ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གི་ཐུགས་གསོའི་གསུང་འཕྲིན།

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག དགུང་གྲངས་བརྒྱ་ཐམ་པར་ཕེབས་ནས་བརྒྱ་སྟོན་གྱི་ཡོ་ལང་ཡོངས་སུ་གྲུབ་ནས་རང་ཅག་ཡོངས་ཀྱི་བསོད་ནམས་ཚོགས་ཀྱི་དཔལ་རྫོགས་པར་ཞུས་ཡོད། འོན་ཀྱང་ཉེ་ཆར་༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་ ༡༦ སྟེ། ཕྱི་ལོ་ ༢༠༢༥ ཟླ་ ༠༦ ཚེས་ ༡༢ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་ དང་སྐར་མ་ ༤༥ ཐོག བལ་ཡུལ་རྒྱལ་སའི་ཉེ་འགྲམ་དབེན་གནས་བྱེ་མ་རི་ཁྲོད་ཀྱི་སྒྲུབ་གནས་སུ་ཐུགས་དམ་གཡོ་མེད་ངང་དགོངས་པ་བོན་དབྱིངས་སུ་གཟིགས་པའི་གནས་ཚུལ་ཐོག་མར་གོ་དུས་ངོས་རང་ལ་བློ་ཕམ་ཚད་མེད་བྱུང་། དེ་ཡང་ཡོངས་འཛིན་ཞིང་ཁམས་པ་གང་ཉིད་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་རྒྱལ་བ་མཉམ་མེད་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་ལ་བཀའ་དྲིན་བླ་ན་མ་མཆིས་པའི་སྐུ་ངལ་མཛད་གནང་ཡོད། རྒྱུ་མཚན་དེས་ན་སྐྱབས་རྗེ་དམ་པ་ཉིད་ད་ལམ་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་སྣང་ངོར་ཞིང་ཁམས་གཞན་དུ་གཤེགས་པ་ནི། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་གཡུང་དྲུང་བོན་གྱི་བསྟན་པར་གྱོང་གུན་ཚབས་ཆེན་ཞིག་བྱུང་ཡོད། དེས་ན་ཡོངས་འཛིན་ཞིང་ཁམས་པ་མཆོག་ལ་མི་ཕྱེད་རྩེ་གཅིག་དད་ཅིང་མོས་པའི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་དང་། ལྷག་པར་དུ་རྒྱལ་ཕྱི་ནང་གང་སར་བཞུགས་པའི་དམ་པ་མཆོག་གི་སློབ་འབངས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་པའི་ཉམས་ལེན་དང་། རྩ་བའི་བླ་མའི་བཀའ་དགོངས་བཞིན་དགེ་སྡིག་བླང་དོར་གྱི་གནས་ལ་ཚུལ་བཞིན་དུ་འཇུག་ཚེ། དེ་ནི་རྩ་བའི་བླ་མའི་དགོངས་རྫོགས་ཀྱི་མཆོད་འབུལ་བླ་ན་མེད་པ་ཞིག་ཏུ་འགྱུར་ངེས་ལགས་ན། དེ་དོན་དགོངས་བཅས། སྐུ་གདུང་རིན་པོ་ཆེ་ཞིང་ཁམས་དམ་པ་གང་ཉིད་ཀྱིས་ཕྱག་བཏབ་པའི་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པར་གདན་འདྲེན་ཞུས་པའི་ཉིན།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་ཀྱིས། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༡ ལ།

(སྤྱིའི་གཟིགས་གྲངས། 222 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །བསླབ་…
error: རྩོམ་འདི་བདག་དབང་ཅན་ཡིན།