ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་༧སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་དུས་ཆེན་སྲུང་བརྩི་ཞུས་པའི་མཛད་རིམ། 

བོད་མེ་རྟ་ས་ག་ཟླ་བའི་ཚེས་ ༡༥ དང་ ༡༦ ༼  ༢༠༢༦ ཟླ་ ༥ ཚེས་ ༣༡ དང་ཕྱི་ཟླ་ ༦ ཚེས་ ༡  ༽བཅས་ཉིན་གཉིས་རིང་བརྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་དུས་ཆེན་སྲུང་བརྩི་ཞུས་པའི་མཛད་རིམ་ནི། ས་ག་ཟླ་བའི་ཚེས་༡༤ ཉིན་བཅའ་བཟོ་དང་མཆོད་བཤམ་སྟ་གོན་དང་དགོན་པའི་ཁོར་ཡུག་ཀུན་གཙང་དག་ཡིད་དུ་འོང་བར་བཟོས། བོད་ཚེས་ ༡༥ དང་ ༡༦ གཉིས་ལ་༧སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་གནང་ནས་བླ་བྲང་དབུ་རྩེ་ཁང་དུ་༧སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་དང་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་རྩ་འཛིན་སློབ་དཔོན་རྣམ་པས་ཚེ་དབང་གཞུང་བཞིའི་ཚོགས་མཆོད་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བླ་མ་དགེ་བཤེས་སྒྲུབ་ཐོན་རྣམ་པ་བཅས་གྲྭ་མང་བྱིངས་ཀྱིས་གཙུག་ལག་ཁང་དུ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་ཚོགས་འཁོར་གྱི་སྒོ་ནས་མཆོད་པ་ཕུལ། གསོ་རིག་འབུམ་བཞིའི་དགེ་སློབ་རྣམས་ནས་གཙུག་ལག་ཁང་རྙིང་པའི་ནང་དགོངས་སྤྱོད་རྣམ་གསུམ་དང་ཐུན་བཞི་ཉམས་ལེན་གནང་། བོད་ཚེས་ ༡༦ ཉིན་ཞོགས་ཀ་ཆུ་ཚོད་ ཐོག་གཙང་གཙུག་དང་དྲང་སྲོང་གི་བསླབ་སྡོམ་འབོག་མཁན་རྣམས་ལ་གཙང་ཁྲིམས་མནོས། སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གྲྭ་མང་ཀུན་དང་དད་ལྡན་མང་ཚོགས་ཀུན་དགོན་གྱི་གླིང་སྐོར་དུ་སེར་ཕྲེང་རྒྱས་པར་ཕེབས་རྗེས་གཤེན་རབ་མཆོད་རྔ་བརྡུང་འབུལ་གནང་། དེ་རྗེས་འདུས་ཚོགས་ཡོངས་ནས་༧སྐྱབས་རྗེ་བདེ་བར་གཤེགས་པ་མཆོག་གི་གདུང་ཁང་མདུན་དུ་༧སྐྱབས་རྗེ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་མེ་རྒྱུན་ལས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་མར་མེ་བསྒྲོན་ཏེ་དེ་ནས་རིམ་བཞིན་འདུས་ཚོགས་ཡོངས་ཀྱིས་རང་རང་གི་མར་མེ་སྒྲོན་པ་ཕྱག་ཏུ་སྣོམ་བཞིན་༧སྐྱབས་རྗེ་མཁན་སློབ་རྣམ་པ་གདུང་ཁང་གི་མདུན་དུ་བཞེངས། འཆད་རའི་ཚོམས་ཆེན་དུ་འདུས་མང་ཀུན་བཞེངས་ཏེ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གྱི་མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་ལས་བྱུང་བའི་མར་མེ་སྨོན་ལམ་གསུངས། དེ་རྗེས་འདུས་མང་ཀུན་གྱིས་༧སྐྱབས་རྗེ་མཆོག་གི་གསོལ་འདེབས་བསྡུས་པ་གྱེར་འདོན་གནང་བཞིན་བླ་བྲང་དབུ་རྩེ་ཁང་དུ་ཕེབས་ཏེ་༧སྐྱབས་རྗེ་མཆོག་གི་གསེར་གདུང་རིན་པོ་ཆེ་དང་དབུ་གཡང་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་གཏོང་ཞུ་དང་བསྟུན་བྱིན་རླབས་གདུང་ཐལ་དང་གདུང་རུས་ཀྱི་སྨན་རིལ་དད་རྟེན་དུ་འབུལ་འགྲེམས་དང་འདུས་མང་ཡོངས་ལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། སྐྱབས་རྗེ་མཆོག་གི་དགོངས་རྫོགས་ཆེད་གསུང་ཁྲིད་མ་རྒྱུད་སྤྱི་དོན་དང་ལམ་རིམ་སུམ་བརྒྱ་པ་གཉིས་སྒྲ་ཕབས་ཞུས་པའི་དཔར་རྩ་དེབ་གཉིས་དང་། སྨན་རིའི་ཤིང་དཔར་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྐོར་པོད་གཅིག་དང་། སྤྱི་རྒྱུད་ཆེན་པོ་ཡེ་ཁྲི་མཐའ་སེལ་གསུང་པོད་གཅིག་བཅས་༧སྐྱབས་རྗེ་མཆོག་གི་རྗེས་དྲན་དུ་དཔར་འགྲེམས་ཞུ་རྒྱུའི་དཔར་རྩ་བཅས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འབྱེད་གནང་། ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་སེར་སྐྱ་འདུས་མང་ཀུན་འཆད་རའི་ཚོམས་ཆེན་ནང་འདུ་འཛོམས་ཀྱིས་བླ་མའི་རྣལ་འབྱོར་དང་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་གྱི་སྒོ་ནས་ཐུན་སྦྱོང་ཉམས་ལེན་གནང་།  དགོང་མོ་འཆད་རའི་ཚོམས་ཆེན་དུ་སེར་སྐྱ་མང་ཚོགས་ཀུན་གྱིས་བླ་མ་མཆོད་པ་གསུངས་རྗེས་གཤེན་རབ་མཆོད་རྔ་བརྡུང་འབུལ་ཞུས། ༧སྐྱབས་རྗེ་མཆོག་གི་གསོལ་འདེབས་གྱེར་འདོན་གནང་བཞིན་ཚོགས་ཁང་སྐོར་བ་ལན་གསུམ་མཛད་རྗེས་བླ་བྲང་དུ་གཤེན་རབ་མཆོད་ལྔ་བརྡུང་ནས་རང་རང་གང་ལྕོགས་གིས་མར་མེ་སོགས་འོད་ཀྱི་མཆོད་པ་འབུལ་རྒྱུ་དང་ཕྱག་སྐོར་སྨོན་ལམ་སོགས་མཚན་བཅས་དང་མཚན་མེད་ཀྱི་དགེ་སྦྱོར་གང་འགྲུབ་གནང་བ་བཅས་ཀྱི་གནས་བསྡུས་སུ། 

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༦ ༠༦ ༠༡ ཉིན།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 275 དེ་རིང་། 275)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།