ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་ཐུགས་གསོའི་གསུང་འཕྲིན།

༄༅། །བསླབ་གསུམ་དད་དམ་ལྡན་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་སྤྲུལ་མཁན་སློབ་

འདུས་མང་གཙོས་གཞིས་བྱེས་ཀུན་ཏུ་གནས་པའི་བོན་འབངས་སྤྱིའི་ཕྱག་ཏུ།

ཆེད་དུ་བརྗོད་པ།

གངས་ཅན་བོད་ཀྱི་ཁྱད་ནོར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ། སྨན་རིའི་སློབ་དཔོན་ཡོངས་འཛིན་བསྟན་འཛིན་རིན་པོ་ཆེ་མཆོག་བགྲང་བྱ་བརྒྱ་ཕྲག་གི་རིང་བསྟན་འགྲོའི་མཛད་འཕྲིན་བདག་གིར་བཞེས་ཏེ། སྐུ་ཚེ་འདི་དང་གླིང་འདིའི་ཕྲིན་ལས་ཀྱི་མཇུག་ཡོངས་སུ་རྫོགས་པ་དང་། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པར་ལྟོས་བཅས་རྗེས་འཇུག་ཐམས་ཅད་ཐུགས་ཕམ་ཚད་མེད་ཡོད་པ་གོ་མ་ཆག་པས་ཐམས་ཅད་ལ་ཐུགས་གསོས་ཞུ་རྒྱུ་ཡིན། གནས་ཚུལ་འདི་ཐོས་འཕྲལ་ངོས་རང་སེམས་ཕམ་ཆེ་ཡང་ཞག་བརྒྱའི་བསྙེན་མཚམས་ཀྱི་སྐབས་འདིར་དམ་པ་གང་གི་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་རྫོགས་པར་མཆོག་གསུམ་གསོལ་འདེབས་ཞུ་རྒྱུ་ལས་མ་མཆིས།

       བོན་བསྟན་སྤྱི་དང་གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ལ་ཆོས་དམ་གྱི་འབྲེལ་བ་ཤིན་ཏུ་ཟབ་པས་དམ་པ་གང་ལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་ནས་དགོངས་རྫོགས་མཆོད་འབུལ་དང་སྨོན་ལམ་རྣམ་དག་ཞུ་རྒྱུ་ཡིན།

     གོང་ཞུས་ལྟར་བསམ་བཞིན་སྲིད་པར་བཟུང་བའི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་སྤྱོད་ཚུ་རོལ་མཐོང་བ་རྣམས་ལ་རིང་དུ་བསྐལ་བས་དུས་མཚམས་འདི་འདྲ་ཞིག་ལ་དགོངས་པ་ཞི་བར་གཤེགས་པ་ལའང་དགོས་པ་ངེས་ཅན་ཞིག་ཡོད་པ་གོར་མ་ཆག་ན། གཙོ་བོ་དཔལ་ལྡན་བླ་མ་དམ་པ་གང་ཉིད་ནས་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་ཐུགས་ཀྱི་བཞེད་དགོངས་གང་མཆིས་དད་ལྡན་ཞལ་སློབ་རྣམས་ལ་གསུང་གི་བདུད་རྩི་གང་བསྩལ་བ་ཐམས་ཅད་ཚུལ་བཞིན་སྒྲུབ་པ་ནི་དཔལ་ལྡན་བླ་མའི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་མཆོད་པ་དེ་ལས་ལྷག་མེད་པ་ཐམས་ཅད་ཀྱི་མཁྱེན་ཆུབ་ལྟར་ལགས།

                                                                 མཆོག་གསུམ་གསོལ་འདེབས་དང་སྨོན་ལམ་རྣམ་དག་བཅས། 

འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་ནས་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་འབོད་པས།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༣ ཉིན།

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོད་ཤིང་སྦ…
error: རྩོམ་འདི་བདག་དབང་ཅན་ཡིན།