ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དུང་སོ་མུ་ཏིག་བསྟར་བའི་ལོ་བརྒྱ་བ།

དུང་སོ་མུ་ཏིག་བསྟར་བའི་ལོ་བརྒྱ་བ།

 

རྩོམ་པ་པོ། གྲུ༔སྟོང་བཙན།

 

བོད་བརྒྱུད་ནང་བསྟན་བན་བོན་ཟུང་གི་གཞུང་། །

རྒྱ་ཆེན་ཐོས་པའི་མཐའ་རྒྱ་གཏིང་ནས་ཆོད། །

སྨན་རྩིས་ཕྱི་ལུགས་སྐད་ཡིག་ཀུན་ལ་མཁས། །

བོད་གཞུང་མཁས་པའི་དབང་པོ་ངོ་མཚར་ཆེ། །

 

ཀུན་སྤྱོད་འདུལ་བའི་ཉམས་ལེན་ཞི་ཞིང་དུལ། །

བསམ་པ་རིག་སྟོང་རྫོགས་ཆེན་ནམ་མཁའི་མདངས། །

རྟོགས་པའི་གདིང་རྙེད་གདམས་པ་སེམས་ལ་ཤར། །

བསྟན་འཛིན་རྣམ་པར་དག་པ་ངོ་མཚར་ཆེ། །

 

ཉིན་མཁན་ཀུན་ཏུ་ཞི་དུལ་བག་ཡོད་ཀྱི། །

བཅོས་མིན་ཉམས་ལེན་སྒོ་གསུམ་གདན་དུ་འཁྱོལ། །

མཇལ་བའི་མོད་ལ་ཞི་བདེའི་སྣང་བ་སྟེར། །

གཡུང་བོན་བསྟན་འཛིན་ཆེན་པོ་ངོ་མཚར་ཆེ། །

 

བརྒྱད་ཅུ་དགུ་བཅུའི་བླ་རྒན་ཕལ་མོ་ཆེ། །

ཧོན་ལོག་རྫི་དིབ་སྐྲ་བྱི་དུང་སོ་འཐོར། །

རོ་ལ་དབུགས་ཐོགས་འཁྲུལ་གཏམ་ནར་མར་སྨྲ། །

སྐུ་ཉིད་དེ་ལས་ལྡོག་པ་ངོ་མཚར་ཆེ། །

 

དབུ་ཡི་དུང་ལོ་རྐང་གཅིག་མ་བུད་ཅིང་། །

སྤྱན་དང་སྙན་ལྕོག་བློ་རིག་དྭངས་སང་ངེ་། །

གཞོན་ནུའི་ཚེམས་འཕྲེང་མ་མཐོར་མུ་ཏིག་བསྟར། །

དགུང་ལོ་བརྒྱ་པའི་སྐྱེས་བུ་ངོ་མཚར་ཆེ། །

 

བན་བོན་བར་གྱི་ཞེ་འཁོན་སློང་མ་མྱོང་། །

བསམ་བློ་གསར་པར་ལྟ་ལོག་འབོད་མ་མྱོང་། །

ཆོས་དང་ཟང་ཟིང་འབྲེལ་བ་གཅོད་མ་མྱོང་། །

དྲང་སྲོང་དགེ་སྦྱོང་ཆེན་པོ་ངོ་མཚར་ཆེ། །

 

དགེ་བཅུའི་ཁྲིམས་ནག་འབངས་ལ་སྤེལ་མ་མྱོང་། །

འབྲོག་འགོག་ཤ་འགོག་སྡིག་ཉེས་གསོག་མ་མྱོང་། །

དམ་པ་གོང་མའི་ཕྱག་གཞེས་གཙང་མ་བསྐྱངས། །

དམ་ཚིག་གཙང་མའི་བླ་མ་ངོ་མཚར་ཆེ། །

 

རང་གི་རྩ་དོན་སྲོག་དང་བསྡོས་ཏེ་སྲུང་། །

དད་ལྡན་ཡོངས་ལ་དགྱེས་པའི་ཞལ་རས་སྟོན། །

མི་སྐྱའི་མགོ་བོ་གནོན་པའི་སྒེར་གཅོད་མིན། །

བོད་ཀྱི་ཆོས་པ་གཙང་མ་ངོ་མཚར་ཆེ། །

 

བཞུགས་པའི་ལོ་བརྒྱར་གསེར་འོད་ཆེམ་ཆེམ་འཕྲོ། །

བཞུད་པའི་དེ་རིང་ཞབས་རྗེས་དྭངས་ཤིང་གཙང་། །

ཆོས་རིག་སྲུང་བའི་དགེ་བཤེས་ཁྱེད་ལྟ་བུ། །

ཁོ་བོ་ཅག་གི་ཡིད་ངོར་ལྗིག་ཏིག་ཏིག །

 

རྟེན་འབྱུང་འབྱུང་བཞིས་གྲུབ་པའི་སྐུ་ལུས་དང་། །

དཔྱོད་ཤེས་འོད་ཀྱི་གོང་བུ་ནང་གི་ཐུགས། །

དྭངས་བའི་རྡུལ་ལས་གྲུབ་པའི་ནམ་མཁའི་ཀློང་། །

དབྱེར་མེད་རོ་གཅིག་ཐིམ་ལ་གུས་པས་འདུད། །

 

སྐུ་ཚེ་མཐར་ཕྱིན་སྤྱོད་པ་རྨད་དུ་བྱུང་། །

རྗེས་རབས་གངས་ཅན་པ་ཡི་སེམས་ནང་དུ། །

ནག་ནོག་དྲི་མས་མ་ལྷད་བཞུད་པ་ནི། །

བླ་ཆེན་ཞིག་གི་ངོ་མཚར་མཛད་པ་དངོས། །

 

དེ་སྐད་སྒྲོ་བཏགས་རྫུན་གྱི་གཡའ་བྲལ་ཞིང་། །

བདེན་གཏམ་མུ་ཏིག་དཀར་པོའི་འཕྲེང་བ་འདི། །

གངས་རིའི་དགེ་སློང་ཉོན་མོངས་དུལ་ལ་འབུལ། །

དགྱེས་པ་སྐྱེད་ཅིག་རིགས་མཐུན་ན་གཞོན་ཚོ། །

2025/6/13

(སྤྱིའི་གཟིགས་གྲངས། 224 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཚན་ལྡན་བླ…
error: རྩོམ་འདི་བདག་དབང་ཅན་ཡིན།