༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་འཚམས་འཕྲིན།
དུས་རབས་ཀྱི་ཆུ་བོ་ནི་ཉིན་རེ་བཞིན་ཡར་རྒྱས་དང་འགྱུར་བའི་ཕྱོགས་སུ་བཞུར་བ་དང་། བརྡ་འཕྲིན་དྲ་བས་འཛམ་གླིང་ཟླུམ་པོ་འདི་ཉིད་གཞི་གཅིག་ཏུ་སྦྲེལ་ནས་ཆོས་ལུགས་དང་། མི་རིགས། ཐག་ཉེ་འགྱང་སོགས་ཀྱི་ཁྱད་པར་མེད་པར་དྲ་ཐོག་ནས་ལྟ་བ་དང་། འདུ་ཤེས། དད་མོས། རིག་གནས་སོགས་རྒྱུས་ལོན་དང་། བསམ་ཚུལ་བརྗེ་ལེན། ཁྱབ་སྤེལ་བཅས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས། མིའི་རྣམ་དཔྱོད་ལས་འཁྲུངས་པའི་རིག་གནས་ཡོད་དོ་ཅོག་ཕྱོགས་དང་རིས་ཀྱི་མཐའ་མཚམས་ལས་བརྒལ་ཞིང་། འཛམ་གླིང་སྤྱི་ཡི་བསམ་པའི་གཅེས་ནོར་དུ་འགྱུར་བཞིན་པའི་དུས་རབས་འདིར། ཞང་བོད་རང་ས་ནས་འཁྲུངས་པའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་དང་། མདོ་སྔགས་རིག་གནས། ཐེག་དགུའི་ཉམས་ལེན་བཅས་དྲ་ལམ་ནས་འཛམ་གླིང་མི་མང་ལ་ངོ་སྤྲོད་དང་། ཁྱབ་སྤེལ་བྱེད་ཐུབ་ན་རིས་སུ་མ་ཆད་པའི་འགྲོ་བ་མིའི་བདེ་སྐྱིད་གོང་འཕེལ་དུ་གཏོང་བའི་མཐུན་རྐྱེན་དུ་འགྱུར་བ་སྨོས་མེད་ལགས་ན། བོན་བསྟན་འཛིན་པ་རྣམས་ཀྱིས་དུས་རབས་དང་ལྷན་དུ་གོམ་གྲལ་བསྒྲིགས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་བསྐྱང་རྒྱུ་གལ་ཆེན་དུ་མཐོང་། དེ་འདྲའི་མཐུན་རྐྱེན་དུ་མེ་ལོང་ཡེ་ཤེས་ཀྱིས་སྣང་བ་དང་སྟོང་པའི་གནས་ལུགས་མཐའ་དག་མངོན་སུམ་དུ་མཁྱེན་པའི་རྟེན་འབྲེལ་གྱི་མཚན་མས་སྤྲས་པའི་<མེ་ལོང་ཡེ་ཤེས་དྲ་བ>གསར་དུ་ཐོན་པར་བཀྲ་ཤིས་བདེ་ལེགས་དང་ལྷན། དྲ་བ་འདི་ཉིད་བཟོ་སྐྲུན་གནང་མཁན་དང་། དྲ་བའི་ལས་བྱེད་པ་ཀུན་ལ་ལེགས་གསོལ་བསྔགས་བརྗོད་དང་། མ་འོངས་པར་ཡང་དྲ་བའི་སྐུ་ཚེ་ཡུན་དུ་བརྟན་ཞིང་། འཕྲིན་ལས་དབྱར་ཆུའི་རྒྱུན་ལྟར་འཕེལ་བའི་སྨོན་འདུན་ཞུ། ། ༢༠༡༥།༩།༦ཉིན།
༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་གྱིས་གནང་བའི་འཚམས་འཕྲིན་ཡིན།