ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧གདན་ས་ཁྲི་བརྟན་ནོར་བུའི་རྩེར་དྲན་པའི་འབུམ་ཚོགས་ཆེན་མོ་འཚོག་བཞིན་པ།

ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་ལོ་ལྟར་རེ་བཞིན་ཧོར་ཟླ་༠༣་པའི་ནང་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་དང་། ཧོར་ཟླ་༠༩པའི་ནང་རིག་འཛིན་སྟོང་གི་གཙོ་བོ་བླ་ཆེན་དྲན་པ་ནམ་མཁར་འབུམ་ཚོགས་ཆེན་མོ་རེ་ཆགས་མེད་དུ་འབུལ་སྲོལ་ཡོད་པ་བཞིན་འདི་ལོ་འབྱུང་ལྡན་༣༠༡གི་བོད་ས་ཕག་ལོའི་ཧོར་ཟླ་༠༩པའི་ཚེས༢༠ཉིན་ནས་དྲན་པའི་འབུམ་ཚོགས་ཆེན་མོ་དེ་ཉིད་དབུ་འཛུག་གནང་ཡོད། དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ཉིན་གྲྭ་མང་རྣམས་ཀྱིས་དཀྱིལ་འཁོར་བཅའ་བཀོད་དང་། གཏོར་བཟོ་མར་རྒྱན། ཚོགས་རྫས་བཤམ་བདར་སོགས་ཀྱི་སྔོན་འགྲོའི་མཆོད་བཟོ་ལེགས་པར་གྲུབ་པ་གནང་ཞིང་། ཚེས་༡༧ནས་བཟུང་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་འདུས་མང་ཡོངས་ནས་བླ་ཆེན་དྲན་པའི་སྒྲུབ་ཐབས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་རྒྱུད་དུ་བབས་པའི་དྲན་པ་ཡང་གསང་དང་དབང་སྒྲུབ། དེ་བཞིན་སྤྲུལ་སྐུ་དབྱིལ་སྟོན་གྱིས་དངོས་གྲུབ་ཏུ་བརྙེད་པའི་དྲན་པའི་སྙིང་ཐིག་དང་། དེའི་ཆ་ལག་ཡོངས་འཛིན་རིན་པོ་ཆེས་མཛད་པ་ལྟར་འཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཉིན་གྲངས་བདུན་གྱི་རིང་ལ་བླ་ཆེན་དྲན་པའི་འབུམ་ཚོགས་ཆེན་མོ་རྒྱས་འཚོག་གནང་བཞིན་པ་ཡོད་ལ། འབྲེལ་ཡོད་དད་ལྡན་མི་མང་རྣམས་ནས་ཀྱང་མཆོད་འབྲེལ་གང་ཟབ་ཞུས་ཏེ་སྙིགས་དུས་འགྲོ་བའི་མགོན་པོ་གཤེན་རབ་ཐུགས་ཀྱི་གཉེར་དཔོན་རིག་འཛིན་སྟོང་གི་གཙོ་བོ་བླ་ཆེན་དྲན་པ་ནམ་མཁའ་མཆོག་ལ་རྩེ་གཅིག་གཡོ་བ་མེད་པའི་འཕྲིན་སྨོན་གསོལ་འདེབས་རྒྱ་ཆེར་གནང་བཞིན་དང་། དགེ་ཚོགས་རླབས་པོ་ཆེ་འདི་ལ་བརྟེན་ནས་ཡངས་པའི་འཇིག་རྟེན་ཁམས་ཀྱི་ནད་མུག་འཁྲུག་རྩོད་དང་། ས་ཡམ་ཆུ་ལོག་སོགས་རང་བྱུང་གི་ཁམས་ཆེན་མོ་འདིའི་འབྱུང་བའི་གནོད་འཚེ་རྣམས་རྨིང་མེད་དུ་ཞི་ཞིང་། རྒྱལ་བ་མཁན་སློབ་གཤེན་གསུམ་གཙོས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེའི་བར་ཆོད་ཞི་ཤིང་མཛད་ཕྲིན་རྒྱས་པ་དང་། གདན་ས་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་རོག་རམ་གནང་བའི་སྦྱིན་བདག་རྣམས་ཀྱི་ཚེ་བསོད་ཀླུང་རྟ་དར་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་བ་དང་། ཁྱད་པར་དུ་གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་འདི་ཉིད་སྙིགས་དུས་འགྲོ་བའི་མགོན་པོ་རུ་ཞལ་གྱིས་བཞེས་པ་ཡིན་པས་སྙིགས་མའི་དུས་འདིར་ཁོང་ཉིད་ལ་གསོལ་བ་འདེབས་པ་ཤིན་ཏུ་ནས་གལ་ཆེ་བའི་ཕྱིར་ཕྱོགས་ཡོངས་ཀྱི་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ནས་ཀྱང་འབུམ་ཚོགས་ཆེན་མོ་འདི་དང་འབྲེལ་ཏེ་གདུང་ཤུགས་དྲག་པོས་གསོལ་འདེབས་དང་འཕྲིན་སྨོན་གང་ཟབ་གནང་གལ་ཆེ་ཞེས་འབོད་བསྐུལ་དང་བཅས། བླ་ཆེན་དྲན་པའི་འབུམ་ཚོགས་ཆེན་མོ་འཚོག་བཞིན་པའི་གནས་བསྡུས་སུ་སྐྱ་ཀ་ཁྲ་མོས་༢༠༡༩། ཟླ་༡༡། ཚེས་༡༩། ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

99721cookie-check༧གདན་ས་ཁྲི་བརྟན་ནོར་བུའི་རྩེར་དྲན་པའི་འབུམ་ཚོགས་ཆེན་མོ་འཚོག་བཞིན་པ།
(སྤྱིའི་གཟིགས་གྲངས། 480 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།