ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་བ་སྨན་རི་བ་མཆོག་གི་དགུང་རྫོགས་མཆོད་འབུལ་གནས་བསྡུས།

དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་ས་སྟེང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་དམ་པ་མཉམ་མེད་རྒྱལ་བ་གཉིས་པའི་རྒྱལ་ཚབ། ༸དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་སྨོས་ན་༸སྐྱབས་རྗེ་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་འདི་ལོ་བསྟན་འགྲོའི་དོན་ཆེན་གྲུབ་ནས་གདུལ་བྱ་གཞན་དོན་དུ་ཞིང་ཁམས་གཞན་དུ་གཤེགས་ཏེ་དགུང་ཞག་ཞེ་དགུ་ཚང་བའི་ཉིན་དེར།  རང་ཅག་རྣམས་ཀྱི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པ་དང་མགོན་པོ་གང་ཉིད་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་དུ།  བོན་གྱི་གདན་ས་ཆེན་མོ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་རུ་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་རིན་པོ་ཆེ་དང་།  སྐྱབས་རྗེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་གཞིར་བཟུང་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་འབྱུང་ལྡན་༣༠༡མེ་བྱ་ལོའི་ཧོར་ཟླ་༠༩་ཚེས་༡༤་དང་༡༥།  ཕྱི་ལོ་༢༠༡༧།ཟླ༡༡།ཚེས་༠༣།༠༤བཅས་ཉིན་འགྱངས་གཉིས་ཀྱི་རིང་ལ་དགུང་རྫོགས་མཆོད་འབུལ་འཚོགས་པ་རེད།  ཕྱི་ཚེས་༢་ཉིན་གྲྭ་མང་རྣམས་ཀྱིས་ཚོགས་ཁང་རྙིང་པའི་ནང་༸སྐྱབས་རྗེ་དམ་པ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་གསང་སྔགས་མ་རྒྱུད་ཚོགས་མཆོད་དང་།  བཀའ་འགྱུར་ལྷ་ཁང་དུ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་སྟ་གོན་གྱི་བཤམས་བདར་ལེགས་པར་བགྱིས་ཏེ། ཕྱི་ཚེས་༠༤།༠༥ཉིན་ཚོགས་ཁང་རྙིང་པའི་ནང་མཁན་སློབ་རྣམ་པ་དང་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་གསང་སྔགས་མ་རྒྱུད་ཀྱི་ཚོགས་འཁོར་དང་།  བཀའ་འགྱུར་ལྷ་ཁང་ནང་དུ་མཉམ་མེད་བླ་སྒྲུབ་ཀྱི་སྒོ་ནས་ཚོགས་ཀྱི་མཆོད་སྤྲིན་ཕུལ།  དེ་བཞིན་གཞི་རིམ་སྔོན་འགྲོའི་སློབ་གྲྭ་ནས་དམ་པ་གང་དེའི་གསོལ་འདེབས་དང་སྨོན་ལམ་དབྱངས་སུ་གྱེར་བཞིན་དགུང་རྫོགས་མཆོད་འབུལ་ཞུས་པ་དང་། དེར་མཚུངས་ལྷ་འབངས་དད་ལྡན་ཚོས་ཚོགས་ཁང་གསར་པའི་ནང་འཚོགས་ཏེ་གསོལ་འདེབས་སྨོན་ལམ་དང་སྙིང་པོ་རྣམ་གསུམ་བཅས་གསོག་སྒྲུབ་གནང་།  དགུང་རྗོགས་མཆོད་འབུལ་གནང་མཁན་སྐྱ་སེར་མི་མང་ཡོངས་རྫོགས་ལ་གྲྭ་ཚང་ནས་ཉིན་གཉིས་ཀྱི་རིང་ཞལ་ལག་རྒྱས་འབུལ་ཞུས།  ཚེས་༠༥་ཉིན་འཆད་རའི་ཐོག་ཏུ་མཆོད་བཤམ་བྱས་ཏེ་དགོང་མོ་ཆུ་ཚོད་༠༦་པའི་ཐོག་སྐྱ་སེར་མི་མང་རྣམས་འཆད་ར་ནང་འཛོམས་ནས་མགོན་པོ་གང་ཉིད་ཀྱི་སྐུ་དཔར་མདུན་དུ་བླ་མ་མཆོད་པ་གསུངས་ཏེ་མཆོད་པ་ཕུལ་བ་དང་།  གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་འདེབས་གྱེར་བཞིན་དགོན་སྐོར་ཕེབས་ཤིང་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་ཞུས་ཏེ་སྐྱ་སེར་མི་མང་ཡོངས་ལ་གསོལ་ཇ་དང་བཞེས་གྲོ་ཕུལ།  དེ་ནས་མགོན་པོ་གང་ཉིད་ཀྱི་གསོལ་འདེབས་གྱེར་བཞིན་མར་མེ་གདུག་སྤོས་ལས་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ་རྣམ་དཀར་བསོད་ནམས་ཀྱི་ཚོགས་ཆེན་བསགས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་ཁྱུང་ཁྲི་ལྡེས་ཕྱི་ལོ་༢༠༡༧།ཟླ༡༡།ཚེས་༠༤ཉིན་ཀྱི་དགོང་མོ་སྤེལ།།  །།

(སྤྱིའི་གཟིགས་གྲངས། 92 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཛམ་གླིང་ག…
error: རྩོམ་འདི་བདག་དབང་ཅན་ཡིན།