིས་གཙོ་བོ་རྒྱ་གར་སྨན་རི་དང་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེའི་དགོན་པ་འདི་གཉིས་ཀྱི་འགན་འཁུར་གནང་དགོས་པ།

དེ་རིང་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་དུས་ཚོད་འདི་ཤིན་ཏུ་གལ་ཆེན་པོ་ཡིན་ཕྱིར་དུས་སྐབས་འདིར་ང་ཚོ་ཚང་མས་གོང་ཞུས་ལྟར་ཐུགས་དམ་དམ་བཅའ་ཞིག་གནང་ཐུབ་ན་ཤིན་ཏུ་བཟང་བ་དང་རང་ཉིད་ནས་ཀྱང་འཇོན་ནུས་གང་ཡོད་ཀྱིས་དེ་ལྟར་བསྟན་པ་འདི་ལ་སྲིད་ཞུ་བསྒྲུབ་རྒྱུའི་དམ་བཅའ་ཞུ་བཞིན་ཡོད་པ་བཅས་གསུངས་གནང་།

དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་དོན་གཙོ་བོ་ནི། དེ་རིང་སྐུ་གདུང་ཞུགས་འབུལ་དང་འབྲེལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྐྱོང་བ་ལ་གཙོ་བོ་ལག་ལེན་དངོས་ཀྱི་ཐོག་ནས་ཉམས་ལེན་གནང་སྟེ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རང་རང་གི་རྒྱུད་ཐོག་ལ་གནས་པ་ཞིག་དགོས་པ་དང་། དེ་ཡང་རིན་པོ་ཆེ་གོང་མ་རྣམ་པས་རྒྱུན་དུ་གསུང་གནང་རྒྱུ་དེ་རང་ཡིན་ལ་ང་ཚོས་དེ་ལྟར་གནང་ཐུབ་པ་དགོས་རྒྱུ་གལ་ཆེ་བ་སོགས་བཀའ་སློབ་གནད་དུ་སྨིན་པ་བསྩལ་གནང་མཛད།

དེ་ནས་ཆུ་ཚོད་༡༡དང་སྐར་མ་༥༠ཙམ་ལ་བཀའ་སློབ་གནང་གྲུབ་སྟེ་དྲུང་ཡིག་ལག་ནས་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་བཀའ་སློབ་ཀྱི་ནང་དོན་མདོར་བསྡུས་མཚམས་སྦྱོར་གྱི་སྒོ་ནས་མཛད་སྒོ་འཇུག་བསྡོམས་གནང་། ཕྱག་ཚོད་༡༢ཐོག་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་ཞལ་ལག་རྒྱས་འབུལ་ཞུས་ཏེ་སྔ་དྲོའི་མཛད་རིམ་ཡོངས་སུ་གྲུབ།

དེ་ནས་ཕྱི་དྲོ་ཕྱག་ཚོད་༢པ་ནས་ཀུན་རིག་གསུང་མཁན་གྱི་སྒྲུབ་གཤེན་རྣམ་པ་དང་ཀློང་རྒྱས་གསུང་མཁན་སོ་སོས་གདུང་བསྲེག་དང་ཀློང་རྒྱས་རིམ་པར་བླུགས་པ་བཅས་ཉིན་འདི་ཡི་མཛད་རིམ་གནས་བསྡུས་སོ། །

སྤྱི་ཟླ་༨པའི་ཚེས་༧ཉིན་མུ་མཐུད་ཀློང་རྒྱས་དང་ཀུན་རིགས་སོ་སོའི་སྦྱིན་སྲེག་གི་གཞུང་བསྲང་ཞིང་། ཚེས་༨ཉིན་གྱི་ཞོགས་པར་དྲག་པོའི་ཧོམ་ཐབས་ཀྱི་དཀྱིལ་འཁོར་ཟུར་དུ་བཅའ་བཀོད་བྱས་པའི་ནང་མདེལ་གྱི་སྦྱིན་སྲེག་བླུགས།

༡༠ གྲུབ་མཆོད་སྨོན་ལམ།

ཕྱི་ལོ་༢༠༢༥ཟླ་བ་༨པའི་ཚེས་༩དང་བོད་ཟླ་༦པའི་ཚེས་༡༥ཉིན་གྲུབ་མཆོད་སྨོན་ལམ་ཡིན་པས་སྔ་དྲོ་ཕྱག་ཚོད་༩པའི་ཐོག་སེར་སྐྱ་མི་མང་ཡོངས་འཆད་རར་འཛོམས།

དེ་ནས་༧སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་ཀུན་རིག་གསུང་མཁན་གྱི་སྒྲུབ་གཤེན་རྣམས་སེར་ཕྲེང་བསྒྲིགས་ཏེ་སྨོན་ལམ་ཤིང་རིང་རྣམས་གཙུག་ལག་ཁང་ནས་འཆད་རར་གདན་འདྲེན་ཞུས། འཆད་རར་གཤེན་རབ་མཆོད་རྔ་བརྡུང་གྲུབ་རྗེས་བླ་གྲྭ་རྣམ་པ་དང་སེར་སྐྱ་མི་མང་ཡོངས་གདན་དུ་འཁོད་པ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་དང་ལྷན་གྲུབ་མཆོད་སྨོན་ལམ་དངོས་སུ་དབུ་འཛུག་གནང་ཞིང་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་པའི་གྲྭ་མང་རྣམས་ཀྱིས་སྨོན་ལམ་ཤིང་རིང་རིམ་པར་གསུངས་ཏེ་མི་མང་རྣམས་ལ་ཕྱག་འགྲིམ་བྱིན་རླབས་ཐོབ་པར་གནང་རྗེས་རིམ་པར་དཀྱིལ་འཁོར་དུ་ཕུལ། སྨོན་ལམ་ཤིང་རིང་གསུངས་གྲུབ་རྗེས་གསོལ་ཇ་དང་དེ་ནས་སྨོན་ལམ་རྣམས་གསུམ་གསུངས་ཤིང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས། དེ་ནས་སྨོན་ལམ་འདི་བཏབ་དང་ཡིག་བརྒྱ་སོགས་གསུངས་ནས་རྣམ་དཀར་དགེ་བའི་བྱ་བ་ཚོགས་བསགས་སྦྱིན་སྲེག་གི་མཆོད་པ་རླབས་པོ་ཆེ་དེ་ཉིད་བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱོར་གནང་།

དེ་ནས་གཤེན་རབ་མཆོད་རྔ་བརྡུང་རྗེས་སེར་སྐྱ་མི་མང་ཡོངས་ཀྱིས་སྐྱབས་མཆོག་བདེ་བར་གཤེགས་པའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་སྦྱིན་སྲེག་གི་དཀྱིལ་འཁོར་མཇལ་ཞོར་དགོན་པར་གླིང་སྐོར་ཕེབས། དེ་དང་ལྷན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་༧སྐྱབས་མཆོག་བདེ་བར་གཤེགས་པའི་ནབ་བཟའ་དང་། གདུང་ཚྭ་སོགས་དད་རྟེན་བྱིན་རླབས་སུ་བསྩལ་གནང་མཛད།

ཀུན་རིག་གསུང་མཁན་གྱི་སྒྲུབ་གཤེན་རྣམ་པས་མུ་མཐུད་ལས་བཞིའི་འཕྲིན་ལས་མཇུག་བསྐྱངས་ནས་དབལ་གསས་ཚོགས་འཁོར་དང་སྒོ་དབྱེ་བཅས་གྲུབ་པར་བྱས་པ་དང་།

ཕྱི་དྲོ་ཕྱག་ཚོད་༢པའི་ཐོག་ནས་བཀའ་སྐྱོང་དང་བཀྲ་ཤིས་གཤེགས་སྤྱོད་བཅས་གསུངས་ནས་དེ་ལྟར་སྐྱབས་མཆོག་བདེ་བར་གཤེགས་པའི་གདུང་མཆོད་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་གའི་ལས་རིམ་རྣམས་སྔོན་དངོས་རྗེས་གསུམ་ཆ་ཚང་ཞིང་རྣམ་པར་དག་པ་དང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་བཅས་ཀྱི་ངང་ནས་ཉིན་འདིར་མཇུག་ཡོངས་སུ་གྲུབ་བོ། །

ཞེས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་བའི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་རྣམས་ཕྱོགས་མཐའ་ཀུན་གྱིས་མཁྱེན་རྟོགས་སླད་རང་གིས་གང་མཐོང་ལྟར་བཀོད་པ་པོ་དགེ་བཤེས་ཚུལ་ཁྲིམས་དྲི་མེད་ཀྱིས་ཕྱི་ལོ་༢༠༢༥ལོའི་ཟླ་བ་༨པའི་ཚེས་༩ཉིན་ལས་ཀའི་བར་གསེང་ནས་མཇུག་གྲུབ་པར་བྲིས་ཏེ་ཕུལ།

(སྤྱིའི་གཟིགས་གྲངས། 3,274 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅་། །འཛམ་…
error: རྩོམ་འདི་བདག་དབང་ཅན་ཡིན།