སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྐབས་བཅུ་གཉིས་པའི་སྨན་པ་སློབ་ཐོན་གྱི་མཛད་སྒོ།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༦ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དཀའ་བཅུ་པའི་སྨན་པ་བསོད་ནམས་ཚེ་རིང་ལགས་སྨན་རམས་པའི་སློབ་གཉེར་མཐར་སོན་གྱི་ཕྱག་འཁྱེར་དང་། སྨན་སློབ་ཚེ་རིང་བདེ་སྐྱིད་དང་། སྨན་སློབ་ཤེས་རབ་བྱམས་མ། སྨན་སློབ་པ་སངས་དབང་མོ། སྨན་སློབ་བརྩོན་འགྲུས་བྱམས་མ། སྨན་སློབ་སྨན་ཆུང་མཚོ་མོ་བཅས་ལ་སྨན་པ་དཀའ་བཅུ་པའི་ཕྱག་འཁྱེར་གནང་རྒྱུའི་མཛད་སྒོ་དང་འབྲེལ།
ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ཐོག་སྐུ་མགྲོན་རྣམ་པ་ཚོགས་ཁང་དུ་འདུ་འཛོམས་གནང་། སྐུ་མགྲོན་རྣམས་ཞབས་སོར་འཁོད་པ་དང་སྐྱ་སེར་ཡོངས་ལ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ནས་སངས་རྒྱས་སྨན་ལྷའི་ཇ་མཆོད་གསུངས།
གཙོ་སྐྱོང་པ་དགེ་བཤེས་ཡོན་ཏན་རྒྱ་མཚོ་ལགས་ནས་འཚམས་འདྲི་དང་འབྲེལ་མཛད་རིམ་སྒྲོགས་སྦྱང་གནང་།
སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་དབུ་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་མཆོག་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་སྦྱོང་བྱེད་ཕྱོགས་སྐོར་དང་གང་སྦྱང་བ་དེའི་ཐོག་ནས་ཕྱག་ལས་གནང་གལ་ཆེ་ཚུལ་སྐོར་གསུང་བཤད་གནང་།
༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་སྨན་རམས་པ་དང་སྨན་པ་བཀའ་བཅུ་པའི་སྨན་པའི་ཕྱག་འཁྱེར་བསྩལ་གནང་།
བལ་ཡུལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱལ་སྤྱི་གསོ་བ་རིག་པའི་མཐོ་སློབ་ཀྱི་དབུ་འཛིན་སྨན་པ་བསྟན་འཛིན་དར་རྒྱས་མཆོག་ནས་གསོ་བ་རིག་པ་གལ་ཆེ་ཚུལ་སྐོར་དང་ལྷག་དོན་སྲོལ་རྒྱུན་གྱི་སྨན་པའི་ཉམས་ལེན་འབྱོར་བ་གལ་ཆེ་བའི་སྐོར་གསུང་བཤད་གནང་། ཧི་མ་ལ་ཡའི་ཨེམ་ཆི་ཚོགས་པའི་དྲུང་ཆེ་ཚེ་དབང་ནོར་བུ་ལགས་ནས་གསུང་བཤད་གནང་།
སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་རྩོམ་དེབ་འདོན་ཐེངས་བདུན་པ། ༼དཔྱད་བུ་ཁྲི་ཤེས།༽དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སྨན་རམས་པ་བསོད་ནམས་ཚེ་རིང་ལགས་ཀྱི་རྩོམ་དེབ་༼ནད་སྟོང་གསལ་བའི་མེ་ལོང་༽བཅས་རིམ་བཞིན་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་རྒྱུ།
དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་རྩ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་འབུམ་བཞིའི་འགན་འཛིན་ཡོངས་ནས་ཕྱག་ལས་གནང་ཕྱོགས་འབྲེལ་བའི་གསུང་བཤད་གནང་།
སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་དགེ་རྒན་ཆེན་མོ་གནམ་གསས་གྲགས་པ་མཆོག་ནས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་མཛད་སྒོ་མཇུག་བསྡོམས་གནང་ནས་སྐུ་མགྲོན་རྣམ་པ་དང་སློབ་ཐོན་པ་རྣམས་མཉམ་བཞུགས་ཐོག་སྐུ་པར་བསྒྲོན་པ་དང་འབྲེལ་ཡོད་ཀུན་གྱིས་རྟེན་འབྲེལ་མགུལ་གསོལ་བསྩལ་གནང་བ་བཅས་ཀྱི་གནས་བསྡུས་སུ་
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༣༠༣༦ ༣ ༢༦ ཉིན།
པར་ལེན་པ། ཁྱུང་ཐོག་རྒོད།
