ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྨྲ་སེང་ཡོངས་འཛིན་ཆེན་མོས་གསང་སྔགས་མ་རྒྱུད་ཀྱི་བསྟན་པའི་གསལ་བྱེད་གནང་བའི་སྐོར་གྱི་རྟོགས་བརྗོད་ནོར་བུའི་མེ་ལོང་།

རྩོམ་པ་པོ། དགེ་བཤེས་ཁྱུང་ཁྲི་ལྡེ།

 

གསང་མཆོག་རྒྱལ་པོ་མི་ཡི་ཆ་བྱད་ཅན། །

གསང་བདག་དཔའ་བོ་མི་ལུས་བསམ་ལེགས་ཉིད། །

གསང་བསྟན་སྐྱོང་ལ་དྲང་སྲོང་གཟུགས་བྱོན་པ། །

གསང་གསུམ་མཛོད་འཛིན་ཡོངས་འཛིན་ཆེན་མོར་བསྔགས། །

 

ཕ་གཅིག་བླ་མ་སྨྲ་བའི་སེང་གེ་ཡིས། །

ཕ་ཆོས་ཟབ་མོ་སྔགས་ཀྱི་གསལ་བྱེད་གང་། །

ཕ་ནོར་བུ་ལ་བཞག་པའི་རྟོགས་བརྗོད་ཅིག །

ཕ་རྗེས་འཇུག་པའི་བུ་ཡིས་ཅུང་ཙམ་གླེང་། །

 

ཞེས་རྟོགས་བརྗོད་སྔོན་དུ་བཏང་ནས་སྐབས་འདིར་དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས། ས་སྟེང་བོན་འབངས་ཡོངས་ཀྱི་གཙུག་རྒྱན། གཤེན་བསྟན་མདོ་སྔགས་སེམས་ཀྱི་མཛོད་ཆེན། རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རྒྱུང་ཡར་བླ་ཆེན་ཁོད་སྤུངས་དབུ་སྐྲ་སིལ་མ་རྩེ་རྒྱལ་ངེས་འབྱུང་གིས་བཏུབ་སྟེ་དྲང་སྲོང་འདུལ་བ་འཛིན་པའི་རང་གཟུགས་སུ་བྱོན་པ། སྙིགས་དུས་ཀྱི་སྟོན་པ་ཆེན་པོ་གསང་གསུམ་བོན་གྱི་མཛོད་འཛིན་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་བསྐྱངས་ཏེ་དགུང་གྲངས་བརྒྱ་ལ་ཕེབས་པའི་བརྒྱ་སྟོན་གྱི་མཛད་སྒོ་དང་བསྟུན། རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཀྱི་རླབས་ཆེན་མཛད་ཕྲིན་སྤུངས་ན་རི་བོ་ལས་ཀྱང་དཔང་མཐོ་བ། བསགས་ན་རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ། བརྩིས་ན་རྒྱུ་སྐར་ལས་ཀྱང་གྲངས་མང་བ་ཞིག་འཛམ་གླིང་གོ་ལ་ཧྲིལ་པོའི་སྒང་གཤོང་འདི་རུ། ཁྲ་ཆུང་མིག་གིས་བལྟ་རྒྱུ་ཡོད་པ། ཁྱུད་འཁོར་སྙན་གྱིས་ཉན་རྒྱུ་ཡོད་པ། དྲན་རིག་བློ་ཡིས་བསམ་རྒྱུ་ཡོད་པ་ཞིག་བཞག་ཡོད། འདི་འདྲའི་རླབས་ཆེན་གྱི་མཛད་པའི་ཆ་ཤས་གསང་ཆེན་མ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ལ་གསལ་བྱེད་གནང་བའི་སྐོར་ནས་ད་ལན་སྐལ་བཟང་གི་དུས་ཚིགས་འདིར་བསོད་ནམས་ཀྱི་ཚོགས་སྐལ་དུ་དཔྱད་བརྗོད་ཕྲན་བུ་ཙམ་ཞུ་བ་ལ་གཉིས་ཏེ། སྤྱིར་གསང་ཆེན་མ་རྒྱུད་ཀྱི་བསྟན་པའི་གསལ་བྱེད་ཀྱི་སྐྱེས་བུ་ཇི་ལྟར་བྱོན་པ་དང་། བྱེ་བྲག་ཏུ་སྨྲ་སེང་ཡོངས་འཛིན་བླ་མས་གསལ་བྱེད་ཇི་ལྟར་གནང་བ་དང་གཉིས་སོ། །

དང་པོ་ལ་གཉིས་ཏེ། གསང་ཆེན་མ་རྒྱུད་ཀྱི་ཆེ་བ་བརྗོད་པ་དང་། གསལ་བྱེད་ཀྱི་སྐྱེས་བུ་བརྗོད་པའོ། །དང་པོ་ནི་དེ་ཡང་དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ། འཆི་མེད་ཡུམ་སྲས་གཤེན་གྱི་ཟབ་གདམས། རིག་འཛིན་མཁའ་འགྲོ་རྒྱ་མཚོའི་སྙིང་ཁྲག། ཕ་གཅིག་ཡོངས་འཛིན་བླ་མའི་ཐུགས་དམ། གསང་ཆེན་མ་རྒྱུད་ཀྱི་གཞུང་བཟང་འདི་ནི་སྟོན་པ་ཀུན་ཏུ་བཟང་པོ་གསང་མཆོག་རྒྱལ་པོས་འཁོར་ཕྱོགས་བཅུའི་སངས་རྒྱས། རིགས་ལྔའི་བདེར་གཤེགས། ས་བཅུའི་སེམས་དཔའ་རྣམས་ལ་གསུངས་ཏེ་འཆི་མེད་ཡུམ་སྲས་གཤེན་གསུམ་ནས་རིམ་པར་བརྒྱུད་པ་ད་ལྟའི་དྲིན་ཆེན་རྩ་མའི་བླ་མའི་བར་དུ། བྱིན་རླབས་ཀྱི་ན་བུན་མ་ཡལ། སྨིན་གྲོལ་གྱི་ཉག་ཐག་མ་ཆད་པའི་གཞུང་ཟབ་མོའི་བོན་སྡེ་འཛམ་གླིང་གཡས་བཞག་གི་ནོར་བུ་ཞིག་ཡིན་ལ། ཐེག་པའི་དབང་དུ་བྱས་ན་གསང་བ་སྔགས་ལ་རྒྱུད་སྡེ་བཞི་ཡོད་པའི་ནང་ནས་ལྷོ་གཏེར་ལྟར་ན་ཨ་དཀར་ཐེག་པ། ཐེག་འགྲེལ་ལྟར་ན་དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། མ་རྒྱུད་ཐུགས་ཀྱི་ཡང་གབ་ལྟར་ན་ཡེ་གཤེན་རྒྱུད་ཀྱི་གཞུང་ཞིག་ཡིན་ལ། གཞུང་དེ་ལ་རྒྱུད་དང་སྒྲུབ་ཐབས་གཉིས་ཡོད། རྒྱུད་ལ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཞེས་གཞི་ཡེ་སངས་རྒྱས་པའི་རྒྱུད་དང་། ལམ་མངོན་གསུམ་རྒྱས་པའི་རྒྱུད། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་བཅས་གསུམ་དང་རྒྱུད་འགྲེལ་བཅས་ཡོད། སྒྲུབ་ཐབས་ལ་གཞུང་དང་། ཚོགས་འཁོར། སྦྱིན་སྲེག། དབང་གཞི། ཚེ་སྒྲུབ་བཅས་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་ཆ་ལག་ཚང་ལ་མ་ནོར་བའི་སྔགས་གཞུང་གལ་ཆེན་པོ་ཞིག་རེད། ལྷག་པར་དུ་གཞུང་འདི་ནི་གཡུང་དྲུང་བོན་ལ་ཡི་དམ་གསས་མཁར་མཆོག་ལྔའི་གཞུང་གཙོས་པའི་སྔགས་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པའི་ནང་ནས་ཁྱད་པར་འཕགས་པ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བ་དང་། སྔགས་ཀྱི་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་ཡོངས་རྫོགས་ཚང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སྔགས་གཞུང་ཞིག་ཡིན་པ་གཞུང་འདི་ཐོབ་བསམ་བྱེད་མྱོང་མཁན་ཞིག་ཡིན་ན་བཤད་མི་དགོས་བཤམ་ཡོད་ཟེར་བ་བཞིན་རེད། གཞུང་འདི་དང་འགྲེལ་བ་སྒྲུབ་ཐབས་བཅས་མཉམ་དུ་བོན་བསྟན་དར་ནུབ་སྐབས་གཏེར་སྦས་དགོས་བྱུང་བ་དང་། ཕྱིས་སུ་དུས་རབས་བཅུ་གཉིས་པའི་ནང་གཏེར་སྟོན་ཆེན་མོ་གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ནས་གཏེར་བཞེས་པ་ཞིག་ཡིན། རྒྱུད་འགྲེལ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་ནང་ནས་ད་ཡོད་འདི་འབྲིང་པོ་ཡིན་པར་གསལ་ལོ། །

གཉིས་པ་གསལ་བྱེད་ཀྱི་སྐྱེས་བུ་བརྗོད་པ་ནི།  མ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་དོན་གསལ་བར་མཛད་པའི་སྐྱེས་མཆོག་མང་པོ་ཕེབས་ཡོད་ལ། དེ་ལ་སྔ་དར་དང་། བར་དར། ཕྱི་དར་། ཡང་དར་བཅས་རིམ་པ་བཞི་ཕྱེ་ཆོག་པ་ཞིག་རེད། དང་པོ་ནི་རྒྱལ་གཤེན་མི་ལུས་བསམ་ལེགས་ཡིན་ལ། ཁོང་གིས་གཞི་རྒྱུད་དང་ལམ་རྒྱུད་ཀྱི་འགྲེལ་དང་། སྒྲུབ་གཞུང་བཅས་བརྩམས་གནང་ཡོད་པ་དང་ཁོང་ནི་གསང་ཆེན་མ་རྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞིག་ཡིན། གཉིས་པ་བར་དར་ནི་གསང་ཆེན་མ་རྒྱུད་དེ་ཉིད་གཏེར་ཞལ་ཕྱེ་མཁན་གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེ་ཁོང་ཡིན་པ་དང་།  ཁོང་གིས་མ་རྒྱུད་ཀྱི་རྒྱུད་དང་སྒྲུབ་ཐབས་བཅས་གཏེར་བཞེས་ནས་བོད་ཡུལ་དུ་མ་རྒྱུད་ཀྱི་བསྟན་པ་སྤེལ། གསུམ་པ་ཕྱི་དར་བསྟན་པའི་གསལ་བྱེད་ཆེས་ཕུལ་དུ་བྱུང་བ་ནི་དམུ་གཤེན་ཉི་མ་རྒྱལ་མཚན་ཡིན་ལ། ཁོང་ནི་མ་རྒྱུད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཡིན་པ་དང་། སྒྲུབ་ཐབས་ཀྱི་ཆ་ལག་ཆ་རྐྱེན་དབང་གཞི། སྦྱིན་སྲེག་བཅས་མང་པོ་མཛད་དེ་མ་རྒྱུད་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། དེ་བཞིན་གཤེན་ཚང་གི་མཁན་པོ་རྣམ་དག་འོད་ཟེར་གྱིས་མ་རྒྱུད་ཀྱི་མངོན་རྟོགས་དང་ཆ་ལག་ཁ་ཤས་བརྩམས་པ་དང་། གཤེན་མཁས་སོགས་གཤེན་ཚང་དུ་མ་རྒྱུད་ཀྱི་ཟིན་བྲིས་དང་མ་རྒྱུད་ཀྱི་བསྐང་ཆུང་མཚོན་པའི་ཆ་ལག་ཆུང་ངུའི་རིགས་རྩོམ་མཁན་ཁ་ཤས་བྱུང་བ་དང་རྒྱལ་བ་གཤེན་ཚང་ནི་མ་རྒྱུད་ཀྱི་བསྟན་པའི་བདག་པོ་རུ་གྱུར། དུས་ཕྱིས་བོན་གྱི་གྲྭ་ས་གོང་མ་དཔལ་ལྡན་སྨན་རི་ནས་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མ་རྒྱུད་བྲུ་ལུགས་ཀྱི་ཟིན་བྲིས་མཛད་དེ་མ་རྒྱུད་ཀྱི་བསྟན་པ་འདི་ཉིད་དར་སྤེལ་ཆེན་པོ་གནང་བ་མ་ཟད། མ་རྒྱུད་ཀྱི་འབྲས་རྒྱུད་ཡང་ཀུན་མཁྱེན་ཉི་མའི་བཀའ་དྲིན་ལ་བརྟེན་ནས་བོད་ཡུལ་དུ་དར་ཁྱབ་བྱུང་། དེ་རྗེས་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་བྱོན་ནས་མ་རྒྱུད་ཀྱི་ཁྲིད་རིམ། འཕོ་བ། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་འགྲེལ་བ། མ་རྒྱུད་ཀྱི་གཅོད་ཁྲིད་། མ་རྒྱུད་གཉན་ས་ལམ་འཁྱེར་གྱི་གདམས་པ་བཅས་བརྩམས་མཛད་དེ་མ་རྒྱུད་ཀྱི་བསྟན་ལ་བཀའ་དྲིན་ཆེན་པོ་བསྐྱངས། བཞི་པ་ཡང་དར་ཀྱི་སྐབས་གསང་ཆེན་མ་རྒྱུད་ཀྱི་བསྟན་པའི་བདག་པོའམ་བསྟན་པའི་གསལ་བྱེད་ཆེ་ཤོས་ནི་སྨན་རིའི་ཡོངས་འཛིན་རྣམ་གཉིས་ཆགས་ཡོད་ལ། དེའི་ནང་ནས་གསང་ཆེན་མ་རྒྱུད་ཀྱི་ལུང་རྟོགས་གཉིས་ཀའི་བསྟན་པ་ལ་བཀའ་དྲིན་གཞལ་ཟླ་བྲལ་བ་བདག་གི་རྩ་བའི་བླ་མ་སངས་རྒྱས་མི་གཟུགས་སུ་བྱོན་པ་རྒྱལ་གཤེན་མི་ལུས་བསམ་ལེགས་དང་གཉིས་སུ་མེད་པ་སྨྲ་བའི་སེང་གེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཡིན། དེ་བཞིན་མཁར་ཡགས་མཁས་པ་སོགས་མ་རྒྱུད་ལ་ཐུགས་དམ་གནང་མཁན་དང་གསལ་བྱེད་ཆུང་ཚག་གནང་མཁན་བོད་ཡུལ་སྟོད་སྨད་གང་སར་མང་པོ་བྱུང་ཡོད་ཀྱང་ད་ལན་གཙོ་ཆེན་ཁག་གི་མཚན་སྨོས་པ་ཙམ་ཡིན་ནོ། །

གཉིས་པ་བྱེ་བྲག་ཏུ་སྨྲ་སེང་ཡོངས་འཛིན་བླ་མས་མ་རྒྱུད་ཀྱི་གསལ་བྱེད་ཇི་ལྟར་གནང་བ་ལ་གསུམ་སྟེ། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་མཛད་པ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གནང་བ། དབང་བསྐུར་བྱིན་རླབས་ཀྱིས་རྒྱུད་པའི་ཉག་ཐག་མཐུད་པའི་སྐོར་རོ། །དང་པོ་ནི་ཡོངས་འཛིན་རིན་པོ་ཆེ་དགུང་གྲངས་ཉེར་བཞི་ལ་ཕེབས་པའི་སྐབས། བོད་ས་གླང་སྟེ་ཕྱི་ལོ་ ༡༩༤༩ ལོར་གཙང་སྨན་རི་དགོན་གྱི་བཤད་གྲྭ་ནང་ཞུགས་ཏེ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གཉེས་པ་གསུམ་གྱི་སྒོ་ནས་ལོ་མང་རིང་བླ་མ་བསྟེན་པ་དང་། ཡོངས་འཛིན་སངས་རྒྱས་བསྟན་འཛིན་དྲུང་ནས་མ་རྒྱུད་ཁྲིད་ལུང་ཞུས་ཏེ་གསང་ཆེན་མ་རྒྱུད་ལ་ཐོས་བསམ་སློབ་གཉེར་ཚུལ་བཞིན་གནང་། བོད་ལྕགས་སྟག་སྟེ་ཕྱི་ལོ་༡༩༥༠ལོར་གཙང་སྨན་རི་དགོན་དུ་སྨན་རི་ཚང་གིས་མ་རྒྱུད་ཀྱི་བསྟན་པའི་མཛོད་འཛིན་གཤེན་འཛམ་གླིང་དབང་འདུས་གདན་འདྲེན་ཞུས་ཏེ་གཤེན་རིན་པོ་ཆེའི་མདུན་ནས་ཞག་པོ་བདུན་གྱི་རིང་ལ་མ་རྒྱུད་ཀྱི་དབང་གཞི་རྫོགས་པར་ཞུས། མ་རྒྱུད་ཀྱི་ཁྲིད་ལུང་ཞུས་པ་ཙམ་དང་དབང་བཞི་ཞུས་པ་ཙམ་མ་ཡིན་ཐོས་དོན་རྒྱུད་ལ་སྦྱར་ཏེ་ཉམས་ལེན་དངོས་སུ་བརྩོན་པ་གལ་ཆེན་པོར་གཟིགས་ཏེ། བོད་ཤིང་རྟ་ཕྱི་ལོ་༡༩༥༤ལོར་མ་རྒྱུད་ཀྱི་སྒྲུབ་པར་བཞུགས་ཏེ་ཉམས་ལེན་གནང་བ་དང་། མ་རྒྱུད་ཀྱི་དཔེ་ཆ་རྩ་ཆེན་གཟིགས་གནང་ནས་བོད་ས་ཁྱི་ཕྱི་ལོ་༡༩༥༨ལོར་དྭང་ར་སེ་ཞིག་དགོན་ལ་ཕེབས་སྐབས་བྱ་བྲལ་གཡུང་དྲུང་སྙིང་པོས་བཞེངས་པའི་མ་རྒྱུད་ཀྱི་དཔེ་ཆ་ཁུངས་དག་ཅིག་ཕྱག་ཏུ་སོན་པ་དེ་ནི་མ་རྒྱུད་ཀྱི་བསྟན་པའི་བདག་པོ་འགྱུར་བའི་རྟགས་དང་རྟེན་འབྲེལ་འགྲིག་པ་ཡིན། བོད་གངས་ཅན་ལྗོངས་སུ་དུས་འགྱུར་གྱི་རླུང་ནག་འཚུབ་སྟེ་བསྟན་འཛིན་སྐྱེས་ཆེན་རྣམས་ཕྱི་ལོགས་སུ་ཡུལ་གྱར་དུ་ཕེབས་དགོས་བྱུང་བའི་སྐབས་རིན་པོ་ཆེ་ཡང་ཕྱི་ལོག་ལ་ཕེབས་ཏེ་བལ་ཡུལ་སྤོ་རའི་གནམ་ཐང་གི་ཟུར་ལ་བཞུགས་པའི་སྐབས་སུ་ཁྱུང་བླ་ཚུལ་ཁྲིམས་ཉི་མ་མཆོག་ནས་མ་རྒྱུད་ཀྱི་སྒྲུབ་སྐོར་པོད་གཅིག་ཕུལ་བས་རིན་པོ་ཆེ་ཧ་ཅང་ཐུགས་མཉེས་པོ་བྱུང་། བོད་མེ་རྟ་ཕྱི་ལོ་༡༩༦༦ལོར་མཁས་དབང་དཔལ་ཚུལ་གྱིས་ཕྱག་བྲིས་གནང་བའི་མ་རྒྱུད་ཀྱི་སྒྲུབ་སྐོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དཔར་བསྐྲུན་གནང་སྟེ་མ་རྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་དབུ་ཚུགས། དེ་ནས་བྱེད་ཀྱི་གདན་ས་སྨན་རིའི་གླིང་ལ་བཞུགས་སྐབས་བོད་ལྕགས་ཕོ་ཁྱི་ཕྱི་ལོ་༡༩༧༠ ལོར་བྱེས་ཀྱི་གདན་ས་སྨན་རི་གླིང་དུ་མ་རྒྱུད་ཀྱི་སྒྲུབ་པ་བཞུགས་པ་དང་། མ་རྒྱུད་ཀྱི་སྦྱིན་སྲེག་དང་ལས་མཐའ་ཆ་ཚང་གནང་མཛད། བོད་ལྕགས་མོ་ཕག་གི་ལོ་ཕྱི་ལོ་༡༩༧༡ལོར་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་མདུན་ནས་མ་རྒྱུད་ཀྱི་དབང་བཞི་ཞུས་ཏེ་མ་རྒྱུད་ཀྱི་བསྟན་པའི་བདག་པོར་གྱུར་པ་དང་།  བོད་ཤིང་ཕོ་སྟག་ཕྱི་ལོ་༡༩༧༤ལོར་མ་རྒྱུད་ཀྱི་སྒྲུབ་པ་བཞུགས་མཛད། སླར་ཡང་བོད་མེ་སྦྲུལ་ཕྱི་ལོ་༡༩༧༧ལོར་ཕྱི་ཟླ་བཅུ་པ་ནས་མ་རྒྱུད་ཀྱི་བསྙེན་མཚམས་ཞག་བརྒྱའི་བར་བཞུགས་ཏེ། ༼    རྒྱལ་གཤེན་གྱི་གཤེན་གླུ་ལས། ༽ རྟགས་དང་མཚན་མ་ཀུན་གྱིས་མཐོང་སར་བཞག །ང་བཞིན་བྱས་ན་ང་བཞིན་ཡོང་བར་ངེས། །གདམས་ངག་ཟབ་མོ་གནད་ལ་བསྣུན་པ་ཡིན། །[1]ཞེས་གསུངས་པ་ལྟར་སྒྲུབ་པའི་རྟགས་སུ་བུམ་ཆུ་སྐམ་རུལ་གང་ཡང་མ་སོང་བར་བདུད་བརྩིའི་སྨན་དྲི་བྲོ་བ་བཅས་བྱུང་བ་རིན་པོ་ཆེའི་ཞབས་ཞུ་མཁན་ཟུར་ཉི་མ་དབང་རྒྱལ་སོགས་མང་པོས་དངོས་སུ་མཇལ་བ་གསུང་གི་འདུག། དེ་ནས་བཟུང་སྟེ་རིན་པོ་ཆེས་མ་རྒྱུད་འདི་ཉིད་ཡི་དམ་གནང་སྟེ་ཉིན་ལྟར་ཞོགས་པ་ཁ་ཐོན་གསུང་སྐབས་། མ་རྒྱུད་དགོངས་སྤྱོད་རྣམ་གསུམ། མ་རྒྱུད་ཀྱི་བདག་འཇུག་བསྡུས་དོན། མ་རྒྱུད་ཐུགས་རྗེ་ཉི་མའི་བསྙེན་འཛབ། མ་རྒྱུད་ཐུགས་རྗེ་ཉི་མའི་བསྐང་བཤག་དང་། ཉིན་རྒྱབ་ལ་གསང་བ་གསང་ཆེན་མ་རྒྱུད་རྒྱལ་བ་རྒྱ་མཚོའི་གཉན་ས་ལམ་འཁྱེར་གྱི་གདམས་པ་གསང་བ་རྒྱ་ཅན་བཅས་ཉི་མ་གཅིག་ལ་མ་ཆད་པར་གསུངས་གནང་བ་དང་།  བླ་བྲང་ནང་ལོ་ལྟར་མ་རྒྱུད་ཀྱི་ཚོགས་འཁོར་གཏོང་བ་དང་སྦྱིན་སྲེག་རྒྱག་གནང་གི་རེད་ལ། ཁོ་བོ་ཡང་ལན་མང་མ་རྒྱུད་འདོན་མཁན་འགྲོ་རྒྱུའི་སྐལ་བཟང་ཚེས་མྱོང་། སྔ་མ་རིན་པོ་ཆེ་ཚོགས་མགོན་དུ་དབུ་བཞུགས་གནང་ནས་མ་རྒྱུད་གསུང་མཛད་གི་རེད། ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༡༢ཚེས་༡༢ཉིན་རིན་པོ་ཆེ་ཚོགས་ཁང་གསར་པའི་ཐོག་གི་བླ་བྲང་གསར་པའི་ནང་ལ་ཚུར་ཕེབས་པ་དང་། གྲྭ་མང་ཚོས་བསྐང་གསོལ་རྒྱས་པ་གསུངས་ཏེ་རིན་པོ་ཆེས་བླ་བྲང་དབུ་འབྱེད་གནང་། ཕྱི་ཉིན་རིན་པོ་ཆེའི་ཐུགས་འདོད་ལྟར་ཨ་དཀར་བླ་མ་དང་ཞབས་ཕྱི་ཚོས་རིན་པོ་ཁང་པ་གསར་པ་ལ་གཟིགས་སྐོར་གདན་འདྲེན་ཞུས་པ་བཞིན་ཁོ་བོའི་གྲྭ་ཤག་མདུན་ཐང་དུ་ཕེབས་སོང་ལ། ཁོ་བོ་ལ་འུར་རིན་པོ་ཆེའི་མདུན་དུ་རྒྱུགས་ནས་མཇལ་བཅར་ཞུས་པ་ཡིན། རིན་པོ་ཆེས་ང་ཡོད་སའི་ཤག་སྐོར་ལ་གཟིགས་ཞིབ་གྲུབ་ནས་རིན་པོ་ཆེ་ཕེབས་སྐྱེལ་གྱི་ཚུལ་དུ་ཚོགས་ཁང་གསར་པའི་ཐོག་དང་བླ་བྲང་ནང་ལ་མཉམ་དུ་སོང་བ་ཡིན། རིན་པོ་ཆེ་བླ་བྲང་གི་ལྷ་ཁང་ནང་ཕེབས་མ་ཐག་མ་རྒྱུད་ཀྱི་སྐུ་འདྲ་དེ་ག་བར་འདུག་གསུངས་སོང་། ལམ་སང་ཞབས་ཕྱི་ཚོས་འདི་ན་བཤམ་ཡོད་ཟེར་ན་སྐུ་འདྲའི་མདུན་དུ་རིན་པོ་ཆེ་གདན་འདྲེན་ཞུས་པ་དང་ལྷན་སྐུ་འདྲ་མཇལ་བ་དང་རིན་པོ་ཆེས་ཕྱག་བརྒྱ་བཅས་ཏེ་གསོལ་བ་བཏབ་སོང་། ཁོ་བོར་གཞུང་ལུགས་གདམས་པ་ཤར་བའི་ཉམས་ལེན་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་ནས་གློ་བུར་དུ་རིན་པོ་ཆེ་ལ་དད་གུས་འཕར་མ་ཞིག་སྐྱེས་སོང་ལ། བདག་ལ་དེ་ལྟ་བུའི་གཞུང་ལུགས་གདམས་པ་ཤར་བའི་ཉམས་ལེན་ཞིག་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ་ལོ་སྙམ་ནས་རིན་པོ་གསོལ་བ་འདེབས་རྒྱུ་སྐལ་བཟང་ཤར་སོང་། དེ་ནི་རིན་པོ་ཆེས་མ་རྒྱུད་ལ་ཐོས་བསམ་སྒོམ་སྒྲུབ་གནང་སྟེ་གསང་ཆེན་མ་རྒྱུད་ཀྱི་གདམས་དོན་རྒྱུད་ལ་སྨིན་པའི་ཚུལ་ཡིན་ནོ། །

གཉིས་པ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གནང་བའི་སྐོར་ནི།

གསང་ཆེན་མ་རྒྱུད་འདི་ཉིད་ཡུན་རིང་དུ་ཐོས་བསམ་སྒོམ་གསུམ་གནང་སྟེ་ཚིག་དོན་ཤོག་ཐོག་ཏུ་མ་ལུས་པ་རྒྱུད་ཐོག་ལ་འབྱར་བར་བྱས་ནས་བསྟན་འགྲོའི་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རླབས་ཆེན་བསྐྱངས་ཏེ་བསྟན་པའི་གསལ་བྱེད་གནང་བའི་ཚུལ་ལ་གསུམ་སྟེ། འཆད་པ་བོན་གྱི་འཁོར་ལོས་སྐལ་ལྡན་གྱི་རྒྱུད་སྨིན་པར་མཛད་པ་དང་། རྩོད་པ་བོན་གྱི་འཁོར་ལོས་ལོག་རྟོག་གི་བྲག་རི་བཅོམ་པ། རྩོམ་པ་བོན་གྱི་འཁོར་ལོས་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པའི་ཚུལ་ལོ། །

དང་པོ་ནི། ༼    བོན་འཁོར་ཚིག་བཞི་བསྟན་པའི་མདོ་ལས། ༽ ཐོག་མར་འཆད་པའི་འཁོར་ལོ་ལ། །གང་ཞིག་བསླབ་པ་གསུམ་ལྡན་ཞིང་། །དེ་ཉིད་མཁས་དང་གོམས་གྱུར་བ། །དེ་དག་རང་བཞིན་དག་པ་ཡི། །མགོན་གྱུར་སྙིང་པོ་ཞིང་དག་ལ། །དེ་དག་འཆད་དང་ཉན་པ་ཡི། །གུས་དང་བློ་ཡིད་སེམས་དཔའ་སྟེ། རྒྱུ་མཐུན་དོན་གཉིས་ཕུན་ཚོགས་ཤིང་། །རབ་ཏུ་གུས་པའི་བློ་སེམས་པས། །དཔའ་འོ་ངེས་འཆང་རྡུལ་ཞུགས་ཅན། །ཟང་ཟིང་འབྱོར་མཆིས་བློ་ཡིས་གཏོང་། །ཐུགས་རྒྱུད་བདེན་པ་དྲན་པས་བཟུང་། །ལེགས་པར་མཆོད་བརྗོད་བསྟོད་ཚིག་ཞུ། །[2]ཞེས་དང་། དེ་ཉིད་ལས། འཆད་པ་པོ་ལ་འཆད་གྲོགས་ཏེ། །ལུས་ངག་ཡིད་གསུམ་ཆ་ལུགས་དབབ། །དང་འདྲེན་དང་སྤྲོ་དགའ་བ་གཟི། །མདངས་ལྡན་མེ་ཏོག་པད་མའི་ཚུལ། །རི་བོའི་དཔངས་དང་རྒྱ་མཚོའི་གཏིང་། །ནམ་མཁའི་དབྱིངས་དང་ས་གཞིའི་གཏོས། བར་སྣང་ཡངས་དང་ཉི་མའི་འོད། །སྙོམས་བྱེད་ཆེན་པོ་ཡོངས་སུ་གདལ། །འཆད་ངག་འཕྲུལ་གྱི་སྙན་ངག་ཚིག །ཚངས་པའི་གསུང་དང་སྤྲོ་བའི་དབྱངས། །འདྲེན་པའི་མགུར་དང་དད་པའི་ཚིག །རིག་པ་ལྷ་ཡི་ཁུ་བྱུག་གསུང་། །སྨྲ་བའི་ཚིག་དང་གོ་བའི་བརྡ། །གསལ་འགྱུར་དག་(ངག)ལ་ཚིག་མ་རྙོགས། །འབྱོར་དང་འབྱོར་ལྡན་དམ་པ་སྟེ། །རན་དང་རན་ཐང་དམ་པོས་བཟུང་། །[3]ཞེས་རྫོགས་པའི་སངས་རྒྱས་ཀྱི་ཞལ་གདམས་བདུད་རྩི་ཟེགས་མས་རང་རྒྱུད་བརླན་ཏེ། བྱེས་ཀྱི་གདན་ས་གཉིས་ལ་བཤད་སྒྲུབ་ཀྱི་བསྟན་པ་བཙུགས་ཏེ་ཉིན་ལྟར་འཆད་པ་བོན་གྱི་འཁོར་ལོ་སྐོར་ནས་འཆད་རྩོད་རྩོམ་གསུམ་ལ་ཕུལ་དུ་ཕྱིན་པའི་དགེ་བའི་བཤེས་གཉེན་བརྒྱ་ཕྲག་དུ་མ་གསོ་སྐྱོང་གནང་བ་དང་། ཁྱད་པར་གསང་ཆེན་མ་རྒྱུད་འདི་ཉིད་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་ལན་མང་འཆད་ཁྲིད་གནང་བ་ལ་བརྟེན་ནས། གསང་ཆེན་མ་རྒྱུད་ཀྱི་གཞུང་ལ་དོ་སྣང་དང་བློ་གྲོས་ཀྱི་སྣང་བ་རྒྱས་པའི་སྐྱེས་བུ་ཧ་ཅང་མང་པོ་བྱུང་བ་མ་ཟད། མ་རྒྱུད་ཀྱི་སྐོར་ལ་དཔྱད་རྩོམ་དང་བགྲོ་གླེང་གནང་མཁན་ཧ་ཅང་མང་པོ་བྱུང་བ་འབྱུང་བཞིན་པ་འདི་རིན་པོ་ཆེའི་ཐུགས་རྗེ་ཉག་ཅིག་ཁོ་ན་ལ་བརྟེན་ནས་བྱུང་བ་རེད།  དཔེར་མཚོན་ཙམ་ཞིག་ཞུས་ན། བདག་གི་དགེ་བའི་བཤེས་གཉེན་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་ངེས་པ་དོན་གྱི་མཁས་པའི་དབང་པོ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་ལྟ་བུ་མཚོན་ན་མ་རྒྱུད་ལ་ཧ་ཅང་གི་མཁས་པ་གྱུར་པ་མ་ཟད། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་འགྲེལ་པ་ཡང་བརྩམ་ཐུབ་པའི་བློ་གྲོས་སྣང་བ་རྒྱས་པ་འདི་ཡོངས་འཛིན་རིན་པོ་ཆེའི་འཆད་པ་བོན་གྱི་འཁོར་ལོའི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་རེད། ད་དུང་ཡང་མ་རྒྱུད་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་དང་མ་རྒྱུད་ལ་འཆད་རྩོད་རྩོམ་གསུམ་གནང་ཐུབ་མཁན་དགེ་བཤེས་ཕོན་ཆེན་བྱུང་བ་དང་། གསང་ཆེན་མ་རྒྱུད་ཆེད་སྦྱོང་གནང་མཁན་ཡང་མང་པོ་བྱུང་དང་འབྱུང་བཞིན་པ་རེད།

གཉིས་པ་རྩོད་པ་བོན་གྱི་འཁོར་ལོས་ལོག་རྟོག་གི་བྲག་རི་བཅོམ་པའི་ཚུལ་ནི།

༼    བོན་འཁོར་ཚིག་བཞི་བསྟན་པའི་མདོ་ལས། ༽ གང་དག་བཀའ་ལས་འབྱུང་གྱུར་པ། །དེ་དག་རིགས་པས་གཞལ་མེད་ན། །སྙིང་པོའི་དོན་མཆིས་ག་ལ་འགྱུར། །དེ་ཕྱིར་རིགས་གཞལ་དོན་ཡོད་བྱ། །[4]ཞེས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་གདམས་དོན་གཙིགས་སུ་བཟུང་སྟེ། གསང་ཆེན་མ་རྒྱུད་ཀྱི་གཞུང་ཆེན་འདི་ཉིད་མཚན་ཉིད་པའི་སློབ་ཚན་གྲལ་དུ་བཞག་སྟེ་མཚན་ཉིད་ཀྱི་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་བ་དང་། འཆད་རའི་ནང་དུ་རྩོད་པའི་ལམ་ནས་སྒྲོ་འདོགས་གཅོད་དུ་བཅུག་པར་བརྟེན། མ་རྒྱུད་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མཐའ་དག་རིགས་པ་ཡང་དག་གི་ལམ་ནས་འཆད་ཤེས་པ་དང་རྩོད་ཤེས་པ་རྩོམ་ཤེས་པ་བྱུང་ཡོད། དེ་རིང་ཁ་སང་གསང་ཆེན་མ་རྒྱུད་སྐོར་ནས་འཆད་རྩོད་རྩོམ་པའི་སྐད་སྒྲ་སྔར་དང་མི་འདྲ་བ་ཞིག་སྒྲོག་རྒྱུ་བྱུང་བ་འདི་དག་ཡོངས་འཛིན་བླ་མས་རྩོད་པ་བོན་གྱི་འཁོར་ལོ་བསྐོར་བའི་འབྲས་བཟང་དངོས་ཡིན། དེ་འདྲའི་བྱིན་རླབས་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་དགོན་སྡེའི་སློབ་གཉེར་བའི་ཁྲོད་དུ་མ་རྒྱུད་ཀྱི་བསྟན་སྤང་ལ་ཤ་མོང་བརྡོལ་བ་བཞིན་དར་ཏེ་མ་རྒྱུད་ཀྱི་སྐོར་ལ་རྩོད་པ་གནམ་ལྕགས་ཀྱི་འཕྲུལ་འཁོར་བསྐོར་ཏེ་ལོག་རྟོག་གི་བྲག་རི་འཇོམས་པའི་ཕྲིན་ལས་ས་དར་རྡོ་དར་བྱུང་བ་འདི་ཡོངས་འཛིན་བླ་མའི་བཀའ་དྲིན་ལས་དེ་མིན་མ་རྒྱུད་ལ་འཆད་རྩོད་རྩོམ་གསུམ་ལྟ་ཅི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་གཞི་ལམ་འབྲས་བུའི་སྐོར་ལ་ལྐུགས་པའི་ཨུ་སྒྲ་ཙམ་ཡང་གྲགས་མཁན་ཉིན་སྐར་ལྟར་དཀོན་པའི་ཚད་ལ་སླེབས་ཟིན་པ་རེད།

གསུམ་པ་རྩོམ་པ་བོན་གྱི་འཁོར་ལོས་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པའི་ཚུལ་ནི།

༼    བོན་འཁོར་ཚིག་བཞི་བསྟན་པའི་མདོ་ལས། ༽ གང་དག་རྩོམ་པའི་འཁོར་ལོ་ལས། །རབ་འབྱམས་བཀའ་ལ་དག་པའི་བློས །ཤེས་རབ་མཚན་མ་ལུང་དང་སྦྱར། །ཚད་གསུམ་ཟུང་འབྲེལ་བདེན་གཉིས་བསྙམ། །[5]ཞེས་པ་གསུངས་པ་ལྟར། བརྩམས་པ་རྗེས་སུ་བཞག་པ་དེ་འགྲོ་བའི་མ་རིག་བསལ་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྒྲོན་མེ་ཡིན་གསུངས་པ་བཞིན། མ་རྒྱུད་ཀྱི་བསྟན་པའི་གསལ་བྱེད་རྩོམ་པའི་བྱ་བ་རླབས་ཆེན་མཛད་ཡོད། སྤྱིར་ཡོངས་འཛིན་རིན་པོ་ཆེའི་རྩོམ་གྱི་ཀུན་སློང་ལ་བལྟས་ན་བསྟན་ལ་འགྲོ་ལ་གཟིགས་པ་ཆེ་བ་ལྷག་བསམ་དང་སྙིང་རྗེའི་སྣུམ་ཞགས་ཁོག་ནས་འཕྱུར་ཏེ་ཞལ་ནས་ལུད་པ། སྙན་པའི་རོ་ལ་བལྟས་ན་མཁས་བརྒྱའི་རྣ་དབང་འགུག་པའི་ཚིག་སྤུས་སྒྱུ་རྩལ་གྱི་གསོན་ཤུགས་འབུར་དུ་ཐོན་པ། དོན་གྱི་གནད་ལ་དཔྱད་ན་ལུང་རིགས་ཀྱི་རྒྱབ་རྟེན་མཐོ་ཞིང་བསེད་བཀྲོལ་གྱི་སྒྲ་ཚིག་གསལ་ལ་སྒྲོས་ཉམས་དོད་པ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕྱོགས་གཅིག་སྤུངས་པའི་དྲན་དབང་ཁོང་གི་རྩོམ་གྱི་རིན་ཐང་དེ། སྙན་ངག་པ་ཞིག་གིས་མོལ་ན་དཔྱད་དེབ་གཡག་རྒྱབ་ལོན་པ་བྲིས་ན་མི་ཚར་བའི་ཚོད་དུ་སྣང་ཡང་ད་ལན་མི་གླེང་། སྐབས་བབ་མ་རྒྱུད་ཀྱི་གསལ་བྱེད་གསུང་རྩོམ་ཇི་ལྟར་རྗེས་སུ་བཞག་པའི་ཚུལ་ལ།  ཡོངས་འཛིན་བླ་མའི་ཞལ་ནས། གང་གི་ཚུལ་ནི་ཞིབ་ཏུ་འདོམ་པའི་བཤེས། །ཡོངས་འཛིན་སྨྲ་བའི་ཉི་མ་པཎ་ཊཱི་ཏ། །སངས་རྒྱས་བསྟན་འཛིན་མཚན་གྱི་ཅོད་པན་ཅན། །ལུང་ཟིན་དྲན་པའི་ཡང་སྲིད་འཛམ་གླིང་མཆོག །དམ་པ་གང་གིས་གསང་ཆེན་ལམ་འདིའི་སྒོར། །བཅུག་པར་མཛད་དེ་གདམས་ངག་ལུང་བསྟན་མཛད། །གསང་བ་མཆོག་གི་བྱིན་གྱིས་བདག་རྒྱུད་བརླན། །སྐྱབས་མཆོག་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །གཞུང་ལུགས་འདི་ལ་ཐོས་བསམ་གྱིས་དྲངས་པའི། །འཆད་པ་དུ་མར་ནན་གྱིས་ཡུན་རིང་པོར། །བསླབ་པ་ཡིན་ཡང་རྨོངས་པ་འཐས་པའི་དབང་། །ཉེས་པར་བཤད་པ་གང་ལ་བཟོད་པར་གསོལ། །[6]ཞེས་གསུངས་པ་ལྟར། དེ་ཡང་གང་རྩོམ་པའི་གཞུང་དེ་ཉིད་སྙན་ངག་གི་ཚིག་སྦྱོར་ཤེས་པ་དང་། གཞུང་ཚིག་གོ་བ་ལོན་པ་ཙམ་དང་། གཞུང་གི་འགལ་འདུ་སྒྲིག་ཤེས་པ་ཙམ་མ་ཡིན་པར། མཚན་ལྡན་གྱི་བླ་མ་ཚུལ་བཞིན་བསྟེན་ཏེ་མན་ངག་གི་རྒྱུད་པའི་བྱིན་རླབས་སེམས་ལ་སྨིན་པ། གཞུང་ཆེན་ལ་ཐོས་བསམ་ཚུལ་བཞིན་བྱས་ཏེ་སྒྲོ་འདོགས་ནང་ནས་ཆོད་པ། ཐོས་བསམ་གྱི་མདོ་དོན་ཉམས་སུ་བླངས་ནས་གདམས་དོན་རྒྱུད་ལ་སྨིན་པའི་མྱོང་གཏམ་ཟབ་མོ། བསྟན་པ་དང་འགྲོ་བའི་དོན་ལ་ཡིག་ཐོག་ཏུ་ཕབ་བཞག་པ་ལས། དེང་སང་མིང་སྙན་གྲགས་དང་། ཐོབ་གོ་ས། རྒྱུ་དཔལ་འབྱོར་ཁོ་ན་དོན་དུ་གཉེར་བའི་ཁ་ཕྱིར་བལྟས་ཀྱི་མཁས་དབང་ཚོའི་གསུང་རྩོམ་དང་གཏན་ནས་མི་འདྲ། དེ་ཡང་ཀུན་མཁྱེན་ཤར་རྫ་པའི་ཞལ་ནས། སྡེ་སྣོད་རྒྱ་མཚོའི་གླིང་ལ་མ་ཕྱིན་ཅིང་། །མཁས་པའི་ཞལ་སྒོའི་ཚིག་རོས་སྐྱོང་མིན་ཏེ། །སྔོན་གོམས་བག་ཆགས་ཆུ་གཏེར་གཡོས་པ་ལས། །བསྒོམས་བྱུང་མྱོང་རྟོགས་ཤེས་རབ་ནོར་བུ་རྙེད། །དེ་ཕྱིར་འདི་ལ་ཅུང་ཟད་བཤད་པའི་ཆ། །རྟོག་གེའི་རིགས་པས་དཔྱོད་ཚུལ་ཙམ་མིན་པ། །བླ་མའི་བྱིན་རླབས་ཡང་དག་དོན་མཐོང་ལས། །རང་བྱུང་ཟབ་དོན་བརྙེད་པའི་སྙིང་པོ་ལགས། །[7]ཞེས་གསུངས་པ་ལྟར་ལགས་སོ། །དེ་ཡང་རིན་པོ་ཆེས་མ་རྒྱུད་ཀྱི་བསྟན་པའི་གསལ་བྱེད་ལྗགས་རྩོམ་གནང་བ་རྒྱུད་འགྲེལ་སྐོར་རྩོམ་སྣ་ཁ་བཅུ་གསུམ་དང་། སྒྲུབ་ཐབས་ཟིན་བྲིས་དང་ཆ་ལག་སྐོར་རྩོམ་སྣ་ཁ་དྲུག་བསྡོམས་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་འབྲེལ་བའི་གསུང་རྩོམ་སྣ་ཁ་བཅུ་དགུ་དང་། མ་རྒྱུད་ཐུགས་ཀྱི་ཡང་གབ་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་གསུང་རྩོམ་སྣ་ཁ་བཅུ་གསུམ་བཅས། བསྡོམས་པའི་གསང་སྔགས་མ་རྒྱུད་ཀྱི་སྐོར་གསུང་རྩོམ་བྱིན་ཆེན་སྣ་ཁ་སུམ་བཅུ་སོ་གཉིས་རྗེས་བཞག་གནང་ཡོད་པ་དག་རིམ་བཞིན་འགོད་རྒྱུ་ཡིན་ལ། དེ་ཡང་རྩོམ་སྔ་ཕྱི་དབང་དུ་བྱས་པ་མ་ཡིན་པར་རིན་པོ་ཆེའི་གསུང་འབུམ་པོད་ཉེར་གཉིས་ཅན་ནང་གི་སྒྲིག་སྟངས་གི་གོ་རིམ་ལྟར་ཞུ་རྒྱུ་ལ་གཉིས་ཏེ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་གཞུང་དང་འགྲེལ་བའི་གསལ་བྱེད་སྐོར་དང་། མ་རྒྱུད་ཐུགས་ཀྱི་ཡང་གབ་དང་འབྲེལ་བའི་སྒྲུབ་ཐབས་དང་ཆ་ལག་གསལ་བྱེད་གནང་བའི་སྐོར་རོ། །དང་པོ་རྒྱུད་འགྲེལ་དང་། སྒྲུབ་ཐབས་ཀྱི་ཆ་ལག་སྐོར་གཉིས་སོ། །དང་པོ་རྒྱུད་འགྲེལ་གྱི་སྐོར་ནས། གསུང་འབུམ་པོད་བཅོ་བརྒྱད་པའི་ནང་དུ་འཁོད་པ། དང་པོ། ༼   མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་སྤྱི་དོན། ༽ འདི་ནི་མ་རྒྱུད་གཞུང་ཆེན་རྟོགས་བདེ་བའི་ཆེད་གཞུང་གི་ཚིག་གནད་བསྡུས་ཏེ་བསྒྲིགས་པ་ཞིག་ཡིན་ལ། དེའི་དོན་ནི་མཇུག་བྱང་དུ། ཞེས་པའི་ཚུལ་འདི་ནི་ཡུན་རིང་མོ་ཞིག་ནས་རྒྱུད་སྡེ་དག་ལ་མཉན་པ་དང་། ཀློག་པ་དང་བསམ་པ་དང་མོས་པ་བྱས་ཏེ་གསང་སྔགས་སྒྲུབ་ཚུལ་གྱེར་དབྱངས་གཏོར་བཟོ་ཟིན་བྲིས་ཀྱི་བཏང་བཞག་ལ་དཔྱད་པ་དང་། བསྙེན་གྲངས་དང་ལུས་སྦས་ཙམ་གྱིས་སྔགས་དོན་མཐར་ཕྱིན་མ་མཐོང་ནས། བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་སྟེ་བསྟན་རྣམ་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། [8]ཅེས་གསུངས་པ་ལྟར་ཡིན། གཉིས་པ། ༼   མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་སྤྱི་དོན་ཐེག་ལེའི་སྐོར་གྱི་ཟུར་རྒྱན། ༽ འདིའི་མཇུག་བྱང་དུ། འདི་ནི་སངས་རྒྱས་རྒྱུད་གསུམ་གྱི་སྤྱི་དོན་ཞེས་པ་ཞིག་བྲིས་པ་དེའི་ནང་དུ་མི་འགྱུར་ཐིག་ལེའི་ལུང་བཞག་པ་དེ་ཡི་དོན་ཅུང་ཞིག་གསལ་བར་བྱས་པའི་ཚུལ་ཡིན་པས། ལེའུ་དེ་ཡི་ཆ་ཤས་སུ་སྦྱར་བར་བྱའོ། །[9]ཞེས་གསུངས། གསུམ་པ། ༼   མ་རྒྱུད་ཡེ་ཤེས་ཐེག་ལེའི་མཆན་འགྲེལ་ཐར་ལམ་རབ་གསལ། ༽ གཞུང་འདིའི་མཇུག་བྱང་དུ། རིང་པོའི་དུས་ནས་ལྷ་དང་བླ་མ་ལ། །འབད་པས་གསོལ་བཏབ་གཞུང་ལུགས་འདིའི་སྐོར་ལ། །ཐོས་པ་རྩི་བཅུད་བུང་བས་བླངས་ལྟར་བསགས། །རྟོགས་དོན་བྲིས་འདི་སྐལ་མཉམ་འགྲོ་ཕན་ཤོག ། ཅེས་པ་གསང་མཆོག་མ་རྒྱུད་ཀྱི་གཞི་ཡེ་སངས་རྒྱས་པའི་རྒྱུད་ཀྱི་ཡེ་ཤེས་ཐིག་ལེའི་བཀའ་གནད་ཉུང་ཤས་ཤིག་བྲིས་པ་འདི་ཉིད་གསང་ཆེན་སྔགས་ཀྱི་བསྟན་པའི་མཛེས་རྒྱན་དུ་དམིགས་ཏེ་ཁྱུང་བཙུན་སྨན་རི་བ་བསྟན་འཛིན་རྣམ་དག་གིས་རང་གནས་རྒྱ་གར་བཀྲ་ཤིས་སྨན་རིའི་གླིང་ནས་དབུ་བཙུགས་ཏེ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེར་མཇུག་རྫོགས་པར་བྲིས། [10]ཞེས་གསུངས་པ་ལྟར་ཡིན་ལ། གཞུང་འདི་ལ་དཔྱད་བརྗོད་མདོ་བསྡུས་ཙམ་ཞུས་ན། སྤྱིར་མ་རྒྱུད་ཡེ་ཤེས་ཐེག་ལེའི་འགྲེལ་བ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པ་ཡོད་བཞིན་དུ། བསྐྱར་དུ་ཡོངས་འཛིན་རིན་པོ་ཆེས་འདི་བརྩམས་པ་ལ་དགོས་པ་དམིགས་བསལ་ཅི་ཡོད་སྙམ་ན། འདི་ནི་འགྲེལ་བ་བསྐྱར་ཟློས་ཙམ་མ་ཡིན་པར་ཁྱད་བོན་དུ་མ་ཡོད་ལ། བཀའ་མ་རྒྱུད་ཡེ་ཤེས་ཐིག་ལེའི་ནང་གི་ཚིག་མང་པོ་ཞིག་ལ་རྒྱལ་གཤེན་གྱི་འགྲེལ་བ་མེད་པ་དང་། འགྲེལ་བ་ཡོད་ཀྱང་དེ་ཙམ་ཁ་གསལ་པོར་མེད་པ་དག་ལུང་རིགས་གཉིས་ཀྱི་སྒོ་ནས་འགྲེལ་བཤད་བསྐྱངས་གནང་འདུག། དེ་ཡང་གཞི་རྒྱུད་ཡེ་ཤེས་ཐིག་ལེའི་ནང་ཡོད་ལ། རྒྱལ་གཤེན་གྱི་འགྲེལ་ནང་མེད་པའི་ཚིག་ཁ་ཤས་དཔེར་མཚོན་ཙམ་དུ་བཀོད་ན། ༼   གཞི་རྒྱུད་ཡེ་ཤེས་ཐིག་ལེ་ལས། ༽   གྲུབ་མཐའ་སྟོང་པ་ཕྱལ་ཆད་འདོད་པ་དག །དེ་བཞིན་ཉིད་མེད་དེ་གྲུབ་སངས་རྒྱས་མེད། །ལྟར་སྣང་འགྲོ་བའི་སྣང་ངོ་གཟུགས་བརྙན་ཡིན། །སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་མོད་ཀྱང་། །ཟད་ཤོར་ཕྱལ་ཆད་སྐྱོན་བཞིས་གོས་པར་འདོད། །སྣང་བཅས་སྐུ་དང་ཡེ་ཤེས་བྲལ་བའི་སེམས། །སྟོང་པ་ཟད་པའི་སར་གོལ་མེད་ཁམས་འདྲ། །ཤེས་བྱ་ཐམས་བཅས་སྟོང་པ་འདོད་པ་ཡིས། །གཤིས་ལ་ཤོར་བའི་སར་གོལ་མིང་གཞི་འདྲ། །གྲུབ་མཐའ་སྐུ་དང་ཡེ་ཤེས་མེད་པ་ཡིས། །སྟོང་པ་ཕྱལ་ཆད་སར་གོལ་རྒྱུན་ཆད་འདྲ། །[11]ཞེས་པའི་ལུང་ཚིག་འདི་ལ། ༼   རྒྱལ་གཤེན་གྱི་ཡེ་ཤེས་ཐེག་ལེའི་འགྲེལ་ལས། ༽ གཉིས་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྟོང་པ་འདི་ནི། དེ་བཞིན་ཉིད་མེད་དེ་གྲུབ་སངས་རྒྱས་མེད། །ལྟར་སྣང་འགྲོ་བའི་སྣང་ངོ་གཟུགས་བརྙན་ཡིན། །ཞེས་བྱ་བ། སྟོང་པ་མཐའ་ཐམས་བཅད་དང་བྲལ་བ་། ངོས་བཟུང་ཁས་ལེན་དང་བྲལ་བ། སྣང་བཅས་སྐུ་བཞི་དང་ཡེ་ཤེས་བྲལ་བར་འདོད་པ་ནི། གྲུབ་མཐའ་སྐུ་དང་ཡེ་ཤེས་མཐའ་སྟོང་ནས་སྟོང་པ་ཕྱལ་ཆད་དུ་སོང་བའོ། །[12]ཞེས་ཚིག་གཉིས་ལ་འགྲེལ་བ་ལས་ཚིག་ཕྱི་མ་རྣམས་འགྲེལ་ནང་མེད་ལ་ནང་དོན་དང་མཐུན་པའི་འགྲེལ་བཤད་གསལ་པོ་མི་འདུག། ཡོངས་འཛིན་རིན་པོ་ཆེས་ཚིག་རེ་རེ་བཞིན་འགྲེལ་བ་རྒྱག་གནང་ཡོད། དེ་དང་དེ་བཞིན་མང་པོ་འདུག་པ་དག་འགོད་པའི་ངལ་བ་མ་བྱས་སོ། །ད་ལྟའི་རྒྱུད་འདི་དང་སྔར་རྒྱལ་གཤེན་གྱིས་འགྲེལ་རྒྱག་སའི་རྒྱུད་གཉིས་ལ་ཚིག་མང་ཉུང་མང་པོ་ཤོར་ཡོད་པའི་བཟོ་འདུག་ལ། ད་ཡོད་ཀྱི་རྒྱུད་དང་རྒྱལ་གཤེན་གྱི་འགྲེལ་རྩའི་རྒྱུད་བར་དཔྱད་པ་བྱ་རྒྱུ་མང་པོ་འདུག། འོན་ཀྱང་ད་ལན་སྐབས་སུ་མ་བབས་སོ། །འདི་ནི་རྩོམ་དུས་གསལ་པོར་མ་རྙེད་ཀྱང་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་རྒྱ་མཚོ་རིན་པོས་ཆེས་ཕྱི་ལོ་༡༩༩༤ལོར་དཔར་སྐྲུན་གནང་པའི་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་ནང་འཁོད་ཡོད་སྟབས་སྔ་རྩོམ་གྲལ་ཡིན་དགོས་སོ། །བཞི་པ། ༼   སྨིན་ལམ་རིན་པོ་ཆེའི་སྲོག་ཤིང་གི་འགྲེལ་བའི་མཆན་འགྲེལ་ལོག་རྟོག་ངན་རྡུལ་སེལ་བའི་ཁབ་ལེན་རྡོ་ཡི་མཚོན་ཆ། ༽ མཇུག་བྱང་དུ། འདི་ཡང་བླ་མ་སྨྲ་བའི་སེང་གེ་ཡི། །བཀའ་དྲིན་ཆབ་ཀྱིས་བརླན་པའི་ཞིང་ས་ལ། །འཁྲུངས་པའི་བསྟན་བཅོས་ཆུ་སྐྱེས་གསར་པའི་ཕྲེང་། །ལུགས་འདི་འཛིན་པའི་ཁྱེའུའི་མགྲིན་རྒྱན་མཛོད། །གསང་ཆེན་རྒྱུད་སྡེ་གཡོ་མེད་རྒྱ་ཡིས་བཏབ། །གསང་སྔགས་དོན་ནི་གཏོར་བཟོ་གྱེར་དུ་བཟུང་། །གསང་སྔགས་འཆང་ཞེས་དམ་ལོག་འཆལ་སྤྱོད་བཀུར། །གསང་ཆེན་བསྟན་པ་ཉམས་པའི་ཚུལ་འདི་སྐྱོ། །ཞེས་པའི་དམ་ཚིག་གི་རྣམ་བཤད་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་སྨིན་ལམ་རིན་པོ་ཆེའི་འགྲེལ་བའི་མཆན་འགྲེལ་གྱི་ཚུལ་དུ་ཁུངས་ལྡན་རྒྱུད་ལུང་གཞིར་བཞག་རང་བློས་གང་ནུས་བཀྲལ་ནས་བྲིས་པ་ཡིན་ཡང་འདི་ལ་ཉེས་བཤད་ཀྱི་ཚོགས་གང་མཆིས་གསང་མཆོག་ལྷག་པའི་ལྷ་དང་མཁའ་འགྲོ་རྒྱ་མཚོར་སྙིང་ནས་འགྱོད་དེ་བཤགས་སོ། །རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པའི་བསོད་ནམས་ཀྱི་ཚོགས་གང་མཆིས་པ་ཐམས་ཅད་མ་གྱུར་འགྲོ་བ་མཐའ་དག་འཁོར་བའི་ཆུ་སྲིན་གླལ་བའི་མཆེ་བར་ནས་ཐར་པའི་རྒྱུར་གྱུར་ཅིག ཅེས་པའི་སྨོན་ཚིག་གིས་མཐའ་རྒྱན་དང་བཅས་ཏེ་སྨན་རི་བ་བསྟན་འཛིན་རྣམ་དག་གིས་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེར་བྲིས་པའོ། །མུ་ཙུག་སྨར་རོ། །[13]ཞེས་གསུངས་ལ། གཞུང་འདི་ནི་བོད་ས་འབྲུག་ཕྱི་ལོ་༡༩༨༨ལོར་བརྩམས་མཛད།  དམ་ཚིག་ཐེག་ལེའི་འགྲེལ་བ་རྒྱལ་གཤེན་གྱིས་མཛད་པ་ཡོད་ཀྱང་། ཡོངས་འཛིན་རིན་པོ་ཆེས་བརྩམས་པ་འདི་གྲ་རྒྱས་པ་ཁ་གསལ་ལ་གོ་བདེ་བ་སྔར་མེད་ཀྱི་འགྲེལ་བཤད་མང་པོ་ཡོད་ལ། དེའི་སྐོར་འགྲེལ་བཤད་མང་པོ་མི་དགོས་པ་གཞུང་གཉིས་བསྡུར་ན་རྟོགས་པར་སླའོ། །ལྔ་པ། ༼    ཐབས་ལམ་བྱུང་བའི་ཐིག་ལེའི་ལག་ལེན་བཤད་པ། ༽ མཇུག་བྱང་དུ། སྔགས་དོན་བྲིས་པ་འགའ་ཡི་ཟུར་རྒྱན་ཚུལ། །མ་རྒྱུད་འགྲེལ་བའི་དགོངས་དོན་ལག་ལེན་ཆེ། །རྩ་རླུང་ཐིག་ལེ་སྦྱང་བའི་ཚུལ་འདི་ནི། །སྔགས་ལམ་རིམ་གཉིས་བསྒྲུབ་པའི་ཐབས་ཀྱི་གཙོ། །འདི་ལྟར་དགོས་པ་མཐོང་བའི་བཤེས་གཉེན་ཚོས། །བསྐུལ་བར་མཛད་པ་ཡལ་བར་མ་དོར་ནས། །འབྱུང་ཕུང་ནད་ཀྱིས་བཟུང་ཡང་བསྟན་ལ་བསམ། །ནོངས་པའི་ཚོགས་རྣམས་བཤགས་ཤིང་དགེ་བ་བསྔོ། །བསྟན་འཛིན་རྣམ་དག་གིས་བྲིས། [14]ཞེས་གསུངས་པ་ལྟར་འདི་ནི་དགེ་བཤེས་སྐལ་བཟང་རྒྱ་མཆོག་ལགས་ཀྱིས་རྩོམ་བསྐུལ་ཞུས་ནས་བརྩམས་གནང་བ་ཞིག་རེད།

སྤྱིར་རྩ་རླུང་གི་ལག་ལེན་ཀུན་མཁྱེན་ཤར་རྫ་པས་རྒྱུད་གཞུང་དུ་མའི་སྙིང་པོ་ཕྱུང་ནས་མཛད་པའི་ལག་ལེན་གྱི་དཔེ་ཆ་རྩ་ཆེན་པོ་ཐབས་མ་ཆག་པ་ཡོད་མོད། འོན་ཀྱང་གསང་ཆེན་མ་རྒྱུད་ཀྱི་རྩ་རླུང་འདི་ཉིད་རྒྱུད་གཞུང་གཞན་ནས་ཁ་སྣོན་མི་དགོས་པ་རང་རྐྱང་ཐུབ་པའི་རྒྱུད་གཞུང་རྙིང་པ་བྱིན་ཆེན་ཞིག་ཡིན་ཀྱང་། ང་ཚོ་ལ་གཞུང་ལུགས་གདམས་པ་མ་ཤར་བའི་སྐྱོན་གྱིས་གཞུང་ཆེན་མོ་རྣམས་ལོ་མང་ཐོས་བསམ་བྱེད། ཉམས་སུ་ལེན་པའི་ཚེ་གདམས་ངག་གཞན་འཚོལ་དགོས་པའི་གནས་སུ་གྱར་ཏེ།  གསང་ཆེན་མ་རྒྱུད་ཀྱི་རྒྱུད་གཞུང་འདི་དག་སློབ་སྦྱོང་བྱེད་དེ་འཆད་རྩོད་རྩོམ་གསུམ་ལ་དོ་དབྱིངས་འཕར་ན་ཡང་། ཉམས་སུ་ལེན་ཚེ་རྒྱུད་གཞུང་ལག་ལེན་མི་ཤེས་ནས་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་པའི་ཚུལ་གྱིས་རྩ་བ་བོར་ནས་ཡ་ག་འཇུས་དགོས་པའི་གནས་ལ་སླེབ་པ་འདི་ཧ་ཅང་གི་ཕངས་དགོས་པའི་གནས་རེད། དེའི་ཕྱིར་འདི་ཉིད་ཉམས་ལེན་བྱེད་མཁན་མེད་ནས་རང་གར་དཔེ་གསེང་དུ་ལུས་མི་འགྲོ་བ་དང་། བྱིན་རླབས་ཅན་གྱི་རྒྱུད་གཞུང་རྙིང་པ་འདི་ཉིད་ལག་ལེན་མི་ཤེས་ནས་གཞན་ལ་བརྟེན་དགོས་པ་མི་ཆགས་པ། རྒྱུད་གཞུང་དང་ཉམས་ལེན་པ་གཉིས་ལོ་མང་རིང་ཁ་བྲལ་དུ་སོང་སྟེ་བུས་ཕ་ངོ་མི་ཤེས་པའི་ཚད་དུ་སླེབས་པ་འདི་དག་རྒྱུད་གཞུང་ལ་དངོས་སུ་ངོ་ཤེས་དང་འགྲོགས་འདྲིས་ཡོང་བའི་ཆེད་དུ། སློབ་མས་ཇི་ལྟར་བསྐུལ་བ་བཞིན་ལོ་མང་ཀུན་དགའ་ར་བའི་ནང་རྡུལ་གྱི་ནམ་བཟའ་གསོལ་ནས་དཔེ་མཚམས་བཞུགས་བསྡད་པའི་དཔེ་རྒྱུད་འདི་ཉིད་རྣམ་འབྱེད་ཤེས་རབ་ཀྱིས་མཚམས་སྒོ་ཕྱེས་ཏེ། གསང་ཆེན་མ་རྒྱུད་ཀྱི་ཉམས་ལེན་པ་ཚོས་གཞུང་འདི་ལ་འཇུགས་ནས་རྩ་རླུང་གི་ཉམས་ལེན་བྱེད་བདེ་བའི་ཆེད་དུ་སྐུལ་ངལ་ལ་མ་འཛེམས་པར་བསྟན་པ་ཁོ་ནར་ལ་དམིགས་ནས་གསལ་བྱེད་གནང་བ་ཞིག་ཡིན། དེ་འདྲའི་བཀའ་དྲིན་བསྐྱངས་བ་ལ་བརྟེན་ནས་དེ་རིང་ཁ་སང་གསང་ཆེན་མ་རྒྱུད་ཀྱི་རྩ་རླུང་སྦྱོང་མཁན་མང་པོ་བྱུང་དང་འབྱུང་བཞིན་པ་རེད། དྲུག་པ། ༼   མ་རྒྱུད་འཕོ་བའི་ཟིན་ཐོ། ༽ ཤོག་ངོས་གཉིས་ཙམ་ཡོད་ལ་འཕོ་བ་ལག་ལེན་བྱེད་ཐབས་ཀྱི་ཟིན་བྲིས་ལྟ་བུ་ཞིག་ཡིན། བདུན་པ། ༼   མ་རྒྱུད་ལམ་དྲུག་བར་དོའི་རྣམ་བཤད་གསལ་བྱེད་སྒྲོན་མེ། ༽ དེ་ཉིད་ལས། ལམ་དྲུག་བར་དོའི་རྣམ་བཤད་འཐོར་ནས་སླར། །གཞུང་དོན་འགྲེལ་བྱེད་མཐོང་ཐོས་མ་བྱུང་ནས། །ཚུལ་འདི་འཆད་ཚེ་དཀའ་བ་འགའ་འཕྲད་རྐྱེན། །འབྲི་བར་འདོད་པའི་འདུན་པར་བརྟེན་ནས་བརྩམས། [15]ཞེས་དང་། མཇུག་བྱང་དུ། ཞེས་པ་འདི་ཡང་གཞུང་ཐོག་ནས་ཁྲིད་ཚུལ་ལན་འགའ་བྱས་ཀྱང་བདག་བློ་རངས་པའི་བཤད་པ་མ་བྱུང་ནས། གཞུང་ལ་ནན་གྱིས་དཔྱད་དེ་བསྟན་རྣམ་པས་ཁྲི་བརྟན་ནོར་བུའི་རྩེར་བཀོད་པ་རེ་ཞིག་རྫོགས་སོ། ། [16]ཞེས་གསུངས་པ་ལྟར། མ་རྒྱུད་ལམ་དྲུག་བར་དོའི་རྣམ་བཤད་རྒྱལ་གཤེན་གྱིས་མ་མཛད་པ་ཡིན་ནམ་ཡང་ན་ནུབ་པ་ཡིན་ཆ་མ་འཚལ། ད་ཡོད་མ་རྒྱུད་ལམ་དྲུག་དར་དོའི་རྣམ་བཤད་འདི་གཅིག་པུ་ཡིན་ལ། འདི་ནི་རྒྱུད་ཚིག་ལ་རེ་རེ་བཞིན་འགྲེལ་བ་བཏབ་པའི་ལེགས་བཤད་ཁ་གསལ་གོ་བདེ་གསེར་སྲང་སྟོང་གིས་མི་ཁུག་པའི་གསུང་བྱིན་ཆེན་ཞིག་ཡིན་པ་གཞུང་འདི་ལ་གཟིགས་ན་རྟོགས་ཐུབ་བོ། །བརྒྱད་པ། ༼   མ་རྒྱུད་ཐུགས་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཐིག་བཀོད་གཞུང་དོན་ལྟར། ༽ མ་རྒྱུད་ཀྱི་དཀྱིལ་འཁོར་ཐིག་རྩ་སྔ་ཕྱི་གཉིས་ཡོད་པ་ལས་སྔ་མ་དེ་ཡིན་ལ། འདི་ནི་སྤྲེལ་བཙུན་ཀུན་བཟང་ལྷུན་གྲུབ་ཀྱིས་ཞུས་ནས་རིན་པོ་ཆེས་བོད་ཆུ་མོ་ཡོས་ཕྱི་ལོ་༢༠༠༣ལོར་བརྩམས་པ་ཞིག་རེད། དགུ་པ། ༼   གསང་མཆོག་མ་རྒྱུད་ལྷ་སུམ་བརྒྱ་དྲུག་བཅུ་རྩ་དྲུག་གི་དཀྱིལ་འཁོར་གྱི་ཐིག་བཀོད་རྒྱུད་འགྲེལ་ལྟར། ༽ འདི་ནི་རིན་པོ་ཆེས་མ་རྒྱུད་ཀྱི་དཀྱིལ་འཁོར་ཐིག་རྩ་གཉིས་བརྩམས་པ་ལས་ཕྱི་མ་དེ་ཡིན་ལ། དེ་ཉིད་ལས།  སྔར་ནས་མ་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཐིག་བཀོད་ཅིག་བྲིས་པ་དེ་ཡི་ནང་རྒྱུད་གཞུང་གི་ལུང་ཚིག་འགའ་བཀོད་པ་བྱས་ཀྱང་ཚིག་དོན་དང་མ་འབྲེལ་བས་དེའི་དོན་ནི། སྔར་གཏམ་ཐོས་པ་ལ། བླ་མའི་གསུང་གིས་འགྲེལ་བཤད་མེད་པར་གང་ཟག་ཕལ་པས་རྒྱུད་དོན་གོ་རྟོགས་མི་ནུས་ཞེས་པ་སོགས་ལ་བསྟེན་པ་ཤས་ཆེ་བས་ཡི་གེ་དེ་ཡང་མེ་ལྷ་སོགས་ལ་འབུལ་བར་མཛོད། [17]ཞེས་གསུངས་ལ།  འདི་རིན་པོ་ཆེས་གཞུང་དང་སྒྲུབ་ཐབས་ལ་བསྐྱར་དུ་ཞིབ་དཔྱད་མཛད་ནས་བརྩམས་པ་ཡིན། སྔར་མ་དེ་ནི་རྒྱུད་དང་སྒྲུབ་ཐབས་སོགས་ལ་ཏག་ཏག་མ་མཐུས་པ་བྱུང་ཡོད། ཐིག་རྩ་སྔ་མ་ནང་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཆེན་ནམ་ཆ་ཆེན་བཅོ་བརྒྱད་བྱས་ནས་བྲིས་ཡོད་ལ། མ་རྒྱུད་ཀྱི་རྒྱུད་དང་སྒྲུབ་ཐབས་བཅས་ལས་ཐིག་ཆེན་ནམ་ཆ་ཆེན་བཅུ་དྲུག་ལས་བཅོ་བརྒྱད་གསལ་བ་མེད། དེ་སྔོན་མ་རྒྱུད་ཀྱི་དཀྱིལ་འཁོར་ཐིག་རྩ་སྒྲིག་མཁན་ཉི་མའི་དབང་པོ་དང་། ག་རྒྱ་ཁྱུང་སྤྲུལ་རྣམ་གཉིས་བྱུང་བ་དང་། ཁོང་རྣམ་གཉིས་ཀྱིས་ཆ་ཆེན་བཅོ་བརྒྱད་བྱས་འདུག་ལ། དེ་བཞིན་མ་རྒྱུད་ཀྱི་དཀྱིལ་འཁོར་བྲིས་མ་རྙིང་པ་ཁ་ཤས་མཐོང་རྒྱུ་འདུག་པ་དེ་ཚོ་ལ་ཆ་ཆེན་བཅོ་བརྒྱད་བྱས་ནས་བྲིས་འདུག། ད་ལན་ཡོངས་འཛིན་རིན་པོ་ཆེས་བསྐྱར་དུ་བྲིས་པའི་ཐིག་རྩ་ནང་རྒྱུད་དང་སྒྲུབ་ཐབས་ལྟར་ཆ་ཆེན་བཅུ་དྲུག་བྱས་ནས་བྲིས་གནང་ཡོད་ལ། སྔ་མ་དེ་དང་མི་འདྲ་ས་མང་པོ་ཡོད། དེ་སྔོན་བྲིས་པ་དེ་མེ་ལ་ཕུལ་ཞེས་གསུངས་ཡོད་ལ། ཐིག་བཀོད་སྔ་མ་དེ་གསུང་འབུམ་རྗེས་མའི་ནང་བཀོད་མེད་པ་རེད། ཕྱི་མ་འདི་ཉིད་ལག་ཏུ་བླངས་ན་རྒྱུད་དང་མཐུན་པ་ཡིད་གཏད་རུང་པ་ཡིན་པར་གསུངས་ཏེ། དེ་ཉིད་ལས། རྒྱུད་དང་འགྲེལ་བ་སྒྲུབ་ཐབས་བཅས་པ་ལ། །ནན་གྱིས་བརྟགས་ནས་བཀོད་པའི་ཚུལ་འདི་ནི། །སྔར་བཞིན་ཟེར་རྗེས་འབྲངས་ནས་བྲིས་པ་མིན། །ཡིད་གཏད་རུང་བའི་ལས་ཤིག་ཡིན་ཚོད་ལགས། །[18]ཞེས་གསུངས་པ་ལྟར་ཡིན། རིན་པོ་ཆེས་ཐིག་རྩ་འདི་ཉིད་བརྩམས་གནང་བ་མ་ཟད། གཞན་ལ་དཔེ་སྟོན་གྱི་ཆེད་དུ་ཡོངས་འཛིན་རིན་པོ་ཆེ་རང་གིས་འགྲོ་སོང་བཏང་ནས་དགེ་བཤེས་གཙུག་ཕུད་དབང་རྒྱལ་གྱིས་འགན་ཁུར་བཞེས་ཏེ་ལྷ་བཟོ་ལ་དཀྱིལ་འཁོར་གསར་པ་འབྲི་བཅུག་ནས་དཀྱིལ་འཁོར་དེ་ཉིད་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་མཆོག་ལྔའི་ལྷ་ཁང་ནང་བཤམ་ཡོད། དེ་རྗེས་དེ་ལ་དཔེ་བླང་ནས་ཁྱུང་པོ་སྟེང་ཆེན་དགོན་པས་མ་རྒྱུད་དཀྱིལ་འཁོར་དེ་ལྟར་འབྲི་བཞེངས་གནང་ཡོད།  ད་དུང་ཐིག་རྩ་འདིའི་ནང་དམིགས་བསལ་སྔར་མེད་ཀྱི་ལེགས་བཤད་གཞན་ཞིག་ཡོད་པ་ནི། ༼   མ་རྒྱུད་ཀྱི་གཏོར་འབུལ་ལས། ༽ མ་རྒྱུད་ལྷ་ཚོགས་སུམ་བརྒྱ་དྲུག་ཅུ་དྲུག །[19]ཅེས་གསལ་བའི་ལྷ་ཚོགས་སུམ་བརྒྱ་དྲུག་ཅུ་རྩ་དྲུག་བརྩི་སྟངས་ཁ་གསལ་གསུངས་གནང་འདུག་པས། མ་རྒྱུད་ཀྱི་ལྷ་འཁོར་སུམ་བརྒྱ་དྲུག་ཅུ་རྩ་དྲུག་བརྩི་མི་ཤེས་མཁན་ཚོས་འདིར་གཟིགས་པར་ཞུ། བཅུ་པ། ༼   གསང་མཆོག་མ་རྒྱུད་ཀྱི་ཞལ་ཐང་བཀོད་པ། ༽ བཅུ་གཅིག་པ། ༼   གསང་མཆོག་མ་རྒྱུད་ཀྱི་མཁའ་འགྱིངས་རིགས་ལྔའི་ཚེ་སྒྲུབ་ཀྱི་ལྷ་བཀོད། ༽ བཅུ་གཉིས་པ། ༼   གསང་སྔགས་མ་རྒྱུད་རྒྱ་མཚོའི་བརྒྱུད་རིམ་བླ་མའི་བཀོད་པ། ༽ ལྷ་བཀོད་འདི་ཚོ་གསུང་འབུམ་པོད་དགུ་པའི་ནང་འཁོད་ཡོད། ལྷ་བཀོད་འདི་ཚོ་ནི་ལྷ་བྲིས་པ་ཚོ་ལ་ངེས་པར་མཁོ་བའི་མན་ངག་ཞིག་ཡིན། ༼   རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་གི་བཀོད་པ་དྭངས་ཤེལ་མེ་ལོང་ལས། ༽ འདི་ནི་སྐབས་ཀྱི་རྣལ་འབྱོར་འདོད་པ་འགའི། །ཐུགས་བཞེད་རྟེན་གྱི་བཀོད་པ་བདེ་བའི་ཆེད། །གཞན་ཡང་གཞུང་མཐུན་ཕྱག་མའི་རྣམ་པ་ཡིས། །ཐོ་ཆོའི་བཙོག་རྡུལ་བྱི་དོར་བྱེད་ཕྱིར་ཡང་། །ཟབ་གསང་དཀྱིལ་འཁོར་རྒྱ་མཚོ་ཡི། །བརྟེན་པའི་བཀོད་པ་གཞུང་མཐུན་གྱི། །ཚུལ་འདི་ཡང་དག་རྣལ་འབྱོར་པའི། །ཐུགས་རྒྱུད་གསལ་འདེབས་སུ་འཆང་མཛོད། །[20]ཅེས་དང་། ༼   ཞལ་ཐང་གི་བཀོད་པ་དྭངས་ཤེལ་མེ་ལོང་ལས། ༽ ཡུལ་དུས་འགའ་ལ་རྟེན་བཞེངས་པའི། །དད་བརྩོན་བསོད་ནམས་མི་དམན་ཡང་། །གཞུང་ལ་གཟིགས་པའི་སྤྱན་དཀྱུས་ཆུང་། །དེ་ལྟའི་ལས་ལ་དབུགས་འབྱིན་ཆེད། །[21]ཅེས་གསུངས་པར་ལྟར། དེ་སྔོན་ལྷ་བཟོ་ཚོས་ལྷ་ཡི་སྐུ་མདོག་ཕྱག་མཚན་དང་ལྷ་གྲངས་སོགས་རྒྱུད་གཞུང་ལ་མི་གཟིགས་ནས་རང་འདོད་ལྟར་འབྲི་བ་དང་། གཞན་རྗེས་འབྲངས་པ་ཤིན་ཏུ་མང་། དཔེར་ན་སྟོན་པ་གཤེན་རབ་ཡིན་ཟེར་ནས་ཤག་ཐུབ་བཞིན་འབྲི་བ་དང་། ཕུར་པའི་ལྷ་འབྲི་དུས་མེ་རི་རྣམས་ཁྲོ་བཅུ་སོ་སོ་ལ་དཀར་སེར་ཟུར་གསུམ་དང་། ལྗང་སེར་ཟུར་གསུམ་སོགས་མེ་རིའི་ཁ་དོག་སོ་སོར་ཡོད་ཀྱང་ཚང་མ་གཅིག་གྱུར་བྱེད་ནས་མི་ལ་མཛེས་པའི་ཆེད་དུ་དམར་སེར་བྲིས་པ་ཤིན་ཏུ་མང་ལ། ད་དུང་ལྷ་ཡི་ཕྱག་མཚན་ངོས་མ་ཟིན་ནས་དགོད་བྲོ་པོ་བྲིས་པ་མང་པོ་བཤད་རྒྱུ་ཡོད། དེའི་ཕྱིར་རིན་པོ་ཆེས་རང་ལུགས་ཀྱི་རྒྱུད་གཞུང་དང་མཐུན་པར་བཞེངས་དགོས་པའི་བཀའ་སློབ་ལམ་སྟོན་ཡང་གནང་བ་མ་ཟད་ཕྱི་ནང་གསང་གསུམ་གྱི་ལྷ་བཀོད་གཅིག་པུ་པོད་གསུམ་ཙམ་ལྗགས་བརྩམས་གནང་བ་དང་། ལྷ་ཡི་ཕྱག་མཚན་གྱི་ངོས་འཛིན་བཅས་བརྩམས་ཏེ་བསྟན་པ་ལ་ཕྱག་རྗེས་རླབས་ཆེན་བཞག་ཡོད།  འདིས་བོད་ཕྱི་ནང་གི་ལྷ་བཟོ་མང་པོ་ལ་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད་བསྟན་པ་ལ་བྱི་དོར་ཆེན་པོ་ཞིག་བྱུང་།  དཔེར་མཚོན་ཙམ་ཞུས་ན། སྔ་མ་ཁོ་བོ་ཁྱུང་པོ་སྟེང་ཆེན་དགོན་གྱི་སྒྲུབ་གྲྭ་ནང་ཡོད་སྐབས། སྒྲུབ་གྲྭ་ཚང་གིས་དགོན་པ་ལ་རྟེན་བཞག་སྐྱབས་འགྲོའི་ཚོགས་ཞིང་གི་ཐང་ཀ་སྤུས་དག་ཅིག་བཞེངས་འཆར་བྱས་ཏེ། ལྡོང་ཆུང་ཚང་གི་ལྷ་བཟོ་གྲགས་ཅན་ཨ་ཕྲུག་(གྲོངས་ཚར)ལ་འབྲི་རོགས་ཞུས་པ་རེད། ཁོང་ཉི་མ་གཅིག་ལ་ཐང་ཀའི་དོན་དུ་སྟེང་ཆེན་དགོན་པ་ནང་ཕེབས་སོང་། དེའི་སྔོན་ཁོང་ལ་ཡོངས་འཛིན་རིན་པོ་ཆེས་ཕུར་པའི་ཐང་ཀ་ཞིག་འབྲི་རྒྱུ་མངག་སྟེ་ཐང་ཀ་དེ་བྲིས་ཚར་མ་ཐག་རེད་འདུག། ཐང་ཀ་དགོན་པ་ནང་ཁུར་ནས་ང་དང་ཨ་ཀྱོ་ཚུལ་ཁྲིམས་ངེད་གཉིས་ལ་བསྟན་སོང་། ཁོང་གིས་གསུངས་པ། “ཕུར་པའི་ལྷ་ཚོགས་ཀྱི་མེ་རི་འདི་དམར་སེར་བྲིས་ན་ཡག་གི་འདུག་ཀྱང་། རིན་པོ་ཆེས་ལྷ་བཀོད་ནང་དཀར་སེར་དང་ལྗང་སེར་སོགས་དགོས་པ་གསུང་འདུག། དེ་མཛེས་པོ་ཡོང་གི་མི་འདུག། ཡིན་ན་ཡང་དམར་སེར་རང་བྲིས་ན་རིན་པོ་ཆེས་འགྲིག་མི་འདུག་གསུང་ཡོང་གི་རེད་དྲན་ནས་རིན་པོ་ཆེས་གསུངས་པར་ལྟར་བྲིས་པ་ཡིན་”གསུངས་སོང་། ཁོ་བོས་ཐང་ཀ་འབྲི་དུས་མིག་ལ་མཛེས་མི་མཛེས་གཙོ་བོ་མ་རེད། དཔེ་ཆ་དང་མཐུན་དགོས་པ་གལ་ཆེན་པོ་རེད། རིན་པོ་ཆེས་གསུངས་པ་བཞིན་བྲིས་པ་དེ་དཔེ་ཡག་པོ་བྱུང་འདུག་ཅེས་ཞུས་པ་ཡིན། རིན་པོ་ཆེས་བཀའ་དྲིན་ལ་བརྟེན་ནས་ཕུར་པའི་ཐང་ཀ་དེ་དཔེ་ཆ་དང་མཐུན་པར་བྱུང་འདུག། དེ་ནི་རིན་པོ་ཆེས་ལྷ་བཀོད་བརྩམས་པའི་ཕན་ཡོན་གྱི་དཔེ་མཚོན་ཙམ་ཞིག་ཡིན་ལ་གཞན་གྲངས་ཀྱིས་མི་ལོང་ངོ་། །རིན་པོ་ཆེས་མ་རྒྱུད་ལྷ་བཀོད་ཡི་གེ་བྲིས་པ་ཙམ་མ་ཡིན་པར་མ་རྒྱུད་ཀྱི་ཞལ་ཐང་བཞེངས་རྒྱུའི་སྐུལ་མ་གནང་བ་དང་། མ་རྒྱུད་ཀྱི་སྐུ་འདྲ་མང་པོ་བཞེངས་མཛད་དོ། །བཅུ་གསུམ་པ། ༼  རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་མགུར་ཆེན་གཤེན་གླུ་ཞེས་བྱ་བའི་འགྲེལ་བ་ཚངས་པའི་དབུ་རྒྱན། ༽ མཇུག་བྱང་དུ། བྱ་བ་འདི་ལྟར་འདོད་ནས་བསྐུལ་བ་མེད། །གཞུང་འདིར་བདག་ཡིད་ཡུན་རིང་འགྲོགས་འདྲིས་པས། །འབོལ་རྩོམ་ཅུང་ཞིག་རང་ཉིད་གོམས་ཕྱིར་བྲིས། །རྣམ་དཀར་མ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་པའི་རྒྱལ་གཤེན་གྱི་གཤེན་གླུ་ཞེས་པ་འདིའི་འགྲེལ་བ་ཉུང་བསྡུས་ཤིག་བསྟན་འཛིན་རྣམ་དག་གིས་བྲིས།།  །།༡༩༩༩། ༣ ༦ [22]ཞེས་གསུངས་པ་ལྟར། འདི་ནི་གསུང་འབུམ་པོད་བཞི་པའི་ནང་འཁོད་ཡོད་ལ། ཕྱི་ལོ་༡༩༩༩ལོའི་ཟླ་༣ ནང་བརྩམས་པ་དང་། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ལྟ་དགོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་སྟེ་དད་གུས་ཀྱིས་རང་དབང་མེད་པར་སྨྱུ་གུ་ཤོག་ཐོག་ཏུ་ཤོར་སོང་བའི་རྒྱལ་གཤེན་གྱི་རྣམ་ཐར་ལྟ་བུ་བྱིན་རླབས་ཅན་གྱི་ལེགས་བཤད་ཅིག་ཡིན་ནོ། །

གཉིས་པ་སྒྲུབ་ཐབས་ཆ་ལག་གསལ་བྱེད་གནང་བའི་སྐོར་ནི།

གསུང་འབུམ་པོད་ཉི་ཤུ་པའི་ནང་དུ་འཁོད་ཡོད་པ། དང་པོ། ༼   གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་ཆོག་ཁྲིག་ཕྱག་ཏུ་བཞེས་ཐབས་གསལ་བའི་མེ་ལོང་། ༽ གཞུང་དེའི་སྔོན་གླེང་དུ། དེ་ལ་འདིར་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་། འགྲེལ་བ་འབྲིང་པོ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པ་དང་། མ་རྒྱུད་ཀྱི་དབང་ཆོག་གི་སྐོར་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད་པ་དང་། མ་རྒྱུད་ཆོག་ཁྲིག་གི་ཕྱག་བཞེས་མཁན་པོ་རྣམ་དག་འོད་ཟེར་གྱིས་མཛད་པ་དང་། མ་རྒྱུད་བྲུ་ལུགས་ཀྱི་ཟིན་བྲིས་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པ་དང་། རང་ལ་གཞུང་ལུགས་འདི་ཡི་དབང་བཞི་བསྩལ་བའི་དཔོན་གསས་བླ་ཆེན་དྲན་པའི་རྣམ་སྤྲུལ་དུ་སྲིད་པ་རྒྱུད་ཀྱི་ཁ་བྱང་གི་ལུང་གིས་ཟིན་པའི་དམུ་གཤེན་འཛམ་གླིང་དབང་འདུས་ཀྱི་ཕྱག་ལེན་མཐོང་རྒྱུན་དང་། ཤེས་རབ་སྨྲ་བའི་སེང་གེའི་རྣམ་རོལ་ཡོངས་འཛིན་སྐྱབས་འོག་རྨེའུ་སྟོན་སངས་རྒྱས་བསྟན་འཛིན་རིན་པོ་ཆེས་ཕྱག་ལེན་ཞལ་ཁྲིད་དུ་གནང་བ་སོགས་ལ་གཞི་བཅོལ། ཕྱི་ནས་ཇི་ལྟར་གཞུང་དོན་བསྐྱང་ཚུལ་བདེ་ཞིང་འདུས་པའི་ཡིག་རིས་ཞིག་འགོད་རྒྱུ་འབྲེལ་ཐོག་མང་པོས་ངོས་ལ་བོང་བུ་སེང་གཟིགས་ཀྱི་རྣམ་ཐར་ལྟར་བསྐུལ་མ་ནན་གྱིས་གནང་བ་མི་ལྡོག་ཙམ་དུ་འབྲི་བ་ལ། སྔོན་འགྲོ་བཅའ་གཞི་དང་རྫས་བསགས། དངོས་གཞིའི་ལས་རིམ་ལ་འཇུག་ཚུལ་བཅས་གཉིས་ལས། [23]ཞེས་དང་། མཇུག་བྱང་དུ། ཞེས་པའི་གསང་ཆེན་མ་རྒྱུད་དབང་བཞིའི་ཟིན་བྲིས་འདི་ཉིད་བསླབ་གསུམ་བསྟན་པའི་ཁུར་ཆེན་བདག་གེར་མཛད་པ་༧སྤ་སྲས་ཟླ་བ་རྒྱལ་མཚན་རིན་པོ་ཆེ་དང་། རབ་འབྱམས་སྨྲ་བའི་བཤེས་གཉེན་དམ་པ་༧བཀྲ་ཤིས་རྣམ་དག་སོགས་དམ་པ་དུ་མའི་དགོངས་བཞེད་བཞིན་གཞུང་འདིའི་དབང་བཞི་ཕུལ་བའི་ཚེ། ཕྱི་ནས་གཞུང་ཆེན་འདི་ཡི་ཕྱག་ལེན་ལ་འཇུག་པ་བདེ་ཞིང་ཁ་གསལ་རྒྱུད་གཞུང་དང་མཐུན་པ་ཞིག་དགོས་པ་བསྐུལ་བ་མི་ལྡོག་ཙམ་དུ། སྨན་རིའི་སློབ་ཟུར་རྒྱལ་ཁམས་སུ་འཁྱམས་པོ་བ་བསྟན་འཛིན་རྣམ་དག་མིང་གིས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཟླ་བ་གཉིས་པའི་ཚེས་བཅུ་ལ་རང་གནས་གསུམ་པ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེར་མཇུག་རྫོགས་པར་བྲིས།  [24] ཞེས་ཟིན་བྲིས་ཇི་ལྟར་བྲིས་པའི་སྐོར་གསལ་བར་གསུངས་འདུག་ལ། འདི་ནི་ཆུ་མོ་བྱ་ཕྱི་ལོ་༡༩༩༣ལོར་བརྩམས་པ་དང་། སྤྱིར་མ་རྒྱུད་ཀྱི་ཟིན་བྲིས་གོང་གསལ་འགའ་ཡོད་ཀྱང་ཚོགས་འཁོར་དང་དབང་གཞི་སྦྱིན་སྲེག་བཅས་ཀྱི་ཟིན་བྲིས་ཆ་ཚང་བ། ཁྱད་པར་དུ་བུམ་བཀོད་སྐོར་ནས་རྒྱས་པ་མཛད་པ་དང་རྔ་རྡུང་དང་དབྱངས་ཀྱི་ཐོབ་ཚུལ་བཅས་འཁོད་པའི་ཁ་གསལ་ལ་གོ་བདེ་ཤོས་ཀྱི་ཟིན་བྲིས་རྨད་དུ་བྱུང་བ་འདི་ཉིད་ཙམ་རེད།  གཉིས་པ། ༼   གསང་མཆོག་མ་རྒྱུད་རྒྱལ་བ་རྒྱལ་མཚོའི་གཞུང་གི་ཚོགས་བརྒྱ་འབུལ་ཚུལ། ༽ གསུམ་པ། ༼   གསང་མཆོག་མ་རྒྱུད་ཀྱི་ཚོགས་བརྒྱའི་ཁ་སྒྱུར། ༽ བཞི་པ། ༼   གསང་སྔགས་མ་རྒྱུད་ཀྱི་བསང་མཆོད། ༽ མཇུག་བྱང་དུ། ཞེས་མ་རྒྱུད་བསང་མཆོད་འདོད་འབྱུང་དབྱིག་གི་གཏེར་ཆེན་ཞེས་བྱ་བ་འདི་ནི་ཁྱུང་སློབ་བསྟན་འཛིན་རྣམ་དག་གིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་བརྩམས་པ་དགེའོ། །[25]ཞེས་གསལ། ལྔ་པ། ༼   གསང་ཆེན་མ་རྒྱུད་རྒྱལ་བ་རྒྱལ་མཚོའི་ལྷ་སུམ་བརྒྱ་དྲུག་ཅུའི་དབང་གི་ཙཀླིའི་གྲངས་དང་རྣམ་པ་བཅས་དབང་གཞུང་དང་དབང་ཕྲན་བཅས་པའི་སྒོར་བསྟུན་ནས་བཀོད་པ། ༽ དྲུག་པ། ༼   མ་རྒྱུད་སྦྱིན་སྲེག་འབུལ་ཚུལ། ༽ འདི་ཚོ་གོང་གི་ཟིན་བྲིས་ཀྱི་ཟུར་རྒྱན་ཞིག་རེད་ལ། འདི་ཚོ་ལ་དཔྱད་བརྗོད་དམིགས་བསལ་དགོས་པ་མ་མཐོང་ངོ་། །

 གཉིས་པ་མ་རྒྱུད་ཐུགས་ཀྱི་ཡང་གབ་དང་འབྲེལ་བའི་སྒྲུབ་ཐབས་དང་ཆ་ལག་གསལ་བྱེད་གནང་བའི་སྐོར་ནི།

གཞུང་འདི་སྤྲུལ་པའི་སྐུ་མཆོག་གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེས་གཡས་རུ་གཙང་གི་ས་གནས། གཤོང་རྟ་ནག་ལུང་པའི་ཕུ། དུང་ཕོར་གསང་བའི་བྲག་ནས་གཏེར་དྲངས་པའི་སྔགས་གཞུང་ཞིག་ཡིན་ལ། གཞུང་འདི་ཉིད་ཐེག་པའི་དབང་དུ་བྱས་ན་སྔགས་ཀྱི་རྒྱུད་སྡེ་བཞི་པ་ཡེ་གཤེན་ཆེན་པོའི་གཞུང་ཡིན་པ་གཞུང་རང་ལས་གསལ། ནང་དུ་སྡེ་ཚན་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མ། ལུང་དྲི་མེད་འོད་གསལ། མན་ངག་ཡེ་ཤེས་ཟང་ཐལ་བཅས་གསུམ་ཡོད། རྒྱུད་གཞུང་ནང་སྒྲུབ་ཐབས་ཡོད་པ་དེ་ཉིད་དེ་སྔོན་སྒྲིག་མཁན་མ་བྱུང་ནས་ཡོངས་འཛིན་རིན་པོ་ཆེས་བསྒྲིགས་གནང་བ་རེད། གསུང་འབུམ་པོད་ཉེར་གཅིག་པའི་ནང་དུ་འཁོད་པ། དང་པོ། ༼   གསང་མཆོག་རིག་པ་ཁུ་བྱུག་གི་སྒྲུབ་ཐབས་ཟབ་ལམ་དབང་གི་རྒྱ་མཚོའི་ཕྱག་བཞེས་གསལ་བྱེད་མེ་ལོང་། ༽ མཇུག་བྱང་དུ། ཞེས་པ་འདི་ཉིད་ཀྱི་བྱ་བ་ལ་རིང་ནས་མོས་པ་མི་དམན་པར་སྐྱེས་པ་སྤོང་པ་བ་བསྟན་འཛིན་རྣམ་དག་པས་བྲིས། [26]ཞེས་གསུངས། གཉིས་པ། ༼   བརྒྱུད་རིམ་བླ་མའི་གསོལ་འདེབས་ཟབ་ལམ་དབང་གི་རྒྱ་མཚོ། ༽ གསུམ་པ། ༼   གསང་མཆོག་རིག་པ་ཁུ་བྱུག་སྒྲུབ་པའི་མངོན་རྟོགས་ཡེ་ཤེས་རྒྱ་མཚོ། ༽ མཇུག་བྱང་དུ། ཞེས་པ་འདི་ཉིད་སྤྲུལ་པའི་སྐུ་གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེས་གཡས་རུ་གཙང་གི་ས་གནས། གཤོང་རྟ་ནག་ལུང་པའི་ཕུ། དུང་ཕོར་གསང་བའི་བྲག་ནས་དྲངས་པའི་མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལུང་མན་ངག་བཅས་ལ་ཡིག་ཆ་ལ། སྨན་རི་བ་བསྟན་འཛིན་རྣམ་དག་པས་དཔྱད་ནས་བྲིས་པ་ཡིན་ཡང་ཉེས་བཤད་དང་ལོག་བཤད་སོགས་ཀྱི་རིགས་གང་མཆིས་མཁས་དབང་རྣམས་ཀྱི་དྲུང་དུ་བཤགས་སོ། །ཤུབྷཾ། [27]ཞེས་གསུངས། བཞི་པ། ༼   བདེར་བར་གཤེགས་པ་སྤྱི་སྒོས་བརྒྱུད་པ་དང་བཅས་པའི་པང་ཀོང་བྱིན་རླབས་རྒྱ་མཚོ། ༽ ལྔ་པ། ༼   གསང་མཆོག་རིག་པ་ཁུ་བྱུག་གི་སྒྲུབ་ཐབས་ཟབ་ལམ་དབང་གི་རྒྱ་མཚོ། ༽ སྔོན་གླེང་དུ། དེ་ལྟར་བཤད་བྱའི་གཞུང་འདི་གསང་མཆོག་གསང་བ་དབྱིངས་རོལ་གྱི་ཡིན་པར་གསུང་སྲོལ་ཡོད་མོད་ཀྱང་། དབྱིངས་རོལ་ལྷ་ཡི་མཚན་དང་ཡུམ་བཅས་མ་རྒྱུད་ནས་བཤད་པ་དང་མི་མཐུན་པས་བརྟག་གོ། །ཕ་རྒྱུད་དང་མ་རྒྱུད་གཉིས་ལས་འདིར་བསྟན་པ་ཐུགས་རྗེ་ཉི་མའི་དབང་རྒྱུད་སྒྲུབ་ཐབས་འདི་ཉིད་མ་རྒྱུད་དུ་གཏོགས་ལ།[28] ཞེས་དང་།  མཇུག་བྱང་ལས། ཞེས་པའི་གསང་མཆོག་རིག་པ་ཁུ་བྱུག་གི་སྒྲུབ་ཐབས་ཟབ་ལམ་དབང་གི་རྒྱ་མཚོ་ཞེས་བྱ་བ་འདི་ཉིད་ཡུན་རིང་མོ་ཞིག་ཏུ་འདི་ཡི་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མ། ལུང་དྲི་མེད་འོད་གསལ། མན་ངག་ཡེ་ཤེས་ཟང་ཐལ་བཅས་ལ་ཅི་འདྲིས་སུ་བྱས་ནས་ཆོ་ག་འདི་ཉིད་ཟུར་དུ་བསྒྲིགས་པ་ཡིན་ཡང་། གསང་ཆེན་ཟབ་མོའི་དགོངས་དོན་ནི་གཏིང་ཕྲ། ཁོ་བོའི་རྣམ་དཔྱོད་ཀྱི་མིག་ནི་རྟུལ་བས་ཉེས་བཤད་དང་ལོག་བཤད་མཆིས་སོ་ཅོག་རྣམས་དཀྱིལ་འཁོར་གྱི་མངའ་བདག་མཚན་ལྡན་བླ་མ་དམ་པའི་ཚུལ་བཞིན་དུ་འཆོས་པར་མཛད་དུ་གསོལ། ཞེས་ཀུན་གྲུབ་རྒྱལ་སྲས་སམ་མིང་གཞན་བསྟན་འཛིན་རྣམ་དག་འབོད་པས་བསྡེབས་པའོ། །སརྦ་མངྒ་ལམ།[29]ཞེས་ཇི་ལྟར་བསྒྲིགས་པའི་ཚུལ་གསལ་བར་གསུངས། དྲུག་པ། ༼   གསང་མཆོག་བླ་མ་བརྒྱུད་པའི་བསྐང་བ་བདུད་རྩིའི་རྒྱ་མཚོ། ༽ མཇུག་བྱང་དུ། གསང་མཆོག་སྒྲུབ་པའི་ལེའུ་ཕྲན་དུ། བརྒྱུད་རིམ་བླ་མའི་ཚོགས་བསྐང་འདི། །ཁོ་བོ་བསྟན་འཛིན་རྣམ་དག་གིས། །རང་གནས་ཧིམ་ལའི་གསེབ་ཏུ་བྲིས། །ཐ་ཚན་མུ་ཙུག་སྨར་རོ། །[30]ཞེས་གསུངས། བདུན་པ། ༼   རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཐུགས་དམ་བསྐང་བའི་ཡན་ལག་འདོད་འབྱུང་དབྱིག་གི་གཏེར་ཆེན། ༽ བརྒྱད་པ། ༼    གསང་མཆོག་མཆོད་པའི་ལས་བྱང་ལས་བཞི་འགྲུབ་པའི་སྦྱིན་སྲེག་འདོད་དགུ་འཇོ་བའི་གཏེར། ༽ དགུ་པ། ༼   མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས་གསང་མཆོག་རིག་པ་ཁུ་བྱུག་གི་དབང་བཞི་ཡེ་ཤེས་རྒྱ་མཚོ། ༽ མཇུག་བྱང་དུ། ཞེས་པའི་དབང་གི་ལས་བྱང་འདི་ཉིད་རྒྱུད་དོན་ལ་བློ་ཞིབ་ཏུ་འདྲིས་པར་བྱས་ནས་བཀོད་པའི་དབང་དུ་བྱས་ཀྱང་མ་རྟོགས་པ་དང་ལོག་རྟོག་པས་གཞུང་དོན་བསླད་པར་སྲིད་ཚེ་མཆོག་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྙིང་ནས་བཤགས་པ་བྱ་ཞིང་། འདི་ཉིད་རྩོམ་པའི་ཀུན་སློང་ཡང་གཞུང་ལུགས་བཟང་པོ་འདི་ལྟ་བུ་ཇི་སྲིད་བར་དུ་རྡུལ་གོས་སྐྱ་བོའི་རུམ་དུ་གཟིམས་པ་ལ་སྙིང་ནས་ཡི་མ་རངས་ཏེ། ཐ་ན་རྒྱུད་གཞུང་ཟབ་མོ་འདི་ཡི་མཚན་ཙམ་ཡང་འཇིག་རྟེན་འདིར་འགྲོ་བ་ཆེ་གེ་མོའི་ཁམས་སུ་ཡུན་རིང་དུ་བཞུགས་པའི་ཆེད་དུ་ཀུན་གྲུབ་རྒྱལ་སྲས་སམ་བསྟན་འཛིན་རྣམ་དག་པས་རང་གནས་གཉིས་པ་འཕགས་ཡུལ་ས་ཡི་ཆ་མཐོ་བའི་ཡུལ་གངས་ཅན་ཞིང་གི་ར་བ་དཀར་པོའི་ལྷོ་ཡི་རྒྱབ་དེ་མ་ཐག་ལས་མ་འགྱངས་པ་ཐོབ་རྒྱལ་གསར་པར། རབ་རྒྱལ་ཤིང་ཡོས་ལོ་ཡི་ཟླ་ཚེས་ལ་མཇུག་རྫོགས་པར་བྲིས་པའི་དགེ་བ་མཐའ་ཡས་པའི་མ་རྣམས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག ། [31]ཞེས་སྒྲུབ་གཞུང་འདི་ཉིད་བསྒྲིགས་དགོས་པའི་དགོས་པ་རྒྱུ་མཚན་བཅས་གསལ་བར་གསུངས་འདུག་ལ། འདི་ནི་ཟིན་བྲིས་ཙམ་མ་ཡིན་པར་གསང་སྔགས་མ་རྒྱུད་ལུགས་ཀྱི་དབང་གི་སྐོར་ནས། དབང་གི་རྒྱུ། ངོ་བོ། ངེས་ཚིག། དབྱེ་བ། རྣམ་གྲངས། བསྐུར་ཚུལ། ཐོབ་རྐྱེན། ལས། དབང་བསྐུར་ཐབས། དུས། རྟེན། དཔེ། ཕན་ཡོན། ཉེས་དམིགས་བཅས་དོན་བཅུ་བཞི་གསལ་པོར་གསུངས་ཡོད་ལ། འདི་ནི་གསང་སྔགས་ཀྱི་དབང་གི་སྐོར་ཤེས་འདོད་ཡོད་མཁན་ཚོས་ངེས་པར་གཟིགས་དགོས་པའི་དཔེ་ཆ་གལ་ཆེན་ཞིག་ཡིན་པས་ཐུགས་ལ་བཞེན་པར་ཞུ། བཅུ་པ། ༼   བརྒྱུད་ཙ་ཀླིའི་རྒྱབ་ཡིག། ༽ བཅུ་གཅིག་པ། ༼   གསང་མཆོག་སྒྲུབ་པའི་ཆ་ལག་བཀྲ་ཤིས་ཚིག་ཕྲེང་མུ་ཏིག་ཕྲེང་བ། ༽ བཅུ་གཉིས་པ། ༼   རབ་ཏུ་གནས་པའི་ཆོ་ག་བྱིན་རླབས་སྤྲིན་དཔུང་། ༽ བཅུ་གསུམ་པ། ༼   རིག་པ་ཁུ་བྱུག་གསང་བ་དབྱིངས་རོལ་གྱི་ལྷ་བཀོད། ༽ ལྷ་བཀོད་འདི་ནི་གསུང་འབུམ་པོད་དགུ་པ་ནང་འཁོད་ཡོད། ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་མཛད་རྣམ་རགས་བསྡུས་ལས། ཤིང་མོ་ཡོས་ཕྱི་ལོ་༡༩༧༥ལོར་གསང་མཆོག་རིག་པ་ཁུ་བྱུག་གི་སྒྲུབ་གཞུང་། མངོན་རྟོགས། བསྐང་བ་། རྒྱུད་བསྐང་། སྦྱིན་སྲེག། རབ་གནས། དབང་བཅས་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས་བཏུས་རྩོམ་བྲིས་གནང་། [32]ཞེས་གསལ་ལ། རྩོམ་འདི་ཚོ་ཚང་མ་ལོ་དེར་བྲིས་པ་ཡིན་མིན་མི་ཤེས་ལ། རྩོམ་དུས་གསལ་པོ་མེད་པ་དག་ད་ལན་རྩོམ་དུས་འབྲི་མ་ཤེས་ནས་ལུས། སྒྲུབ་གཞུང་འདི་ཉིད་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭ་བ་ཚོ་གསང་སྔགས་འཛིན་གྲྭ་ལ་ཐོག་མར་སླེབ་དུས་གཞུང་འདི་བསྲངས་ནས་ཚོགས་འཁོར་གཏོང་གི་ཡོད་རེད། སྔ་མ་ཁོ་བོ་གསང་སྔགས་འཛིན་གྲྭ་ནང་སླེབ་དུས་ཚོགས་འཁོར་གཏོང་སྐབས། སྒྲུབ་གཞུང་འདིའི་ཚོགས་འཁོར་འདོན་སྟངས་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་སྦྱོང་རྒྱུའི་སྐལ་པ་བཟང་པོ་བྱུང་ལ། སྐབས་དེ་དུས་རིན་པོ་ཆེ་ལ། གཞུང་འདི་གསང་བ་དབྱིངས་རོལ་རེད་ལབ་གི་འདུག། རིན་པོ་ཆེས་གཞུང་འདིའི་མཚན་ལ་གསང་བ་དབྱིངས་རོལ་གྱི་གཞུང་ཞེས་མཚན་གནང་མི་འདུག་ཅི་ཡིན་ནམ་ཞུས་པ་ཡིན། རིན་པོ་ཆེས་“གསང་བ་དབྱིངས་རོལ་རེད་ལབ་སྲོལ་ཡོད་རེད། གཞུང་གི་ནང་རིག་པ་ཁུ་བྱུག་ལས་གསང་བ་དབྱིངས་རོལ་གསུངས་མི་འདུག། དེའི་ཕྱིར་རིག་པ་ཁུ་བྱུག་ལས་གསང་བ་དབྱིངས་རོལ་ལབ་མེད་’’ཅེས་གསུངས་སོང་། གསང་བ་དབྱིངས་རོལ་ཡིན་པ་གསུང་མཁན་ཐོག་མ་གཤེན་ཉི་མ་རྒྱལ་མཚན་ཡིན་ལ། ང་ཚོར་འཆད་ར་ནང་དང་དཔེ་ཁྲིད་སྐབས་གཞུང་འདི་མ་རྒྱུད་གསས་མཁར་མཆོག་ལྔ་ནང་གི་གསང་བ་དབྱིངས་རོལ་གྱི་གཞུང་དེ་ཡིན་མིན་སྐོར་རྩོད་པ་དང་བགྲོ་གླེང་མང་པོ་བྱུང་བ་རེད། འདི་གསང་བ་དབྱིངས་རོལ་ཡིན་མིན་དང་སྔགས་ཡེ་གཤེན་ཆེན་པོའི་གཞུང་ཡིན་མིན་ལ་དཔྱད་བྱ་མང་ངོ་། ། ཡོངས་འཛིན་བླ་མའི་ཞལ་ནས། འདི་ལྟའི་གཞུང་དོན་དཔྱད་ལས་ཐོན་པའི་གཏེར། །རྣམ་བཤད་ཟོལ་མེད་གསེར་གྱི་ཕྲེང་བ་གང་། །སྨྲ་དབང་མཁས་པའི་མགུལ་གྱི་རྒྱན་འོས་ཀྱང་། །འགྲོ་བ་ཕལ་གྱིས་ཟན་རྡོག་གཅིག་ལས་ལོད་། །[33]ཅེས་གསུངས་པ་བཞིན། རིན་པོ་ཆེའི་གསུང་རྩོམ་འདི་ཚོ་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པ་ཚད་ལྡན་ཚོའི་གསུང་ལ་རྒྱབ་རྟེན། ཚུལ་གསུམ་ཚད་མ་རིག་པའི་ལམ་ནས་རྣམ་དཔྱོད་ཡང་དག་པའི་བློ་གྲོས་ཀྱིས་ཞུན་འཐར་བྱས་པའི་ལེགས་བཤད་གསེར་གྱི་ཕྲེང་བ་ཁོ་ནར་ཡིན་ལ། འདི་དག་དཔྱོད་ལྡན་མཁས་པ་རྣམས་ཀྱི་མགྲིན་རྒྱན་དང་བསྟན་པའི་གསལ་བྱེད་འབའ་ཞིག་ལགས་ཀྱང་། རྣམ་འབྱེད་ཀྱི་ཤེས་རབ་བྲལ་ཞིང་གཞུང་ཆེན་ལ་བློ་མིག་ལྡོང་བའི་ཚུར་མཐོང་གི་སྐྱེ་བོ་དག་ལ་རིན་པོ་ཆེའི་གསུང་འབུམ་པོད་ཉེར་གཉིས་ཅན་ཚར་གཅིག་སྤྲད་པ་ལས་ཤ་མོག་མོག་སྡེར་མ་གང་སྤྲད་ན་ངོ་སོ་ཆེ་བས་དེ་ཚོ་ལ་ནི་གཞུང་ཆེན་འདི་འདྲ་དགོས་པ་ཆུང་ངོ་། །

 གསུམ་པ་དབང་བསྐུར་བྱིན་རླབས་ཀྱིས་རྒྱུད་པའི་ཉག་ཐག་མཐུད་པའི་སྐོར།

 

  ༼   གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ༽ ཟབ་མོའི་ལམ་སྒོ་དབང་གིས་དབྱེ། །དབང་བཞི་མེད་པའི་རྣལ་འབྱོར་ནི། །སྐས་མེད་ཐོག་ཁར་མཆོང་པ་འདྲ། །ཡ་ཐོད་མེད་པའི་མ་མགལ་དང་། །ལག་གཡས་མེད་པའི་གཡོན་པ་བཞིན། །ཟབ་མོའི་ལམ་སྒོར་འཇུག་མི་ནུས། ། [34]ཞེས་གསུངས་པ་ལྟར། གསང་སྔགས་ཀྱི་སྒོ་རུ་འཇུག་པ་དང་། གསང་སྔགས་སྒྲུབ་པ་ལ་དབང་མེད་ཐབས་མེད་པ་ཡིན། དེའི་ཕྱིར་ཡོངས་འཛིན་རིན་པོ་ཆེས་མ་རྒྱུད་ཀྱི་དབང་རྩ་ཆེན་བརྩིས་གནང་སྟེ་རིན་པོ་ཆེ་ཡིས་ཚུར་མ་རྒྱུད་ཀྱི་དབང་བཞི་ལེན་གཉིས་ཙམ་ཞུས་པ་དང་། དབང་གི་རྒྱུད་པ་མི་ཆད་པའི་ཆེད་དུ་མ་རྒྱུད་ཀྱི་དབང་ཡང་ལེན་མང་གནང་། དེ་ཡང་ཐོག་མར་བོད་མེ་ཡོས་ཕྱི་ལོ་༡༩༨༧ལོར་གསང་མཆོག་རིག་པ་ཁུ་བྱུག་གི་དབང་གནང་། བོད་ས་འབྲུག་ཕྱི་ལོ་༡༩༨༨ལོའི་ཟླ་༣ ཚེས་༢༦ནས་ཟླ་བ་ ༤ ཚེས་༡ བར་བྱེས་ཀྱི་གདན་ས་སྨན་རིའི་གླིང་དུ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་གཙོས་འདུས་མང་ལ་མ་རྒྱུད་ཀྱི་དབང་བཞི་གནང་། བོད་ཆུ་ཕོ་སྤྲེལ་ཕྱི་ལོ་༡༩༩༢ལོར་རིན་པོ་ཆེ་བོད་ལ་ཕེབས་ཐེངས་གཉིས་པའི་སྐབས་སྤ་ཚང་དགོན་དུ་མ་རྒྱུད་ཀྱི་དབང་བཞི་གནང་བ་དང་། ཁྱད་པར་དུ་མ་རྒྱུད་ཀྱི་དབང་བཞི་འདི་ཉིད་རྒྱལ་བ་གཤེན་ཚང་ནས་རིན་པོ་ཆེ་ལ་བརྒྱུད་པ་ཡིན་ལ། དུས་འགྱུར་རྗེས་སུ་རིན་པོ་ཆེ་བོད་ལ་ཕེབས་ཐེངས་གཉིས་པའི་སྐབས་སུ་ནག་ཆུ་ལ་ཕེབས་དུས་སྤྲུལ་སྐུ་བསྟན་པའི་ཉི་མའི་ནང་གཤེན་སྲས་ནོར་བུ་དབང་རྒྱལ་ཡབ་སྲས་ལ་མ་རྒྱུད་ཀྱི་དབང་བཞི་གནང་སྟེ་རྒྱལ་བ་གཤེན་ཚང་གི་མ་རྒྱུད་ཀྱི་དབང་བཞིའི་བརྒྱུད་པ་མཐུད་མཛད། བོད་ཤིང་ཕག་ཕྱི་ལོ་༡༩༩༥ལོར་ཁྲི་བརྟན་ནོར་བུའི་རྩེ་རུ་ཕྱི་རྒྱལ་གྱི་སློབ་མ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མ་རྒྱུད་ཀྱི་དབང་བཞི་གནང་སྟེ་གཏང་རག་གི་ཚོགས་འཁོར་གྲ་རྒྱས་པ་ཕུལ། སླར་ཡང་བོད་ས་སྟག་ཕྱི་ལོ་༡༩༩༨ལོར་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་ཕྱི་ཡི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་སློབ་མ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མ་རྒྱུད་ཕྱི་ནང་གསང་བའི་བཀའ་དབང་གནང་། བོད་ལྕགས་མོ་སྦྲུལ་ཕྱི་ལོ་༢༠༠༡ལོར་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་གསང་མཆོག་རིག་པ་ཁུ་བྱུག་གསང་བ་དབྱིངས་རོལ་དང་། མ་རྒྱུད་ཐུགས་རྗེ་ཉི་མའི་དབང་བཞི་བཅས་བཀའ་དབང་སྣ་ཁ་བརྒྱད་ཅུ་རྩ་དྲུག་ཙམ་གནང་། ཁོ་བོ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་སླེབས་རྗེས་བོད་ས་ཕག་ཕྱི་ལོ་༢༠༡༩ལོར་རིན་པོ་ཆེས་མ་རྒྱུད་ཐུགས་རྗེ་ཉི་མའི་དབང་བཞི་དང་། གསང་བ་དབྱིངས་རོལ་གྱི་དབང་སོགས་བཀའ་དབང་སྣ་ཁ་བཅུ་གསུམ་ཙམ་གནང་བ་དག་ཁོ་བོས་ཞུ་རྒྱུའི་སྐལ་པ་བཟང་པོ་ཞིག་ཚེས་སོང་། ཕྱི་ཡི་རྒྱལ་ཁབ་ཧྥ་རན་སིས་གཤེན་བསྟན་དར་རྒྱས་གླིང་དུ་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༠༨ ཚེས་༡༠ནས་༡༡བར་གཤེན་ཉི་མས་མཛད་པའི་གསང་སྔགས་མ་རྒྱུད་ཀྱི་དབང་ཆོག་བདེ་བའི་ཡན་ལག་སྣང་བ་རྩལ་གྱི་འཁོར་ལོ་ལྟར་དབང་གནང་[35]སྟེ་མདོར་ན་མ་རྒྱུད་ཀྱི་དབང་ཐེངས་བརྒྱད་ཙམ་གནང་བ་དང་། མ་རྒྱུད་ཀྱི་བཀའ་ཁྲིད་ཡང་ལན་མང་གནང་སྟེ་མ་རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་གྱི་རྒྱུད་པ་ཆ་ཚང་མི་ཡུལ་དུ་རྗེས་བཞག་མཛད། དེ་ལྟར་གསང་ཆེན་མ་རྒྱུད་བསྟན་པའི་གསལ་བྱེད་གནང་བའི་ཚུལ་འདིར་གཟིགས་ན་ཡི་དམ་གསང་མཆོག་རྒྱལ་པོ་སྐུ་དངོས་སུ་མི་ཡུལ་དུ་ཕེབས་ན་འདི་ལས་ལྷག་པ་ཞིག་བྱེད་ཐབས་མེད་པ་རེད། ཁྱད་པར་དུ་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་སློབ་གླིང་འདི་ནི་སྔར་རྒྱལ་གཤེན་མི་ལུས་བསལ་ལེགས་ཞལ་བཞུགས་པའི་སྐབས་ཀྱི་རྒྱ་མཁར་བར་ཆོད་གཉིས་པ་ལྟ་བུ་ཆགས་ཏེ། གསང་ཆེན་མ་རྒྱུད་རྒྱལ་བ་རྒྱ་མཚོའི་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་སྒྲུབ་ཀྱི་སྒྲ་དབྱངས་འུར་དིར་རེ་སྒྲོག་པའི་ཞིང་ཁམས་ཞིག་ཏུ་གྱུར་པ་འདི་སྨྲ་བའི་སེང་གེ་ཡོངས་འཛིན་བླ་མའི་བྱིན་རླབས་ཀྱི་ཚན་ཚ་དངོས་སུ་བརྡོལ་བའི་བཀའ་དྲིན་ཉག་གཅིག་ཡིན། ཚུལ་འདི་ལ་ཞིབ་ཏུ་བསམ་ན་ཕ་གཅིག་ཡོངས་འཛིན་བླ་མ་ནི་ཡི་དམ་གསང་མཆོག་རྒྱལ་པོ་རྣམ་པ་མི་གཟུགས་སུ་བྱོན་པ་ཞིག་ལོས་ཡིན་སྙམ་པའི་དད་གུས་རང་དབང་མེད་པ་སྐྱེ་ཡོང་གི་འདུག་གོ། །

སླར་སྨྲས་པ།

 ས་རྡོ་ཐོད་པས་བརྡུང་ནས་གོག་པ་དང་། །

གསེར་བཅོག་དངུལ་རྡུང་རེམ་པའི་དགེ་སྦྱོར་ལས། །

གསུང་རྩོམ་འདི་འདྲ་ལེན་གཅིག་མཇལ་བ་ཡི། །

བསོད་ནམས་ཆེ་སྙམ་བདག་གིས་འདི་བདམ་མོ། །

 

ཚེ་དབང་རིག་འཛིན་དྲང་སྲོང་ཆ་བྱད་ཅན། །

ཚེ་ལོ་བརྒྱ་པའི་བསྟན་བདག་སྨན་རི་བ། །

ཚེ་རིང་ལོ་བརྒྱར་ཕེབས་པའི་སྐལ་བཟང་ཉིན། །

ཚེ་སྒྲུབ་དོད་དུ་རྟོགས་བརྗོད་འདི་ཉིད་བྱས། །

 

འདི་བྱས་རྣམ་དཀར་དགེ་བའི་ཁྲུས་ཆབ་ཀྱིས། །

བདག་བློའི་སྣོད་ཀྱི་དྲི་མ་ཡོངས་བསལ་ཏེ། །

དྲིན་ཆེན་བླ་མའི་གསང་གསུམ་བྱིན་རླབས་ཀུན། །

ཉིད་ཀྱི་རྒྱུད་ལ་མྱུར་དུ་འཕོ་བར་སྨོན། །

 

ཞེས་ཕ་གཅིག་ཡོངས་འཛིན་བླ་མས་གསང་ཆེན་མ་རྒྱུད་ཀྱི་བསྟན་པའི་གསལ་བྱེད་གནང་ཚུལ་གྱི་རྟོགས་པ་བརྗོད་པ་འདི་ཉིད་རིན་པོ་ཆེ་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་དགྱེས་སྟོན་སྐབས། དཔོན་གསས་བླ་མ་ཐུགས་མཉེས་ན། །བསོད་ནམས་ཚོགས་ཀྱི་མཐར་ཐུག་ཡིན། །གསུངས་པ་བཞིན་རིན་པོ་ཆེ་མཆོག་སྐུ་ཚེ་མི་ཤིགས་གཡུང་དྲུང་ཁམས་སུ་བརྟན་པའི་བརྟན་བཞུགས་དོད་དུ་རབ་ཤེས་རབ་ཀྱི་མཆོད་པའི་ཚུལ་དུ་དམ་པ་གང་གི་སྐྱབས་འོག་ཏུ་ཚུད་པའི་ཀློག་པ་པོ་དགེ་བཤེས་ཁྱུང་ཁྲི་ལྡེས་ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༡༢ ཚེས་༡༤ཉིན་རང་ཤག་དཔེ་ཀློག་ར་བའི་ལྡིང་ཁང་ནས་མཇུག་རྫོགས་པར་བྲིས་པས་རྩ་བའི་བླ་མའི་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་རྒྱུ་རུ་གྱུར་ཅིག་གུ།། །།

དཔྱད་གཞིའི་ཡིག་ཆ།

མ་རྒྱུད་གཞི་སངས་རྒྱས་རྒྱུད་གསུམ། བཀའ།

མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད། བཀའ།

ཡེ་ཤེས་ཐེག་ལེའི་འགྲེལ་པ་ཀུན་གཞི་ཡེ་ཤེས་ལྷུན་གྲུབ། མཛད་པ་པོ། རྒྱལ་གཤེན་མི་ལུས་བསམ་ལེགས།

རྒྱལ་གཤེན་གྱི་དབང་ལུང་ཐོབ་ཚུལ་ལྟ་བའི་གཤེན་གླུ།  མཛད་པ་པོ། རྒྱལ་གཤེན་མི་ལུས་བསམ་ལེགས།

སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར།

མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཉིས་པ། བཀའ།

གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག མཛད་པ་པོ། མཉམ་མེད་ཤེས་རབ་རྒྱལ་མཚན།

ཤར་རྫ་རིན་པོ་ཆེའི་སྡེ་སྣོད་མཛོད།

ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ། རྗེ་བླ་མ་ངེས་པ་དོན་གྱི་མངའ་བདག་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་པའི་མཛད་བཟང་བསྐྱངས་ནས་བགྲང་བྱ་བཅུ་ཕྲག་བརྒྱད་ལ་ཕེབས་པའི་བར་གྱི་མཛད་རྣམ་རགས་བསྡུས། བསྒྲིགས་པ་པོ་རྣམ་ཐར་རྩོམ་སྒྲིག་ཚོགས་ཆུང་།

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་ལོ་རྒྱུས་ཕྱོགས་སུ་བསྡུས་པ་རབ་གསལ་མེ་ལོང་། སྒྲིག་པ་པོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན།

 [1] ཁོ་བོའི་མ་རྒྱུད་ཀྱི་དཔེ་ཚོགས་དཔེ་རིང་རྒྱལ་གཤེན་གྱི་དབང་ལུང་ཐོབ་ཚུལ་ལྟ་བའི་གཤེན་གླུའི་ཤོག་གྲངས་༥རྒྱབ་ལོག་ནང་གསལ།

[2] འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པའི་གཟི་བརྗིད་རབ་ཏུ་འབར་བའི་མདོ། པོད་བཅུ་གཅིག་པ། རྒྱ་གར་སྨན་རི་དགོན་ནས་༢༠༡༦ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ་ཤོག་གྲངས་༢༨༦ལས་གསལ།

[3] འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པའི་གཟི་བརྗིད་རབ་ཏུ་འབར་བའི་མདོ། པོད་བཅུ་གཅིག་པ། རྒྱ་གར་སྨན་རི་དགོན་ནས་༢༠༡༦ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ་ཤོག་གྲངས་༢༨༧ལས་གསལ།

[4] འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པའི་གཟི་བརྗིད་རབ་ཏུ་འབར་བའི་མདོ། པོད་བཅུ་གཅིག་པ། རྒྱ་གར་སྨན་རི་དགོན་ནས་༢༠༡༦ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ་ཤོག་གྲངས་༢༩༤ལས་གསལ།

[5] འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པའི་གཟི་བརྗིད་རབ་ཏུ་འབར་བའི་མདོ། པོད་བཅུ་གཅིག་པ། རྒྱ་གར་སྨན་རི་དགོན་ནས་༢༠༡༦ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ་ཤོག་གྲངས་༢༩༠ལས་གསལ།

[6] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་ཞུས་པའི་ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ནང་གི་སྨིན་ལམ་རིན་པོ་ཆེའི་མཆན་འགྲེལ་ཤོག་གྲངས་༡༩༠ལས་གསལ།

[7] སི་ཁྲོད་མི་རིགས་དཔེ་སྐུན་ཁང་ནས་དཔར་བསྐྲུན་ཞུས་པའི་ཤར་རྫའི་གསུང་འབུམ་པོད་བདུན་པའི་ནང་གི་སྡེ་སྣོད་མཛོད་ཀྱི་རྩ་བ་ཤོག་གྲངས་༡༡༢ལས་གསལ།

[8] ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ཤོག་གྲངས་༨༤ལས་གསལ།

[9] ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ཤོག་གྲངས་༩༤ལས་གསལ།

[10] ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ཤོག་གྲངས་༡༨༦ལས་གསལ།

[11] གཡུང་དྲུང་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་ཤོག་གྲངས་༧ལས་གསལ།

[12] གཡུང་དྲུང་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་ཤོག་གྲངས་༡༦༥ལས་གསལ།

[13] ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ཤོག་གྲངས་༣༢༨ལས་གསལ།

[14] ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ཤོག་གྲངས་༣༧༤ལས་གསལ།

[15] ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ཤོག་གྲངས་༣༨༠ལས་གསལ།

[16] ཡོངས་འཛིན་གསུང་འབུམ་པོད་བཅོ་བརྒྱད་པའི་ཤོག་གྲངས་༤༤༣ལས་གསལ།

[17] ཡོངས་འཛིན་གསུང་འབུམ་པོད་བདུན་པའི་ཤོག་གྲངས་༨༤ལས་གསལ།

[18] ཡོངས་འཛིན་གསུང་འབུམ་པོད་བདུན་པའི་ཤོག་གྲངས་༨༦ལས་གསལ།

[19] ཁོ་བོའི་མ་རྒྱུད་ཀྱི་དཔེ་ཚོགས་དཔེ་རིང་ཤོག་གྲངས་༨༢ཀྱི་ཤོག་ངོས་ལས་གསལ།

[20] ཡོངས་འཛིན་གསུང་འབུམ་པོད་བརྒྱད་པའི་ལྷ་བཀོད་སྟོད་ཆའི་ཤོག་གྲངས་༣ལས་གསལ།

[21] ཡོངས་འཛིན་གསུང་འབུམ་པོད་བཅུ་པའི་ལྷ་བཀོད་སྨད་ཆའི་ཤོག་གྲངས་༢༡༤ལས་གསལ།

[22] ཡོངས་འཛིན་གསུང་འབུམ་པོད་བཞི་པའི་ཤོག་གྲངས་༤༢ལས་གསལ།

[23] ཡོངས་འཛིན་གསུང་འབུམ་པོད་ཉི་ཤུ་པའི་ཤོག་གྲངས་༢༥༨ལས་གསལ།

[24] ཡོངས་འཛིན་གསུང་འབུམ་པོད་ཉི་ཤུ་པའི་ཤོག་གྲངས་༣༠༠ལས་གསལ།

[25] ཡོངས་འཛིན་གསུང་འབུམ་པོད་ཉི་ཤུ་པའི་ཤོག་གྲངས་༣༠༩ལས་གསལ།

[26] ཡོངས་འཛིན་གསུང་འབུམ་པོད་ཉེར་གཅིག་པའི་ཤོག་གྲངས་༢༤ལས་གསལ།

[27] ཡོངས་འཛིན་གསུང་འབུམ་པོད་ཉེར་གཅིག་པའི་ཤོག་གྲངས་༤༢ལས་གསལ།

[28] ཡོངས་འཛིན་གསུང་འབུམ་པོད་ཉེར་གཅིག་པའི་ཤོག་གྲངས་༤༦ལས་གསལ།

[29] ཡོངས་འཛིན་གསུང་འབུམ་པོད་ཉེར་གཅིག་པའི་ཤོག་གྲངས་༡༠༠ལས་གསལ།

[30] ཡོངས་འཛིན་གསུང་འབུམ་པོད་ཉེར་གཅིག་པའི་ཤོག་གྲངས་༡༠༣ལས་གསལ།

[31] ཡོངས་འཛིན་གསུང་འབུམ་པོད་ཉེར་གཅིག་པའི་ཤོག་གྲངས་༡༤༨ལས་གསལ།

[32] རྗེ་བླ་མ་ངེས་པ་དོན་གྱི་མངའ་བདག་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་པའི་མཛད་བཟང་བསྐྱངས་ནས་བགྲང་བྱ་བཅུ་ཕྲག་བརྒྱད་ལ་ཕེབས་པའི་བར་གྱི་མཛད་རྣམ་རགས་བསྡུས། ༢༠༠༥ལོར་ཁྲི་བརྟན་ནོར་བུའི་རྩེ་ནས་རྣམ་ཐར་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས་པ། ཤོག་གྲངས་༥༣ལས་གསལ།

[33] ཡོངས་འཛིན་གསུང་འབུམ་པོད་བཅུ་དྲུག་པ་བཀའ་འགྲེལ་གསལ་བྱེད་ཤོག་གྲངས་༢༦༣ལས་གསལ།

[34] ༢༠༠༤ལོར་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་དཔར་བསྐྲུན་ཞུས་པའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལས་སློབ་གཉེར་ཁང་གི་ཚོགས་འདོན་མདོ་སྔགས་སེམས་གསུམ་གྱི་རྩ་གཞུང་ཤོག་གྲངས་༢༥༨ལས་གསལ།

[35]གཤེན་བསྟན་དར་རྒྱས་གླིང་དུ་མ་རྒྱུད་ཀྱི་དབང་གནང་བའི་དུས་ཚོད་དེ་དགེ་བཤེས་བསམ་གཏན་གཙུག་ཕུད་བརྒྱུད་ནས་སྐབས་དེ་དུས་ཀྱི་ལོ་རེའི་ལས་འཆར་བཀོད་སྒྲིག་པ་ཕུ་ལོར་ཧྲིང་སི་ལ་དྲི་བ་ཞུས་པའི་ལན། Immediately following the summer retreat, on August 11, Yongdzin Rinpoche bestowed the Magyu initiation at the request of Sophie Frisch and the Shenten Sangha. The initiation was preceded by the longest Ganapuja ever held at Shenten with a duration of nine hours. Two-hundred-and-eight people were present to receive initiation. ཁོང་གིས་བཏང་བ་ལྟར་བཀོད་ཡོད།

(སྤྱིའི་གཟིགས་གྲངས། 267 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧གདན་ས་ཁྲི…
error: རྩོམ་འདི་བདག་དབང་ཅན་ཡིན།