རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་སྐབས་དྲུག་པའི་འཐུས་ཚབ་ཀྱི་གདུང་སེམས་མཉམ་བསྐྱེད་ཞུ་འཕྲིན།
གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།
༄༅། །རྒྱལ་བསྟན་སྤྱི་དང་བྱེ་བྲག་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གཟུགས་སྐུའི་བཀོད་པ་གཞི་དབྱིངས་སུ་བསྡུས་པ་ཐོས་པས་སེམས་པ་གཏིང་ནས་སྐྱོ། འོན་ཀྱང་དགུང་གྲངས་བརྒྱ་ཕྲག་ཏུ་བཞུགས་ནས་སྐུ་ཚེ་གང་བོར་བསྟན་འགྲོར་སྨན་པའི་དོན་ཆེན་འབའ་ཞིག་བསྒྲུབས་མཐར་ཐ་མལ་པའི་སྣང་བའི་ངོར་སྐུ་གཤེགས་ཚུལ་བསྟན་པ་ནི་རྟེན་འབྱུང་གི་རང་བཞིན་སྟོན་པའི་གདམས་པར་མཐོང་། འདིར་གནས་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་འདུན་འདུས་པ་རྒྱ་མཚོར་མྱ་ངན་ཐུགས་གསོ་ཞུ་བ་དང་འབྲེལ། ཇི་སྲིད་ནམ་མཁའ་མ་སྟོང་གི་བར་དུ་རིན་པོ་ཆེ་གང་ཉིད་ཀྱིས་ཐབས་སྟོབས་སྨོན་ཡེ་ཤེས་ཀྱིས་འཇུག་པ་དེ་སྲིད་མངའ་བ་ལ་རྗེས་སུ་ཡི་རང་དང་གསོལ་བ་འདེབས་པ་ལགས། མ་ཟད་རང་ཅག་འབྲེལ་ཐོགས་ལུས་ཅན་མཐའ་དག་གི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་དཔལ་ལྡན་བླ་མ་མཆོག་གི་དགོངས་པ་ཡོངས་སུ་རྫོགས་པ་དང་། རིན་པོ་ཆེ་མཆོག་གིས་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་ཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་པར་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་སྐྱབས་གནས་སུ་འབྱོན་པའི་སྨོན་འདུན་དང་བཅས།
ཕྱི་ལོ་༢༠༢༥ཟླ་༧ཚེས་༢༩ཉིན།རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་སྐབས་དྲུག་པའི་རྒྱུན་ལས་རྣམས་ཀྱི་ཚབ་བྱས་ཏེ།
ཚོགས་གཙོ་མཁན་དཔལ་འབྱོར་རྒྱ་མཚོ་ནས་གུས་ཕུལ།