ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་ནས་འཇའ་མེན་གཡུང་དྲུང་བོན་ཚོགས་སུ་བསྟན་དོན་མཛད་འཕྲིན་བསྐྱངས་པའི་གནས་བསྡུས། 

དེ་ཡང་ཕྱི་ལོ་ ༢༠༡༥ ནས་བཟུང་འཇའ་མེན་གཡུང་དྲུང་བོན་ཚོགས་ཀྱི་སྒོར་ཞུགས་པའི་ཉམས་ལེན་པ་རྣམས་ལ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཉམས་རྒྱུད་ཕྱག་ཁྲིད་ཀྱི་བཅའ་གཞི་དཔེ་ཁྲིད་དུ་གཏན་འབེབ་གནང་ནས་ལོ་ལྟར་བོན་ཚོགས་ཀྱི་གོ་སྒྲིག་ལྟར་ཐེངས་གསུམ་རེ་ཙམ་ལ་འཇའ་མེན་དུ་ཆེད་ཕེབས་གནང་གི་ཡོད། ཕྱི་ལོ་ ༢༠༡༦ ནས་བཟུང་བོན་སྒོར་ཞུགས་པའི་ཉམས་ལེན་པ་རྣམས་སྔོན་འགྲོ་དང་དངོས་གཞིའི་སྡེ་ཚན་གཉིས་སུ་ཕྱེས་ནས་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་དང་། དགེ་བཤེས་བསམ་གཏན་གཙུག་ཕུད་རྣམ་གཉིས་ནས་སྡེ་ཚན་སོ་སོར་ཁྲིད་རིམ་ལེའུ་ཚན་རྣམས་རིམ་པ་བསྟར་ཆགས་སུ་ཁྲིད་དང་ཉམས་ལེན་སྦྲགས་མའི་སྒོ་ནས་ཐོས་བསམ་དང་ཉམས་མྱོང་གི་གོ་རྟོགས་སྤེལ་གནང་ཡོད། འོན་ཀྱང་ཏོག་ནད་ཀྱིས་རྐྱེན་པས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༢ འདི་ལོའི་ལོ་འགོའི་བར་ས་གནས་ས་ཐོག་ཏུ་འདུ་འཛོམས་ཀྱི་གོ་སྐབས་དབེན་ཡང་དེའི་རིང་མཁན་ཆེན་རིན་པོ་ཆེས་དུས་ཚིགས་ལྟར་དྲ་ལམ་བརྒྱུད་ནས་ཁྲིད་ཀ་མུ་འབྲེལ་རྒྱུན་སྐྱོང་གནང་། འདི་ལོར་ཏོག་ནད་རྗེས་སུ་ཐེངས་དང་པོར་དགེ་སློབ་རྣམས་མཉམ་འཛོམས་ཀྱི་གོ་སྐབས་ཐོབ་པ་དང་བསྟུན་སྡེ་ཚན་དང་པོའི་སློབ་མ་རྣམས་ལ་འཕོ་ཁྲིད་དང་བཅས་ཕྱག་ཁྲིད་ཆ་ཚང་གི་རིམ་པ་མཐར་གྲུབ། དེ་རྗེས་མཁན་ཆེན་རིན་པོ་ཆེ་མཆོག་ཤི་ལིད་གྷུ་རིད་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭ་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེ་གཉིས་སུ་ཞབས་སོར་བཀོད་དེ་བསྟན་དོན་མཛད་འཕྲིན་བསྐྱངས། དུས་མཚུངས་སུ་ཨ་རིའི་ཁ་ལ་རག་ཌོའི་ཧི་མ་ལ་ཡི་བོན་ཚོགས་སུ་སློབ་ཁྲིད་གནང་བའི་དུས་ཚིགས་ཁེལ་བ་ལྟར་དེ་གར་ཕེབས་ནས་གདམས་པའི་ཆར་རྒྱུན་ཕབ་སྟེ་སློབ་ཚོགས་མུ་འབྲེལ་རྒྱུན་སྐྱོང་བསྐྱངས།

སླར་འཇའ་མེན་གཡུང་དྲུང་བོན་ཚོགས་སུ་ཕེབས་ཏེ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ནས་ཚེས་ ༢༦ བར་༧སྐྱབས་རྗེ་མཁན་ཆེན་མཆོག་དང་དགེ་བཤེས་བསམ་གཏན་གཙུག་ཕུད་གཉིས་ནས་སྡེ་ཚན་སོ་སོར་སྔར་རྒྱུན་བཞིན་གསུང་ཁྲིད་བཀའ་དྲིན་བསྐྱངས་ནས་ཕྱི་ཚེས་ ༢༦ ཉིན་གྱི་བྲུ་རྒྱལ་བའི་ཕྱག་ཁྲིད་ཀྱི་གསུང་ཁྲིད་ལེགས་གྲུབ་བྱུང་བའི་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་གནང་། སྐབས་འདིར་དབུ་མགོན་དུ་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད། དགེ་བཤེས་བསམ་གཏན་གཙུག་ཕུད། ཨོ་སུ་ཀྲི་རིས་ཡའི་བོན་ཚོགས་ཡེ་ཤེས་གསལ་གླིང་གི་མཁན་པོ་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་བླ་མ་སངས་རྒྱས་སྨོན་ལམ་བཅས་དབུ་རུ་བཞུགས་ནས་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེའི་སློབ་མ་ལྔ་བཅུ་ལྷག་ཙམ་གྱིས་ད་བར་ཉམས་ལེན་རྒྱུན་སྐྱོང་གནང་བར་ལེགས་གསོལ་མཚོན་དོན་ནམ། རྗེས་དྲན་ཞུ་བ་དང་། ཉམས་ལེན་ལ་བསྐུལ་བ་སོགས་ཀྱི་ཆེད་དུ་གང་ཉིད་ཀྱིས་ཕྱི་ལོ་ ༢༠༡༥ ནས་ ༢༠༢༢ བར་སློབ་མ་རེ་རེ་བཞིན་ཉམས་ལེན་དུས་ཚིགས་ལ་ཞུགས་པའི་ཞག་མ་གྲངས་སུ་བརྩིས་ཏེ། མཐར་རྒྱལ་བའི་ཕྱག་ཁྲིད་ཀྱི་བཅས་མཚམས་ལེགས་གྲུབ་བྱུང་བའི་ངོས་འཛིན་ཕྱག་འཁྱེར་དང་། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ། ཡི་གེ་ཨ་ཡི་ཙཀླི། རྫོགས་ཆེན་འཁོར་ལོ་རེ་བཅས་ལེགས་སྐྱེས་རྩ་ཆེན་དང་། དམིགས་བསལ་ཐུགས་རྗེ་ཆེ་ཞུའི་གནང་བཤད་དང་བཅས་ཏེ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༦ ལོར་འཇའ་མེན་དུ་ཕེབས་པ་ནས་བཟུང་སློབ་མ་རྣམས་ཀྱིས་རྫོགས་པ་ཆེན་པོའི་བོན་ལ་ཐོས་བསམ་ཉམས་བཞེས་ཀྱི་གོ་སྐབས་ཐོབ་པ་ལྟར་ད་བར་རྒྱུན་སྐྱོང་གནང་བའི་ཆོད་སེམས་ལ་ཡི་རངས་དང་། ད་དུང་མུ་འབྲེལ་རྒྱུན་སྐྱོང་གནང་བའི་ཐུགས་རེ་བཅས་ཀྱི་སྒོ་ནས་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་གནང་།

དེ་རྗེས་དགེ་སློབ་ལྷན་རྒྱས་ནས་རྫོགས་ཆེན་བསྟན་པའི་བཀའ་སྲུང་གཏེར་བདག་ཡེ་ཤེས་དབལ་མོར་གཏང་རག་མཆོད་ཚོགས་ཕུལ་བ་དང་། རྫོགས་ཆེན་ཡེ་ཁྲིའི་མར་མེ་སྨོན་ལམ་དབྱངས་སུ་བསྐྱོན་ཏེ། སྒྲོན་མེ་རེ་རེའི་བརྒྱུད་ནས་ཐུགས་སེམས་མཚོན་པའི་གསོལ་འདེབས་སྨོན་ལམ་ཞུས། སྐབས་འདིར་འཇའ་མེན་གཡུང་དྲུང་བོན་ཚོགས་ཀྱི་གོ་སྒྲིག་གནང་མཁན་རྣམ་པའི་ཐུགས་འདུན་ལྟར་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེར་སློབ་མ་རྣམས་ཀྱིས་ཐུགས་རྗེ་ལེགས་གསོལ་ཞུ་ཆེད་དང་། སྐུ་ཚེ་ཞབས་པད་བརྟན་ཞིང་མཛད་འཕྲིན་མུ་མཐར་ཁྱབ་པའི་མཚོན་རྟེན་དུ་མན་དལ་སྐུ་གསུང་ཐུགས་རྟེན་དང་། རྣམ་ལྔའི་མཆོད་པ། གསོལ་འདེབས་དང་། ལྷ་དར་བཅས་ཕུལ་ཏེ་གྱེས་ཕྱག་ཞུས་ནས་བསྟན་འགྲོའོ་མཛད་དོན་ལེགས་གྲུབ་བྱུང་རྗེས་ཕྱི་ཟླ་ ༡༢ ཚེས་ ༠༢ ཉིན་༧བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ཕེབས་བསུ་དང་བཅས་ཏེ་ཞབས་སོར་བདེ་བར་འཁོད་པའི་གནས་བསྡུས་སུ།

སྲིད་པའི་མིག་ཅེས་པས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༠༢ ཉིན།་

(སྤྱིའི་གཟིགས་གྲངས། 173 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འོ་ཅག་བོན་…
error: རྩོམ་འདི་བདག་དབང་ཅན་ཡིན།