ཐུགས་རྗེ་ཆེ་ཞུ་དང་གལ་ཆེའི་གསལ་བརྡ།
༄༅། །དམ་ཚིག་ཤེལ་དཀར་གྱི་ཉག་ཐག་གཅིག་ཏུ་སྒྲིལ་བའི་གཡུང་དྲུང་བོན་གྱི་དད་ལྡན་མི་མང་སྤྱི་དང་། སྐྱ་སེར་རིས་སུ་མ་ཆད་པའི་འབྲེལ་ཐོགས་ཡོངས་ཀྱི་སྙན་དབང་དུ་ཞུ་གསོལ་འདེབས་དོན།
དེ་ཡང་༧གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་སྐུ་ཚེ་ཧྲིལ་པོར་གསང་གསུམ་གྱི་མཛད་འཕྲིན་བསྐྱངས་ནས་བསྟན་འགྲོའི་དོན་ཆེན་མཛད་པ་དང་། དགུང་གྲངས་བརྒྱར་ཕེབས་རྗེས་ཞིང་ཁམས་གཞན་དུ་ཞལ་གཟིགས་པ་ནས་བཟུང་བོན་འབངས་སྤྱི་དང་། འབྲེལ་ཐོགས་ཚོགས་སྡེ་ཁག། དེ་བཞིན་བླ་བྲང་དང་དགོན་སྡེ་རི་ཁྲོད། གྲོང་སྡེ་དུད་ཁྱིམ་བཅས་སྤྱི་སྒེར་གཉིས་ཆ་ནས་༧སྐྱབས་རྗེ་དམ་པའི་དགོངས་རྫོགས་མཆོད་སྤྲིན་དུ་དགུང་ཞག་ཞེ་དགུའི་རིང་གདུང་འདེབས་མཆོད་འབུལ་གྱི་དགེ་རྩ་རྒྱ་ཆེར་ཞུས་པ་དང་། དེ་བཞིན་བཀའ་དྲིན་རྗེས་སུ་དྲན་ནས་གདུང་སེམས་མཉམ་བསྐྱེད་གནང་མཁན་བཅས་ཐུན་མོང་ལ་ངེད་འདི་གའི་བླ་བྲང་དང་འདུས་སྤྱི་ནས་རྗེས་སུ་ཡི་རངས་དང་བཅས་ཤིན་ཏུ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་སླད་དམ་པ་མཆོག་གི་བྱིན་རྟེན་རེ་འབུལ་བསྐུར་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། འདི་གའི་བླ་བྲང་དང་འདུས་སྤྱི་ནས་ཀྱང་དགུང་ཞག་ཞེ་དགུའི་རིང་དགོངས་རྫོགས་མཆོད་སྤྲིན་གང་ཐུབ་བསྟར་ཆགས་སུ་ཞུས་མཐར་གསལ་བསྒྲགས་སྔོན་སོང་ལྟར་ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ཞལ་དབྱེ་སྟེ་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུ་རྒྱུ་ཡིན་པ་བཅས་གནས་ཚུལ་སྤྱི་དང་།
གཞན་གདུང་འདེབས་མཆོད་འབུལ་དང་འབྲེལ་བའི་རྟེན་བཞེངས་སོགས་ཀྱི་ལས་དོན་བྱེད་སྒོ་མུ་མཐུད་དུ་སྤེལ་རྒྱུ་དང་། སྤྱིར་ན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་རླབས་ཆེའི་མཛད་པ་འཕྲིན་ལས་གང་བསྐྱངས་པ་རྣམས་མི་རིགས་སྤྱི་དང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་འབའ་ཞིག་ཡིན་པས་ན། རྗེས་སུ་བཞག་པའི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་ཕྱག་ལེན་རྣམས་གཅེས་འཛིན་དང་སྲུང་སྐྱོབ་ཞུ་བའི་གལ་ཆེའི་འོས་འགན་འདི་གའི་བླ་བྲང་དང་འདུས་སྤྱི་ལ་ཡོད་སྟབས་གོང་གི་དབུ་ལས་ལྷན་རྒྱས་ཀྱི་དགོངས་ཚུལ་ལྟར་འདི་གའི་དཔེ་མཛོད་དུ་བཞུགས་པའི་འཐུས་སྒོ་ཚང་བའི་གསུང་ཁྲིད་དང་བརྙན་ཐག་རིགས་གང་ཡོད་པ་རྣམས་ལ་གཞི་རྩ་བྱེད་དེ་སྲུང་སྐྱོབ་ཀྱི་ཕྱག་ལས་ཞུ་སྒོ་མང་པོ་ཞིག་ཡོད་པ་ལས་གསུང་ཁྲིད་རྣམས་མི་རིང་བར་ཡིག་འབེབ་ཞུ་རྒྱུ་གཏན་ཁེལ་བྱུང་བ་དང་། དེ་ཡང་ལོ་རྗེས་མའི་དུས་དྲན་སྐབས་གསུང་ཁྲིད་དེབ་ཕྲེང་གང་ཐོན་ལེགས་སྐྱེས་སུ་འབུལ་ཐུབ་རྒྱུའི་འདུན་པ་འཆང་བཞིན་ཡོད། ཡིག་འབེབ་གང་ཞུས་པ་རྣམས་ནི་སྤྱིར་ན་ཞང་བོད་མི་རིགས་ཀྱི་ཤེས་ཡོན་རིག་གནས་དང་། ཆོས་ལུགས་བསླབ་བྱ། ཞལ་གདམས་ལེགས་བཤད་སོགས་སྲོལ་རྒྱུན་རིག་གནས་རྣམས་སྲུང་སྐྱོབ་དང་། ཡང་སྒོས་དམ་པ་མཆོག་གི་ཐུགས་དགོངས་རྫོགས་པའི་དགེ་རྩ་གཙོས་རྗེས་འཇུག་མི་རབས་རྣམས་ལ་ལེགས་སྐྱེས་འབུལ་རྒྱུའི་དམིགས་འདུན་ཡིན་པ་ལས་ཚོང་ལས་དང་ཁེ་བསྐྱེད་སོགས་སྒེར་དོན་སྒྲུབ་སེམས་ཞེ་ལ་མེད་པས་ན། དེ་དོན་རྒྱ་ཆེའི་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་རྒྱུའི་རེ་སྨོན་ཞུ་རྒྱུ་དང་། ཡིག་འབེབ་སྐོར་སྐབས་དོན་ཞུ་བྱ་རྣམས་ཀྱི་གནས་སྟངས་རིམ་འབུལ་ཞུ་ཆོག་པ་བཅས།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་དང་འདུས་སྤྱི་ཐུན་མོང་ནསཕྱི་ལོའི་༢༠༢༥ཟླ་༧ཚེས་༣༡ཉིན་ཕུལ།