མཚན་ལྡན་བླ་མའི་གདུང་དབྱངས་མཆོད་སྤྲིན།
མཚན་ལྡན་བླ་མའི་གདུང་དབྱངས་མཆོད་སྤྲིན།
ཕྱི་ལྟར་སྤངས་ལམ་གཡུང་དྲུང་གཙུག་གཤེན་རྒྱལ། །
ནང་ལྟར་སྒྱུར་ལམ་གསང་བ་འདུས་པ་རྗེ། །
གསང་བ་གྲོལ་ལམ་བླ་མེད་བོན་གྱི་སྐུ། །
གཅིག་བསྡུས་སྐྱབས་མཆོག་ཡོངས་འཛིན་སྨྲ་བའི་སེང་། །
སྙིགས་དུས་བསྟན་འགྲོའི་སྐྱབས་མགོན་བསམ་བཞིན་དུ། །
བརྩེ་ཆེན་ཐུགས་རྗེས་ཞིང་འདིར་མངོན་བྱོན་སྟེ། །
བླ་ཆེན་དྲན་པ་ངུར་སྨྲིག་སྐུར་བཞེངས་པའི། །
བརྒྱ་པའི་སྟོན་པ་ཡོངས་འཛིན་སྨྲ་བའི་སེང་། །
སྨན་རིའི་མཁན་རབས་དུ་མའི་ཡོངས་འཛིན་གནང་། །
གཡུང་དྲུང་བོན་བསྟན་འཛམ་གླིང་ཡུལ་གྲུར་སྤེལ། །
རྒྱལ་གཤེན་སླར་ཡང་བྱོན་པ་གཉིས་མེད་པའི། །
གསང་སུམ་བོན་གྱི་མཛོད་འཛིན་སྨྲ་བའི་སེང་། །
ཚེ་ཡི་རིག་འཛིན་དགུང་གྲངས་བརྒྱ་རུ་བཞེས། །
རྗེས་འཇུག་གདུལ་བྱ་རྟག་འཛིན་སུན་ཕྱུང་ཕྱིར། །
མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཕེབས་པས། །
བོན་འབངས་ཡོངས་ཀྱིས་བཀའ་དྲིན་སྙིང་ནས་དྲན། །
ཅེས་༧གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཆེན་གྱི་མཛད་རྣམ་བསྐྱངས་ནས་དགུང་གྲངས་བརྒྱ་དང་གཅིག་བཞེས་ཏེ། མཐར་གནས་མཆོག་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་མེད་ངང་སྐུ་བདེ་བར་གཤེགས་པར་ཐོས་འཕྲལ་སྐྱོ་གདུང་ཚད་མེད་དང་བཅས་ཏེ། གཡས་རུ་དཔལ་ལྡན་མཁར་སྣ་དགོན་གྱི་དགེ་སློང་ཤེས་རབ་སྨོན་ལམ་མིང་གིས་སྐྱབས་མཆོག་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར་དུ། གདན་ས་མཁར་སྣའི་གླིང་དུ་རྗེ་བླ་མའི་དགུང་ཞག་རིང་དུ་གདུང་མཆོད་གསོལ་འདེབས་དང་མཆོད་པ་རྒྱས་འབུལ་ཞུ་བཞིན་ཚེ་རབས་ཀུན་ཏུ་ཐུགས་བརྩེས་རྗེས་སུ་བཟུང་སླད་སྨོན་ལམ་ཤུགས་དྲག་ཏུ་བཏབ་སྟེ་ཕུལ་བ་དགེའོ། །