གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་༧སྐྱབས་རྗེ་བདེ་བར་གཤེགས་པའི་དགུང་ཞག་ཞེ་དགུའི་རིང་དགོངས་རྫོགས་མཆོད་འབུལ་ཇི་ལྟར་ཞུས་པའི་གནས་བསྡུས།
༧སྐྱབས་རྗེ་བདེ་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་ཆེད་དུ་དགུང་ཞག་ཞེ་དགུའི་རིང་ཉིན་ལྟར་སྔ་དགོང་དུས་གསུམ་དུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུ་བཞུགས་ཐོག་མཁན་སློབ་དགེ་བའི་བཤེས་གཉེན་གཙོས་གྲྭ་བཙུན་རྣམ་པ་དང་། དད་ལྡན་མི་མང་རྣམས་ནས་བླ་མ་མཆོད་པ་དང་རྗེ་བླ་མའི་གསོལ་འདེབས་བཅས་དབྱངས་སུ་གྱེར་ནས་སྐོར་ཕྱག་མཆོད་འབུལ་ལ་རབ་ཏུ་བརྩོན་ཤིང་། སྐྱབས་རྗེ་བདེ་བར་གཤེགས་པ་དགོངས་པ་བོན་དབྱིངས་སུ་ཐིམ་ས་དབེན་གདན་གནས་བྱེ་མ་རི་ཁྲོད་དུ་གསོ་རིག་འབུམ་བཞིའི་དགེ་སློབ་རྣམས་ནས་ཉིན་ལྟར་ཞོགས་པ་དགོངས་སྤྱོད་རྣམ་གསུམ་དང་བླ་མའི་རྣལ་འབྱོར་སོགས་བརྩོན། དགེ་འདུན་པ་རྣམས་ནས་ཐུན་སྒོམ་ཉམས་ལེན་དང་རྫོགས་ཆེན་གྱི་གཞུང་ཀློག་པ་སོགས་རྩ་བའི་བླ་མ་མཉེས་པའི་ཚོགས་བསགས་དང་བདག་རྒྱུད་སྨིན་གྲོལ་གྱི་བྱིན་རླབས་འཇུག་ཕྱིར་སྒོ་གསུམ་དགེ་ལ་ཅི་འབྱོར་གནང་།
དབུ་རྩེ་ཁང་གི་བླ་བྲང་དུ་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་འདུལ་བའི་མཁན་པོ་དབུ་བཞུགས་མཛད་ནས་རྗེ་བླ་མའི་ཐུགས་དམ་གསང་མཆོག་མ་རྒྱུད་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཞེ་དགུའི་རིང་ཚོགས་མཆོད་རྒྱས་པར་ཕུལ།
རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་དུ་སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུ་བཞུགས་མཛད་དེ་དགུང་ཞག་ཞེ་དགུའི་བདུན་དང་པོ་ནས་བཟུང་རིམ་བཞིན་ཡི་དམ་ཕྱི་ནང་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་བསགས་མཆོད་འབུལ་གྱི་དགེ་རྩ་ཕུན་སུམ་ཚོགས་པ་ཇི་ལྟར་བསྒྲུབས་ཚུལ་ནི།
དགུང་ཞག་བདུན་ཚིགས་དང་པོ།
ཕྱི་ལོ་ ༢༠༢༥ ༦ ༡༥ ནས་ ༢༡ བར། ཤིང་སྦྲུལ་ས་ག་ཟླ་བའི་ཚེས་ ༡༩ ནས་ ༢༦ བར། དགུང་ཞག་ཞེ་དགུའི་བདུན་ཚིགས་དང་པོ་ལ་དྲན་པ་གསང་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱས་པར་ཕུལ།
དགུང་ཞག་བདུན་ཚིགས་གཉིས་པ།
ཕྱི་ལོ་ ༢༠༢༥ ༦ ༢༢ ནས་ ༢༨ བར། ཤིང་སྦྲུལ་ས་ག་ཟླ་བའི་ཚེས་ ༢༧ ནས་སྣྲོན་ཟླའི་ཚེས་ ༣ བར་དགུང་ཞག་ཞེ་དགུའི་བདུན་ཚིགས་གཉིས་པ་ལ་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱས་པར་ཕུལ།
དགུང་ཞག་བདུན་ཚིགས་གསུམ་པ།
ཕྱི་ལོ་ ༢༠༢༥ ༦ ༢༩ ནས་ཕྱི་ལོ་ ༢༠༢༥ ༧ ༥ བར། ཤིང་སྦྲུལ་སྣྲོན་ཟླའི་ཚེས་ ༤ ནས་ ༡༠ བར། དགུང་ཞག་ཞེ་དགུའི་བདུན་ཚིགས་གསུམ་པ་ལ་ཚེ་དབང་གཞུང་བཞིའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱས་པར་ཕུལ།
དགུང་ཞག་བདུན་ཚིགས་བཞི་པ།
ཕྱི་ལོ་ ༢༠༢༥ ༧ ༦ ནས་ ༡༢ བར། ཤིང་སྦྲུལ་སྣྲོན་ཟླའི་ཚེས་ ༡༡ ནས་ ༡༧ བར། དགུང་ཞག་ཞེ་དགུའི་བདུན་ཚིགས་བཞི་པ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཞི་བརྒྱ་ཁྲི་མཆོད་ཕུལ། དམིགས་བསལ་བདུན་ཚིགས་བཞི་པའི་མཇུག་ཏུ་ཕྱི་དྲོ་དགོངས་སྤྱོད་རྣམ་གསུམ་དང་ཐུན་སྒོམ་གནང་།
དགུང་ཞག་བདུན་ཚིགས་ལྔ་པ།
ཕྱི་ལོ་ ༢༠༢༥ ༧ ༡༣ ནས་ ༡༩ བར། ཤིང་སྦྲུལ་སྣྲོན་ཟླའི་ཚེས་ ༡༨ ནས་༢༤ བར། དགུང་ཞག་ཞེ་དགུའི་བདུན་ཚིགས་ལྔ་པ་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདེ་གཤེགས་སྟོང་གི་མཚན་ཕྱག་རྒྱས་པར་ཕུལ། དམིགས་བསལ་བདུན་ཚིགས་ལྔ་པའི་མཇུག་ཏུ་ཕྱི་དྲོ་དགོངས་སྤྱོད་རྣམ་གསུམ་དང་ཐུན་སྒོམ་གནང་།
དགུང་ཞག་བདུན་ཚིགས་དྲུག་པ།
ཕྱི་ལོ་ ༢༠༢༥ ༧ ༢༠ ནས་ ༢༦ བར། ཤིང་སྦྲུལ་སྣྲོན་ཟླའི་ཚེས་ ༢༥ ནས་ཆུ་སྟོད་ཟླ་བའི་ཚེས་ ༢ བར། དགུང་ཞག་ཞེ་དགུའི་བདུན་ཚིགས་དྲུག་པ་ལ་རྗེ་བླ་མ་ཉིད་ཀྱིས་ཕྱག་བཞེས་མཛད་པ་ལྟར་རྨ་གཏེར་ཞི་ཁྲོ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱས་པར་ཕུལ་ཅིང་། དམིགས་བསལ་བདུན་ཚིགས་དྲུག་པའི་མཇུག་ཏུ་ཕྱི་དྲོ་དགོངས་སྤྱོད་རྣམ་གསུམ་དང་ཐུན་སྒོམ། དགོང་མོ་བླ་མ་མཆོད་པ་དང་མར་མེ་སྨོན་ལམ་གསུངས་ནས་ཀུན་གྱིས་ཞུགས་མར་ཕྱག་གིས་བཏེག་ནས་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་གཙུག་ལག་ཁང་སྐོར་བར་ཕེབས།
དགུང་ཞག་བདུན་ཚིགས་བདུན་པ།
ཕྱི་ལོ་ ༢༠༢༥ ༧ ༢༧ ནས་ ཕྱི་ལོ་ ༢༠༢༥ ༨ ༢ བར། ཤིང་སྦྲུལ་ཆུ་སྟོད་ཟླ་བའི་ཚེས་ ༣ ནས་ ༨ བར། དགུང་ཞག་ཞེ་དགུའི་བདུན་ཚིགས་བདུན་པར་ཚེ་དབང་བོད་ཡུལ་མའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱས་པར་ཕུལ། དམིགས་བསལ་བདུན་ཚིགས་བདུན་པ་ཞེ་དགུ་ཚང་པའི་མཇུག་ཏུ་གདན་ས་སྨན་རི་དགོན་དང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་མ་དགེ་བཤེས་གྲྭ་བཙུན་རྣམ་པ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་མང་བཅས་ལྷན་དུ་ཕྱི་དྲོ་དགོངས་སྤྱོད་རྣམ་གསུམ་དང་ཐུན་སྒོམ། དགོང་མོ་བླ་མ་མཆོད་པ་དང་མར་མེ་སྨོན་ལམ་གསུངས་ནས་ཀུན་གྱིས་ཞུགས་མར་ཕྱག་གིས་བཏེག་ནས་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་གཙུག་ལག་ཁང་སྐོར་བར་ཕེབས་པ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་ཁང་ནས་ཕྱི་ལོ་ ༢༠༢༥ ༨ ༢ ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།