བླ་ཆེན་དྲན་པ་ནམ་མཁར་འབུམ་ཚོགས་འབུལ་བཞིན་པ།
༄༅།། །།ཁོད་སྤུངས་དྲན་པའི་སྐུ་ལ་ཕྱག་འཚལ་ལོ། །བྱིན་རླབས་བདག་ལ་བསྟིམ་པ་ནི། བདག་གི་སྤྱི་གཙུག་ཉི་ཟླའི་སྟེང་། །ཁོད་སྤུངས་དྲན་པ་དམར་སྨུག་བརྗིད། །ཕྱེད་ཀྲུང་ཕྱག་གཉིས་བརྡའ་སྟོན་མཛད། །འཁོར་ནི་རྣམ་སྤྲུལ་འཁོར་དང་བཅས། །ཡི་དམ་ཞི་ཁྲོ་སྤྲིན་དཔུང་གཏིབས། །ཀུན་གྱི་ཐུགས་ལས་འོད་ཟེར་འཕྲོས། །བདེར་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །འོད་ཟེར་དངོས་གྲུབ་ཆར་ལྟར་བབས། །བདག་རྒྱུད་ཉོན་མོངས་སྦྱངས་ནས་ཀྱང་། །ཡེ་ཤེས་འོད་དུ་འབར་བར་བསམ། །
དེའི་ངང་ལས་སྙིང་པོ་ནི། ཨ་ཨཱོཾ་ཧཱུཾ། གྱེར་སྤུངས་དྲན་པ་མུ་ལ་ཉེ་ལོ་ཡོ་ཧ་ར་ཧཱུཾ་འདུ། བརྒྱ་སྟོང་གང་འགྲུབ་བརྗོད། སྐབས་སུ་གསོལ་འདེབས་དངོས་གྲུབ་ཞུ་བ་ནི། ཨེ་མ་ཧོ། ཚེ་དབང་རིག་འཛིན་སྐྱེ་ཤི་མེད། །གཤེན་རབ་སྐུ་སྤྲུལ་ལྔ་བརྒྱ་དྲན། །རྒྱལ་བུ་འོད་མཛེས་དམུ་ཡི་རིགས། །ཐམས་ཅད་མཁྱེན་པའི་སྐྱེས་བུ་མཆོག །འཛམ་གླིང་སྟོང་དང་ལྔ་བརྒྱ་རུ། །སྐུ་ཡི་བཀོད་པ་རེ་རེ་མཛད། །ཚད་མེད་ཐུགས་རྗེའི་འོད་ཟེར་གྱིས། །འགྲོ་བའི་དོན་མཛད་མ་རིག་སེལ། །ཐུགས་རྗེས་རྣམ་སྤྲུལ་གང་མོས་སྟོན། །གདུལ་བྱ་འདུལ་ལ་ཕྱག་འཚལ་བསྟོད། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ། །རྒྱལ་བསྟན་དར་རྒྱས་བསྟན་པ་འཛིན། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ཁྱེད་ཀྱི་ཐུགས་རྗེས་གཟུང་དུ་གསོལ། །ཨ་ཨཱོཾ་ཧཱུཾ། གྱེར་སྤུངས་དྲན་པ་མུ་ལ་ཉེ་ལོ་ཡོ་ཧཱུཾ་འདུ། ཞེས་ཏིང་འཛིན་དགོངས་པའི་བྱིན་རླབས་ཞུ། དྲུང་མུ་རད་ཎ་བྲུཾ་འདུ། ཞེས་བཏགས་ལ་ཐུན་མོང་གི་དངོས་གྲུབ་ཞུའོ། །ཁོད་སྤུངས་སྒོས་སྒྲུབ་བསྟན་པའོ།།
སྲིད་པའི་མིག་ནས་མཐུན་སྦྱོར་ཞུས།