ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་གཤེན་བསྟན་དར་རྒྱས་གླིང་གི་སྒྲུབ་སྡེ་ཐེངས་གསུམ་པའི་སྒོམ་གྲྭའི་བཅའ་གཞི།

ཕྱི་ལོ་ ༢༠༡༩ ནས་ཕྱི་ལོ་ ༢༠༢༢་ལོའི་བར་གྱི་དཔལ་གཤེན་བསྟན་དར་རྒྱས་གླིང་གི་ བླ་མེད་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་གྱི་སྒོམ་གྲྭའི་བཅའ་གཞི། 

གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དྲིན་བླ་ན་མེད་པའི་འོག་ནུབ་གླིང་ཁུལ་གྱི་སློབ་མ་བོན་བསྟན་རྗེས་འབྲངས་པ་རྣམས་ཀྱི་ཆེད་དུ་དཔལ་གཤེན་བསྟན་དར་རྒྱས་གླིང་དུ་དུས་དང་བསྟུན་ནས་སྒོམ་སྒྲུབ་ཀྱི་སྡེ་བཙུགས་ཏེ་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་སྒོམ་གྲྭ་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྒོམ་གྲྭ་གཉིས་ཀྱི་རིང་སྒོམ་སྒྲུབ་ཉམས་ལེན་གནང་མཁན་ཐུན་མོང་ལ་གྲུབ་འབྲས་དང་། དགེ་ཕན་ཆེན་པོ་བྱུང་ཡོད།   དེ་མུས་འདི་ལོར་སྒོམ་གྲྭ་ཐེངས་གསུམ་པའི་བཅའ་གཞིའི་ཁྲིད་རིམ་དུ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་ཆེན་རིན་པོ་ཆེ་རྣམ་གཉིས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པ་བླ་མེད་རྫོགས་ཆེན་སྡེ་བཞིའི་ནང་ཚན་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་དང་། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་གཉིས་ཀྱི་སྒོ་ནས་འཆད་ཉན་སྒོམ་སྒྲུབ་གནང་རྒྱུའི་གཏན་འབེབ་གནང་།

ཁོག་དབུབ་ལོ་རྒྱུས་བསྡུས་དོན།

དེ་ཡང་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ནི་བདག་ཅག་གི་སྟོན་པ་སངས་རྒྱས་གཤེན་མི་བོའི་བཀའ་ཡིན་པ་དང་། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ནི་དེའི་དོན་འགྲེལ་གྱི་ཚུལ་དུ་བླ་མ་ལི་ཤུ་སྟག་རིང་གིས་མཛད་པའི་བཀའ་ཡི་དགོངས་འགྲེལ་ལྟ་བུ་ཡིན། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལ་སྟེང་ལྷ་ཡུལ་དུ་བསྒྲགས་པའི་རྒྱུད་ལུང་མན་ངག་ཆ་ལག་དང་བཅས་པ་དང་། བར་མི་ཡུལ་དུ་བསྒྲགས་པའི་རྒྱུད་ལུང་མན་ངག་ཆ་ལག་དང་བཅས་པ། འོག་ཀླུ་ཡུལ་དུ་བསྒྲགས་པའི་རྒྱུད་ལུང་མན་ངག་ཆ་ལག་དང་བཅས་སངས་རྒྱས་སྒྲུབ་པའི་ཐབས་ལམ་གྱི་མན་ངག་རྣམས་སྡེ་ཚན་ཆེན་པོ་གསུམ་གྱིས་གྲུབ་པ་ཞིག་ཡིན། བཀའ་རིན་པོ་ཆེ་འདི་ནི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་རྩེ་མོ། མན་ངག་ཐམས་ཅད་ཀྱི་ཉིང་ཁུའོ། །ཞེས་པ་ལྟར་ཐོག་མར་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོས། ཀུན་གཞི་ཁྱབ་བདལ་ཆེན་པོའི་ཞིང་ཁམས་བྱ་བ། རྒྱུ་རྐྱེན་ལས་མ་བསྐྱེད། སྣོད་བཅུད་དུ་མ་ཆགས། མདོག་དབྱིབས་སུ་མ་གྲུབ། མཐའ་དབུས་དང་ཕྱོགས་མཚམས་སུ་མི་གནས་པ། དབྱིངས་ཆེན་འབྱམས་ཡས་ཆེན་པོའི་ཀློང་ན་ཐུགས་རྗེའི་སྟོན་པ་གཤེན་ལྷ་འོད་དཀར་ལ་གསུངས་པ་དང་། ཐུགས་རྗེའི་སྟོན་པས་འོག་མིན་འདའ་བ་མེད་པའི་ཕོ་བྲང་དུ་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ལ། ཏིང་ངེ་འཛིན་གྱི་མཆོད་པ་བསམ་དུ་མེད་པ་ཞིག་ཕུལ་ནས་ཐུགས་ཀྱི་རྒྱུད་བསྐུལ་བས། མི་མངོན་པའི་དབྱིངས་ནས་ཡི་གེ་ཨ་དཀར་པོ་ཞིག རང་སྒྲ་དང་ཆས་ནས་བྱུང་བ་ལ། ཚད་མེད་འོད་ལྡན་ལས་སོགས་འཁོར་རྣམས་ལ། ནམ་མཁའ་སྒྲ་འོད་ཅན་གྱི་དོན་བསྟན་པ་དང་། གཤེན་ཚད་མེད་འོད་ལྡན་གྱིས་སུམ་ཅུ་རྩ་གསུམ་གྱི་གནས། གཡུ་ཡི་ལུང་པ་ཤེལ་གྱི་བྲག་ཕུག་ན་སྟོན་པ་འཆི་མེད་གཙུག་ཕུད་ལ་སོགས་འཁོར་དུ་འདུས་པ་རྣམས་ལ། འདི་ནི་ཐེག་པ་དགུའི་ནང་ནས་ཀྱང་། དབང་པོའི་མིག་གམ་ལུས་ཀྱི་སྙིང་། ཡན་ལག་གི་མགོ་བོ་ལྟ་བུའམ། རིན་པོ་ཆེའི་ནང་ནས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་ཡུམ་བཟང་བཟའ་རིང་བཙུན་དང་། སྲས་འཆི་མེད་གཙུག་ཕུད་ལས་སོགས་འཁོར་གྱི་དམ་པ་རྣམས་ལ་གསུངས།   དེ་ནས་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་བསྒྲགས་པ་རྣམ་པ་སྐོར་གསུམ་དུ་ཕྱེས་ནས་ལྷ་ཡི་གཤེན་པོ་ཡོངས་སུ་དག་པ་དང་། མི་ཡི་གཤེན་པོ་རྒྱལ་གཤེན་མི་ལུས་བསམ་ལེགས། ཀླུ་ཡི་གཤེན་པོ་ཀླུ་གྲུབ་ཡེ་ཤེས་སྙིང་པོ་གསུམ་ལ་བསྟན་པ་སོ་སོར་གཉེར་དུ་གཏད་དེ་སྲིད་པ་གསུམ་༼ལྷ་ཀླུ་མི་གསུམ་༽དུ་འགྲོ་བའི་དོན་བྱས་པ་དང་། དེ་རྣམས་ཀྱིས་རྟགས་གཟིགས་ཀྱི་ཡུལ་འོལ་མོ་ལུང་རིང་དུ་སློབ་དཔོན་འོད་ཟེར་དཔག་མེད་ལ་བརྒྱུད་ཅིང་དར། དེས་སློབ་དཔོན་མུན་པ་ཀུན་སེལ་ལ་བརྒྱུད་ཅིང་དར། དེས་ཞང་ཞུང་གི་རིག་འཛིན་འཕྲུལ་གཤེན་སྣང་ལྡན་ལ་བརྒྱུད་ཅིང་དར།  དེས་ཞང་ཞུང་གསང་བ་འདུས་པ་བརྒྱུད་ཅིང་དར་བ་དང་། དེ་བཞི་ལ་སློབ་དཔོན་བླ་མ་རྣམ་བཞི་ཞེས་བྱའོ། །དེ་ནས་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་སེ་ཤ་རུ་དབུ་ཆེན་ལ་བརྒྱུད། དེས་མེ་ཉག་ལྕེ་ཚ་མཁར་བུ་ལ་བརྒྱུད། དེས་ལྡེ་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེ་རྣམས་བོན་ཆེན་མཁས་པ་མི་བཞི་ཞེས་བྱའོ། །

དེ་ནས་བླ་མ་སྙ་ཆེན་ལི་ཤུ་སྟག་རིང་ལ་བརྒྱུད་ཅིང་དར་བ་གསུངས། རྫོགས་པ་ཆེན་པོ་ལུང་དྲུག་ལས། སྐད་རིགས་མི་མཐུན་མི་ལ་ཕན་གདགས་ཕྱིར། །ལོགས་རེར་སྐད་རེ་བཀོད་ནས་འགྲོ་དོན་བྱས། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད་འདི་ཡང་། །ཡེ་གཤེན་གཙུག་ཕུད་དགོངས་པའི་མན་ངག་འདི། །ཁོ་མོ་མོ་ངན་ལི་ཤུ་སྟག་རིངས་ཀྱིས། །སྨྲར་གྱི་སྐད་བསྒྱུར་ལོ་ཙའི་ཚིག་སྦྱངས་ནས། །བོད་ཀྱི་བླ་མ་རྣམས་ལ་སྤེལ་ཏེ་བསྟན། །སྲོག་གིས་བཙལ་ཡང་དོན་འདི་མི་རྙེད་དེ། །ལས་འཕྲོ་དག་པ་ཅིག་དང་འཕྲད་པར་ཤོག །ཅེས་སོ། ། བླ་མ་སྙ་ཆེན་ལི་ཤུ་སྟག་རིང་གིས་མཁའ་འགྲོ་ཅོ་ཟ་བོན་མོ་ལས་སོགས་མཁས་པ་ཉི་ཤུ་ལ་བརྒྱུད་ཅིང་དར་བར་གསུངས། གཞན་ཡང་རྫོགས་ཆེན་བསྒྲགས་གསུམ་གྱི་མན་ངག་རྣམས་བན་རྙིང་ཕྱོགས་སུ་ཡང་དར་ཁྱབ་བྱུང་ཡོད་པ་ནི། ཀློང་ཆེན་རབ་འབྱམས་པའི་བླ་མ་རིག་འཛིན་ཀུ་མ་ར་ཛས་རྣམ་ཐར་<<རིག་འཛིན་ཆེན་པོ་ཀུ་མ་རཱ་ཛའི་རྣམ་ཐར་ལོ་རྒྱུས་དང་བཅས་པ་བཞུགས་སོ།།>> ཞེས་པའི་ལྡེབ་མ་ ༢༦ ནས། “རྒྱང་དུ་སློབ་དཔོན་བོན་སྟོན་ལས་སྔགས་སྲུང་སྔགས་གནད་བུ་རོན་བཅུ་གསུམ། རྫོགས་ཆེན་བོན་ལུགས་ལུང་དྲུག་རྣམས་ཞུས།” ཅེས་དང་། ལྡེབ་མ། ༣༢ ལས། “བདག་འདྲའི་བོན་ལྡོམ་ཀུ་མ་རཱ་ཛ་ལ། ཀུན་དགས་ཡང་ནས་ཡང་དུ་བསྐུལ་བ་དང་། གཞན་ཡང་རེ་རེ་གཉིས་གཉིས་དེ་སྐད་ཟེར་བ་དང་། ད་ལོའི་སྐབས་སུ་རྩར་སྡོད་ཅིང་གཡོག་པོ་གུས་པར་བྱེད་པ་རིན་རྒྱལ་གྱིས་ཡང་ཡང་བསྐུལ་ནས་བྲིས་པའོ།།”ཞེས་པའི་ལུང་དེ་དག་གིས་གསལ་པོ་མཁྱེན་རྟོགས་ཐུབ། རིག་འཛིན་ཀུ་མ་ར་ཛའི་བླ་མ་སློབ་དཔོན་བོན་སྟོན་ནི། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་བརྒྱུད་རིམ་བླ་མའི་ནང་ཚན་སྐྱོ་སྟོན་སྔགས་དཔལ་ཞེས་པ་མིན་ནམ་སྙམ་ཡང་དཔྱད་གཞིར་གྱུར།

རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན།

“སྤྲུལ་སྐུ་ཆེན་པོ་ལི་ཤུ་སྟག་རིངས་ཀྱིས། ལོ་ཉིས་སྟོང་སུམ་བརྒྱའི་དུས་སུ། སློབ་དཔོན་བླ་མ་རྣམ་བཞི་དང་། མཁས་པ་བཞི་ཡི་དགོངས་པ་ཐུགས་དུ་ཆུད་ཏེ། ཤེལ་གྱི་བྲག་དཀར་རྩེ་རྫོང་། གཡུང་དྲུང་པད་མ་རིན་ཆེན་དང་། འཁོར་ལོ་བཀའ་རྟགས་བརྩིགས་པའི་ཕུག་ན་དགོངས་པ་མཛད་སྐྱིན་བཞུགས་པའི་དུས་ན། ལྷ་ཀླུ་མི་གསུམ་གཤེན་གྱིས་སྤྲུལ་པའི་རྣལ་འབྱོར་པ་གསུམ་གྱིས། ཐུགས་ཀྱི་མཛོད་བསྐུལ་ཏེ། དུས་མཐའི་མི་རྣམས་ཚེ་ཐུང་ལ་གུ་བྲེལ་བ་རྣམས་ཀྱི་དོན་དུ། སྙན་རྒྱུད་གདམས་པ། ཚིག་ཉུང་ལ་དོན་འདྲིལ་བ། དོན་ཉམས་སུ་ལེན་བདེ་བ། བླངས་ན་ཕན་ཡོན་ཆེ་བ། ཉོན་མོངས་དང་འཁྲུལ་པའི་གཉེན་པོ་འགྲོ་བ། ཉམས་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ། ཚེ་གཅིག་ལ་སངས་རྒྱས་པའི་གདམས་པ། སྙན་རྒྱུད་ཡང་རྩེ་ཀློང་ཆེན་མཛད་དོ། །” ཞེས་དགོངས་རྒྱུད་དྲུག་གི་ཀླད་དོན་ཉི་ཤུ་རྩ་བདུན་ཉམས་ཀྱི་མན་ངག་གནད་ཀྱི་ཡིག་ཆུང་ལས་གསལ། དེ་ལྟར་རྫོགས་ཆེན་ཡང་རྩེ་ཀློང་ཆེན་འདི་ནི་བླ་མ་ལི་ཤུ་སྟག་རིངས་ཀྱིས་རྫོགས་ཆེན་བསྒྲགས་པ་སྐོར་ཉམས་སུ་བླངས་ཤིང་དགོངས་རྟོགས་ཁྱད་པར་གྱི་མྱོང་བ་རྣམས་མཁའ་འགྲོ་བཅོ་ཟ་བོན་མོ་སོགས་ལས་ཅན་རྣམས་ལ་གདམས་པའི་མན་ངག་ཡིན་པས་ཤིན་ཏུ་ཟབ་ལ་བྱིན་རླབས་ཆེ་བ་ཡིན། རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་གྱི་དོན་འགྲེལ་ཡིན་པར་གསུངས་པའི་དོན་ཡང་དེ་ལྟར་ལགས་སོ། ། དེ་ནས་དུས་རབས་བརྒྱད་པར་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྟན་སྣུབ་པའི་དུས་སུ་བླ་མ་ལི་ཤུས་བཀའ་སྐྱོང་བྱ་ར་མ་གསུམ་ལ་བསྟན་པ་འདི་གཉེར་གཏད་མཛད་དེ་ལྷོ་བྲག་ཁོམ་མཐིང་ལྷ་ཁང་དུ་གཏེར་དུ་སྦས་པ་ཡིན།  དེ་ཡང་། རྒྱུད་དྲུག་ལས་གཡུང་དྲུང་གསང་བ་དབང་གི་རྒྱུད་བར་མི་ཡུལ་དུ་བསྒྲགས་པའི་སྐོར་ལས། “ཁོ་མོ་མི་ངན་ལི་ཤུ་སྟག་རིངས་ཀྱིས། རིན་ཆེན་གསེར་གྱིས་བཙལ་ནས་རང་རྒྱུད་སྦྱངས། དུས་དམན་རྒྱལ་བློན་དག་གི་ཕྱག་ཏུ་གཏད། སྐལ་ལྡན་གསང་བའི་དོན་གོ་བ། སྤྲུལ་སྐུ་ཅིག་དང་འཕྲད་འགྱུར་ཅིག ཅེས་སྨོན་ལམ་བཏབ་ནས་ཐ་རམ་རྒྱ་ཡིས་གདབ།” ཅེས་གསུངས།  དེ་ནས་ལས་རྐྱེན་དུས་སུ་འཛོམས་པ་དང་། སྔོན་གྱི་སྨོན་ལམ་སྟོབས་ཀྱིས་གོང་ཕུའི་བླ་མ་བཞོད་སྟོན་དངོས་གྲུབ་གྲགས་པ་༼ཀུན་མཁྱེན་ཉི་མས་ས་འབྲུག་ཕྱི་ལོ་ ༡༠༨༨ ལོར་གཏེར་བཞེས་པར་གསུངས་ཤིང་གཞོད་སྟོན་དངོས་གྲུབ་གྲགས་འབར་གསུངས་ཡོད།༽ལ་བཀའི་བྱ་ར་མ་གསུམ་གྱིས་ལུང་བསྟན་ཏེ་ཁོང་གིས་གཏེར་ཞལ་ཕྱེས་པ་དང་། རིམ་གྱིས་ཐུགས་སློབ་རྣམས་ལ་བརྒྱུད།

དེའི་ནང་ནས་སློབ་མའི་མཆོག་ཏུ་གྱུར་པ་དབལ་མོའི་ལུང་བསྟན་ཐོབ་པའི་རྒྱ་སྟོན་ཇོ་སྡེ་ནས་བཟུང་གཡུང་དྲུང་དཔལ་རིའི་ཚྭ་ཤུ་མཚམས་པ་གཡུང་དྲུང་རྣམ་རྒྱལ་བར་རིམ་དང་སྤུག་མ་ཅི་རིགས་སུ་བརྒྱུད་ཅིང་དར་བ་དང་། དེས་སྨན་རིའི་སློབ་དཔོན་ཆེན་མོ་སངས་རྒྱས་བསྟན་འཛིན་ལ་བརྒྱུད། དེས་འཕྲུལ་ངག་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་དང་། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་མ་བུ་ཆ་ལག་དང་བཅས་པ་བརྒྱུད་ཅིང་དར་བ་ཡིན། མདོར་ན་བསྟན་པ་འདི་ཉིད་དུས་ཀྱི་གཉན་འཕྲང་དུ་མར་བརྒྱུད་ནས་ད་བར་བཀའ་ཡི་བྱ་ར་མ་གསུམ་དང་། བླ་མེད་རྫོགས་པ་ཆེན་པོའི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་གཅེས་སྲུང་བྱས་པའི་འབྲས་བུར་ད་ལྟ་ང་ཚོའི་བསྟན་པ་འདིའི་དོན་ལ་འཆད་ཉན་དང་། ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་བྱེད་པའི་གོ་སྐབས་བཟང་པོ་འདི་བྱུང་བ་ཡིན་ནོ། ། 

བསགས་སྦྱོང་ཁྲིད་རིམ་སྐོར།

ལོ་རིམ་དང་པོ།  སྔོན་འགྲོའི་སྐོར། བླ་མའི་རྣལ་འབྱོར།   རིགས་དྲུག་གི་རྒྱུད་སྦྱང་བ་དང་གཅིག  སྣང་གྲགས་ཀྱི་མི་རྟག་པ་བསྒོམས་པས་འཁྲུལ་སྣང་ལ་ཞེན་པ་བཟློག་པ་དང་གཉིས།  ཐུགས་རྗེ་བྱིན་རླབས་ཀྱིས་རང་དོན་དུ་སྐྱབས་སུ་འགྲོ་བ་དང་གསུམ།  ཚད་མེད་བཞི་ལྡན་གྱི་སྙིང་རྗེས་གཞན་དོན་དུ་སེམས་སྐྱེད་པ་དང་བཞི། ཉེས་པའི་སྐྱོན་སྦྱོང་བའི་བཤགས་པའི་ཡན་ལག་གིས་བསྐལ་སྲིད་ཀྱི་སྒྲིབ་པ་སྦྱང་བ་དང་ལྔ། བསོད་ནམས་ཚོགས་བསག་མནྡལ་མཆོད་སྦྱིན་དང་དྲུག  རྒྱུད་ལ་བྱིན་རླབས་འཇུག་པ་མོས་གུས་གསོལ་བ་འདེབས་པ་དང་བདུན།  སངས་རྒྱས་ཉེ་ལམ་དུ་བསྒྲུབ་པ་རྫོགས་པ་ཆེན་པོའི་གནས་ལུགས་གཞི་ཐོག་ཏུ་བཞག་པ་བརྒྱད་དོ། །དེའི་སྟེང་སྙིང་པོ་རྣམ་གསུམ་བསྣན་པས་དགུའོ། །  ཁྲིད་རིམ་ནི་སྤྱི་དང་མཐུན་ཏེ། དང་པོ་བླ་མའི་རྣལ་འབྱོར་ནི་སྤྱི་མཚུངས་སུ་སྤྱི་གཙུག་བདེ་བ་དང་། གཉིས་པ་འཁོར་འདས་རུ་ཤན་རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ལྟར་རིགས་དྲུག་རང་སྦྱོང་གི་གདམས་པ་ལྟར་བདུན་གཅིག་ཉམས་ལེན་བྱེད་དགོས་པ་ཡིན།  གསུམ་པ་མི་རྟག་པའི་ཁྲིད་ནས་མཐར་བསྔོ་སྨོན་བར་རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྔོན་འགྲོའི་ཚིག་བཤད་དང་།  རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་གྱི་དྲང་དོན་ཞེས་བྱ་བའི་གཞུང་གཉིས་བསྒྲགས་ནས་ཁྲིད་དགོས་པ་ཡིན། སྔོན་འགྲོ་གྲུབ་མཚམས་འཕོ་བ་ནི་འཕོ་བ་འཇའ་གུར་མ་དང་། བར་དོའི་སྐོར་བདུན་གཅིག་རིང་ཉམས་ལེན་དང་དཔེ་ཁྲིད་དགོས་པ་ཡིན། དེ་ནས་དངོས་གཞིའི་ཁྲིད་ལ། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་གྱི་དགོངས་རྒྱུད་དྲུག་གི་ཀླད་དོན་ཉི་ཤུ་རྩ་བདུན་ཉམས་ཀྱི་མན་ངག་གནད་ཀྱི་ཡིག་ཆུང་ཁྲིད་དང་། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་གྱི་ལྟ་བའི་སྟོང་ཐུན་བཞིན་སེམས་ཉིད་འོད་གསལ་གྱི་དོན་ངོ་སྤྲད་དགོས་པ་ཡིན་ནོ། །

ལོ་རིམ་གཉིས་པར།  རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་གྱི་ངེས་དོན་བྱ་བའི་གཞུང་དང་། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ནང་ནས་རྫོགས་ཆེན་ལུང་དྲུག་སློབ་ཁྲིད་དགོས་པ་ཡིན། 

ལོ་རིམ་གསུམ་པར། རྩ་རླུང་གཏུམ་མོའི་ཉམས་ལེན་སྐོར་ནི། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་གྱི་རྩ་རླུང་གཞུང་གི་དམིགས་པ་དང་། རྩ་རླུང་གེགས་སེལ་གྱི་དམིགས་པ་དང་། ཡང་རྩེའི་འཁྲུལ་འཁོར་བཅས་སློབ་ཁྲིད་དགོས་པ་ཡིན། 

ལོ་རིམ་བཞི་པར། སྟེང་ལྷ་ཡུལ་དུ་བསྒྲགས་པའི་རྒྱུད་ལུང་མན་ངག་གསུམ་དང་། འོག་ཀླུ་ཡུལ་དུ་བསྒྲགས་པའི་རྒྱུད་ལུང་མན་ངག་གསུམ་བཅས་སློབ་ཁྲིད་དགོས། འོན་ཀྱང་ཇི་ལྟར་གཏན་འབེབ་གནང་བ་རྣམས་ལོ་རིམ་ལྟར་ཆ་ཚང་ཁྲིད་ཀ་འཇོག་ཐུབ་མིན་སྐབས་བབ་དང་བསྟུན་དགོས་པར་གསུངས། ཞོར་དུ་ཚོགས་མཆོད་ནི་ལི་ཤུའི་བླ་སྒྲུབ་ལྟར་ཚོགས་མཆོད་འབུལ་དགོས་པར་གསུངས་པ་ལྟར་ཡིན་ནོ། །གཤེན་བསྟན་དར་རྒྱས་གླིང་འདུས་སྤྱི་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༠༥ ཉིན།

(སྤྱིའི་གཟིགས་གྲངས། 386 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་བསྟན་…
error: རྩོམ་འདི་བདག་དབང་ཅན་ཡིན།