གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་གི་ལོ་མཇུག་ཚོགས་འདུ་དང་བཙའ་སྐྱོང་ལྷན་ཚོགས་བརྗེ་ལེན།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་གི་༢༠༢༥ལོའི་ལོ་མཇུག་ཚོགས་འདུ་དང་། སྐབས་བཅུ་པའི་བཙའ་སྐྱོང་ལྷན་ཚོགས་དང་སྐབས་བཅུ་གཅིག་པའི་བཙའ་སྐྱོང་ལྷན་ཚོགས་ལས་བྱེད་བརྗེ་ལེན་གྱི་ཚོགས་འདུ་མཉམ་དུ་ཕྱི་ལོ་༢༠༢༦ལོའི་ཟླ་བ་༣པའི་ཚེས་༢༠ཉིན་འཚོགས་ཡོད།
ལོ་ལྟར་བཞིན་གྲྭ་ཚང་གི་ལོ་མཇུག་ཚོགས་འདུ་དེ་ཕྱི་མའི་ལོ་མགོར་འཚོག་གི་ཡོད་པ་དང་། བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་གྲྭ་མང་ནས་འོས་འདེམས་ཀྱིས་བསྐོས་རྒྱུའི་རྩ་ཁྲིམས་ལྟར། སྐབས་བཅུ་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་ཕྱི་ལོ་༢༠༢༣ལོ་ནས་ལོ་གསུམ་རིང་ཕྱག་ལས་ཧུར་ཐག་གནང་སྟེ། ༢༠༢༥ལོ་འདིར་དངོས་སུ་མཇུག་ལེགས་པར་གྲུབ་པ་དང་ལྷན། སྐབས་བཅུ་གཅིག་པའི་བཙའ་སྐྱོང་ལྷན་ཚོགས་འོས་ཐོབ་བྱུང་བ་རྣམས་ཀྱི་༢༠༢༦ལོ་འདི་ནས་ལས་ཀ་དངོས་སུ་མགོ་བཙུག་དགོས་སྟབས། ད་ལན་སྐབས་གོང་འོག་གཉིས་ཀྱི་ལས་བྱེད་བརྗེ་ལེན་གྱི་ཚོགས་འདུ་དང་གྲྭ་ཚང་གི་ལོ་འཇུག་ཚོགས་འདུ་མཉམ་དུ་ཕྱི་ལོ་༢༠༢༦ལོའི་ཟླ་བ་༣པའི་ཚེས་༢༠ཉིན་འཚོགས་ཡོད།
ཞོགས་པའི་ཆུ་ཚོད་༧། ༣༠ཐོག་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག དགེ་རྩ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས། བཙའ་སྐྱོང་ལྷན་ཚོགས་སྐབས་གོང་འོག་གཉིས་ཀྱི་ལས་བྱེད། དགེ་རྒན་ལྷན་ཚོགས། དེ་བཞིན་དགེ་བཤེས་དང་སྒྲུབ་ཐོན་པ་རྣམ་པ། གྲྭ་མང་བཅས་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་དུ་འདུ་འཛོམས་གནང་རྗེས་
ཐོག་མར་སྐབས་བཅུ་པའི་དྲུང་ཡིག་ཆེན་མོ་དགེ་བཤེས་ཡོན་ཏན་རྒྱ་མཚོ་ལགས་ནས་མཛད་རིམ་སྒྲོག་སྦྱོང་གནང་།
དེ་ནས་མཛད་རིམ་ལྟར་ཐོག་མར་སྐབས་བཅུ་པ་དང་སྐབས་བཅུ་གཅིག་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་བརྗེ་ལེན་གནང་སྟེ་སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་ནས་མགུལ་དར་གསོལ།
དེ་ནས་སྐབས་བཅུ་པའི་སྤྱི་གཉེར་ཆེན་མོ་དགེ་བཤེས་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་ལོ་རེའི་གྲྭ་ཚང་གི་དུང་པ་ཇ་འདྲེན་དང་མཆོད་མེ་བླུག་མཁན། མཆོད་དཔོན་དང་མཆོད་གཡོག་སོགས་བརྗེ་ལེན་གནང་སྟེ་མཚན་ཐོ་སྒྲོག་སྦྱོང་གནང་།
དེ་རྗེས་དགེ་རྩ་ཚོགས་པའི་དྲུང་ཆེ་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་ལོ་གསུམ་རིང་གྲྭ་ཚང་གི་རྩིས་ཁྲ་འགྲོ་གྲོན་དང་ཡོངས་འབབ་གྲྭ་ཚང་ལ་སྙན་གསན་ཞུས།
དེ་ནས་མཛད་རིམ་ལྟར་སྐབས་བཅུ་གཅིག་པའི་ལས་བྱེད་འོས་ཐོབ་བྱུང་བ་འཕྲོད་བསྟེན་འགན་འཛིན་དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་ལགས་དང་། དྲུང་ཡིག་ཆེན་མོ་དགེ་བཤེས་ཁྲི་གཙུག་བསྟན་པ། མགྲོན་གཉེར་ཆེན་མོ་སློབ་གཉེར་བ་ལུང་རྟོགས་དཔལ་ལྡན་དོལ། ཚོགས་ཆེན་དབུ་མཛད་སློབ་གཉེར་བ་གཡུང་དྲུང་ཚེ་རིང་ལགས། ཚོགས་ཆེན་དགེ་སྐོས་དགེ་བཤེས་བསྟན་འཛིན་ལྷུན་གྲུབ་ལགས། སྤྱི་གཉེར་ཆེན་མོ་དགེ་བཤེས་ཁྲི་ལྡེ་གཙུག་བརྟན་ལགས་བཅས་ནས་རིམ་པར་གསུང་བཤད་མདོར་བསྡུས་གནང་།
དེ་རྗེས་ལས་འགན་མཇུག་གྲུབ་པའི་སྐབས་བཅུ་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་འཕྲོད་བསྟེན་འགན་འཛིན་སྒྲུབ་ཐོན་པ་བཀྲ་ཤིས་འོད་ཟེར་ལགས་དང་། དྲུང་ཡིག་ཆེན་མོ་དགེ་བཤེས་ཡོན་ཏན་རྒྱ་མཚོ་ལགས། མགྲོན་གཉེར་ཆེན་མོ་དགེ་བཤེས་གཙུག་ཕུད་དབང་རྒྱལ་ལགས། ཚོགས་ཆེན་དབུ་མཛད་དགེ་བཤེས་གཡུང་དྲུང་གཙུག་ཕུད་ལགས། ཚོགས་ཆེན་དགེ་བསྐོས་དགེ་བཤེས་དགེ་ལེགས་དཔལ་འབྱོར་ལགས། གྲྭ་ཚང་སྤྱི་གཉེར་ཆེན་མོ་དགེ་བཤེས་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་བཅས་ནས་རིམ་པར་རང་རང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཉམས་མྱོང་ཕྱོགས་བསྡུས་ཀྱི་བཀའ་སློབ་སྙིང་བསྡུས་གནང་།
དེ་ནས་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་དང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་པ་ནས་རིམ་པར་སྐབས་བཅུ་པ་དང་བཅུ་གཅིག་པའི་ལས་བྱེད་རྣམ་པ་དང་འདུས་མང་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད།
དེ་རྗེས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་སྡེ་ཚན་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་གསུང་བཤད་གནང་།
མཐར་དགེ་རྩ་ཚོགས་པའི་དྲུང་ཆེ་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་མཇུག་བསྡོམ་གྱི་གསུང་བཤད་ཟབ་རྒྱས་གནང་རྗེས། ཚོགས་འདུའི་གཙོ་སྐྱོང་བ་དྲུང་ཡིག་ཆེན་མོ་དགེ་བཤེས་ཡོན་ཏན་རྒྱ་མཚོ་ལགས་ནས་ཁ་དགེ་བཀྲ་ཤིས་ཀྱི་སྨོན་ཚིག་བཟང་པོས་མཛད་རིམ་ལེགས་པར་མཇུག་བསྡུས། དེ་ལྟར་ཐེངས་འདི་ཡི་༢༠༢༥ལོའི་ལོ་མཇུག་ཚོགས་འདུ་དང་སྐབས་བཅུ་པ་དང་སྐབས་བཅུ་གཅིག་པའི་བཙའ་སྐྱོང་ལྷན་ཚོགས་ལས་བྱེད་བརྗེ་ལེན་གྱི་ཚོགས་འདུ་དེ་ཉིད་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༦ ༣ ༢༠ ཉིན་སྤེལ།
པར་ལེན་པ་ཁྱུང་ཐོག་རྒོད།
