༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་དགོངས་རྫོགས་མཆོད་འབུལ་ཞུས་པའི་འཚམས་འཕྲིན།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ལྷན་རྒྱས་ཀྱི་
དྲུང་དུ་ཞུ་གསོལ།
༄༅། །ད་ལམ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཞིང་ཁམས་གཞན་དུ་གཤེགས་པར་ངེད་ཅག་བླ་གྲྭ་ཀུན་ལ་བརྗོད་ལས་འདས་པའི་སྡུག་བསྔལ་དང་། ཡིད་ཕམ་བྱུང་བ་བཟོད་པར་དཀའ་ཡང་། མདོ་ལས། རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། །རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། །མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། །ཞེས་གསུངས་པ་ལྟར། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་སྐུ་ལ་སྐྱེ་འཆི་མེད་ཀྱང་། རང་ཅག་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་དགོས་པའི་བསྐུལ་མའི་ཆེད་དུ་ཞིང་ཁམས་གཞན་དུ་གཤེགས་པར་ཡིད་ལ་བསམ་སྟེ། འདི་གར་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་འོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཐོས་མ་ཐག་༧དཔལ་གཤེན་བསྟན་སྨན་རིའི་ཚོགས་ཆེན་འདུ་ཁང་དུ་༧སྐྱབས་རྗེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་ཚོགས་རྒྱས་པར་བཤམས་ཏེ། བླ་གྲྭ་མི་མང་ཡོངས་ནས་བླ་མ་མཆོད་པ་དང་། གསོལ་འདེབས་སྨོན་ལམ་སོགས་ཀྱིས་དགོངས་རྫོགས་མཆོད་འབུལ་ཞུས་ཡོད། ཞག་གསུམ་བར་དུ་བླ་གྲྭ་ཀུན་ནས་༧སྐྱབས་རྗེ་མཆོག་གི་ཐུགས་དམ་གསང་སྔགས་མ་རྒྱུད་ཀྱི་ཚོགས་མཆོད་རྒྱས་འབུལ། རིག་འཛིན་འདུས་པའི་ཚོགས་མཆོད་བཅས་ཕུལ། གཞན་ཡང་ཞེ་དགུའི་རིང་དུ་བདུན་ཚིགས་རེའི་མཚམས་སུ་དགོང་མོ་ཚོགས་ཆེན་འདུ་ཁང་མདུན་དུ་ཡོངས་འཛིན་རིན་པོ་ཆེའི་སྐུ་པར་མདུན་དུ་མཆོད་ཚོགས་རྒྱས་པར་བཤམས་ཏེ། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་དབུ་བཞུགས་ཐོག་སེར་སྐྱ་མང་ཚོགས་ཀུན་གྱིས་བླ་མ་མཆོད་པ་དང་། ༧སྐྱབས་རྗེ་མཆོག་གི་གསོལ་འདེབས་སྨོན་ལམ་སོགས་ཀྱིས་དགོངས་རྫོགས་མཆོད་འབུལ་དང་། ཞེ་དགུའི་མཐའ་མའི་ཉིན་གྲྭ་མང་བྱིང་ནས་ཚོགས་ཆེན་འདུ་ཁང་དུ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་བཅས་ཞུས་ཡོད། དེ་བཞིན་ད་ལམ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཆེན་མོ་མཁན་ཆེན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དབུས་པའི་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་། བླ་གྲྭ་དགེ་བཤེས་གང་མང་དེར་ཕེབས་ཡོད། དེ་བཞིན་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་སྐལ་བཟང་ཉི་མ་མཆོག་ཆེད་བཅར་གྱིས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ངོ་ནས་སྐུ་གདུང་ཞུགས་འབུལ་དང་འབྲེལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་ལ་སྨོན་ལམ་མང་ཇ་དང་སྐུ་འགྱེད་སྒོར་བརྒྱ་རེ་ཕུལ་ཡོད། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དགོངས་བཞེད་གཙོ་བོ་ནི་བོན་སྡེ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྦྲེལ་ནས།སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་འདི་ཉིད་ཡིན་སྟབས། བླ་གྲྭ་ཀུན་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ནམ་ཡང་ལྷོད་པ་མེད་པར་ཞུ་ཞུ།
༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།ཕྱི་ལོ་༢༠༢༥ཟླ་༨ཚེས་༤ཉིན་ཕུལ།