ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྱུང་པོའི་དྲ་བའི་ཤིས་བརྗོད་སྨོན་ཚིག

ཁྱུང་པོའི་དྲ་བའི་རྩོམ་སྒྲིག་ཁང་ནས་མེ་ལོང་ཡེ་ཤེས་དྲྭ་བ་ལ་ཕུལ་བའི་མཆོད་དབྱངས།

བསྐལ་ཆེན་སྒྲོན་མེ་འབར་བའི་ཁང་བཟང་དུ།།
གཤེན་ཆེན་སྟོན་པས་བསྟན་པ་རྗེས་སུ་བཞག།
ས་ཆེན་ལྷོ་གླིང་སྲིད་པ་སྔ་ནས་ཆགས།།
སྐལ་བཟང་རྫོགས་ལྡན་བསུ་བའི་དུས་འདིར་ཚེས།།

ཟབ་མོ་བརྒྱད་ཁྲི་སྟོང་གི་བོན་སྒོ་དང་།།
ངེས་དོན་ཐེག་པ་རིམ་དགུའི་པོད་རྙིང་དང་།།
ལེགས་བཤད་ཕྱི་ནང་གསང་གསུམ་ཡང་སྙིང་བོན།།
མེ་ལོང་ཡེ་ཤེས་དྲྭ་བའི་གཟུངས་གཞུགས་འབུལ།།

གསེར་ཆེན་མེ་ལོང་དྲྭ་བའི་འཇའ་གུར་འཁྱུད།།
སྨན་རིའི་མཁན་སློབ་ཉི་ཟླ་མཁའ་ནས་ཤར།།
སྒོ་བཞི་མཛོད་ལྔའི་གཤེན་དགོན་དབུས་སུ་མཐོ།།
མ་ཡུམ་རིག་པའི་གཤེན་སྡེས་གཡས་སྐོར་འཁྱིལ།།

རིག་པའི་མེ་ལོང་འཛིན་པའི་བསྟན་འཛིན་འགས།།
གྱེར་ཆེན་བསྟན་པའི་ཁུར་ལྕི་ཕྲག་ཏུ་བསྣམ།།
དཔྱད་གསུམ་བཀའ་ལུང་རིག་པའི་དོ་ར་ནང་།།
བོན་གྱི་གྲུབ་མཐའི་གཟེངས་རྟགས་མཐོ་རུ་བསྒྲེངས།།

མེ་ལོང་དྲྭ་བའི་སྒོ་མོ་ཤར་ནས་ཕྱེས།།
སྐད་ཡིག་གསེར་གྱི་འོ་མཚོ་མཁའ་རུ་འཕྱུར།།
ལུང་རིག་ལོ་རྒྱུས་གནད་ཀྱི་གསལ་ཁ་དོད།།
གཞི་ལམ་ནོར་བུའི་ལྷས་རར་སྣུམ་ཁ་གསོས།།

མེ་ལོང་ཡེ་ཤེས་ཉི་མ་ཤར་ཐེངས་རེར།།
ཕྲག་དོག་རྟོག་བཟོས་ལོ་རྒྱུས་འོབ་ཏུ་བསྲེགས།།
སླད་བཟོས་གྲུབ་མཐའི་སྒྲོ་བཏཌ་ཚད་མས་གཏུབ།།
བདེན་རྫུན་དྭངས་སྙིག་འབྱེད་པའི་བཤེས་གཉེན་འཁྲུངས།།

ལུང་རིག་གོ་ཆའི་མེ་ལོང་ལན་ཀ་གསལ།།
སྐད་དང་ཡི་གེའི་ཆུ་མགོ་བོན་ལ་གཏུཌ།།
ཆགས་སྡང་གདོན་གྱི་ཚིག་སྙོག་སྒོ་རུ་ཕུད།།
ཕ་དགྲ་བོན་གཤེད་དུན་ཙེ་ཆམ་ལ་དབབ།།

མེ་ལོང་དྲྭ་བའི་མེ་ལྕེ་འབར་ཐེངས་རེར།།
མི་ཆེན་བླ་མའི་རྟོག་བཏཌ་དྲུང་ནས་བསྲེགས།།
བོན་ལ་སྨད་པའི་མངོན་ཤེས་རྫུན་རྐུབ་བརྡོལ།།
གཤེན་ལ་གཤེ་བའི་ཟུར་ཟའི་ལོ་མ་བྲེགས།།

བདེན་ཁའི་མེ་ལོང་ཡེ་ཤེས་མཁའ་ནས་ཤར།།
སངས་རྒྱས་བསྟན་པའི་རྩ་ལག་སེམས་ནས་རྒྱས།།
ཟུངས་ཁྲག་བོད་ཀྱི་ལོ་རྒྱུས་བོན་ལ་ཐུག།
གྱེར་བསྟན་གསེར་གྱི་རང་མདངས་མཐའ་ནས་གསལ།།

དཔའ་བོ་འབྲུ་ལྔའི་རིན་ཆེན་གསེར་ཕྱེ་བརྡོལ།།
སྒྲ་འགྱུར་སོ་སོའི་གཤེན་སྐད་ཐང་གསུམ་གྲཌ།།
བསྐལ་པ་སྟོང་ལ་ནག་ནོག་མ་མྱོང་བའི།།
སྐད་ཡིག་གསེར་གྱི་ཉི་མ་ཁྲི་ལོས་བསུ།།

ཚན་རྩལ་མེ་ལོང་དྲྭ་བའི་ཀླད་པ་རུ།།
ཀ་ཁ་ག་ང་གསོ་བའི་ཡིག་ཚགས་ཡོད།།
བརྒྱད་ཁྲི་སྟོང་གི་པོད་ཀྱི་དཔེ་མཛོད་ཆེ།།
གཤེན་ཆེན་མྱེས་པོ་དུ་མའི་རྨིག་རྗེས་གསལ།།

ཀུན་གསལ་མེ་ལོང་སེར་པོའི་དྲྭ་བ་འདིས།།
བསྟན་པའི་ཆེད་དུ་བསྟན་ལ་རམ་འདེགས་ཞུས།།
འགྲོ་བའི་དོན་དུ་བདེ་བའི་མ་ལག་བསྐྲུན།།
ལས་འབྲས་དཀར་ནག་གསལ་བའི་མེ་ལོང་དངོས།།

བཀའ་ལུང་རྔམ་ཁ་འཐུག་པའི་གུར་ཁང་དུ།།
མེ་ལོང་ཡེ་ཤེས་དྲྭ་བའི་ཉི་མ་བཞད།།
བདེན་དོན་རིག་པ་འགྲན་སའི་སྒོ་མོ་དོད།།
མ་རུང་ཐ་སྙད་བཅོམ་པའི་ལུང་རིག་རྣོ།།

ལུང་རིག་གོ་ཆ་འཐུག་པའི་མེ་ལོང་ནང་།།
ཤེས་རིག་གཏེར་ཁའི་འོ་མ་ལྷུན་གྱིས་བརྡོལ།།
བཅུ་རིག་སློབ་མའི་གཤོག་ཟུང་རྒྱས་པར་ཤོག།
ནུབ་མེད་བསྐལ་བརྒྱར་ཡུན་དུ་གནས་པར་ཤོག།

བཀྲིས་འཆི་མེད་ཚེ་ཡི་བུམ་པའི་ཁར།།
བདེ་ལེགས་གཡུང་དྲུང་ཤུག་པའི་ཁ་རྒྱན་བཙུཌ།།
ཕུན་སུམ་ཤེས་རིག་ནོར་བུའི་རྒྱ་མཚོ་འཁྱིལ།།
འཛམ་གླིང་འཛིན་མའི་ཁྱོན་དུ་ཚོགས་པར་སྨོན།།

ཁྱུང་པོའི་དྲ་བའི་རྩོམ་སྒྲིག་ཁང་ནས་ཕུལ།

(སྤྱིའི་གཟིགས་གྲངས། 138 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧མཁྱེན་དཔྱ…
error: རྩོམ་འདི་བདག་དབང་ཅན་ཡིན།