༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་རང་དགོན་དུ་ཞབས་སོར་འཁོད་པ།
༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག ཨ་རི་དང་། ཡུ་རོབ་ས་གནས་ཁག་དུ་མར་ཕེབས་བཞུད་གནང་ནས་དད་ལྡན་སློབ་མ་ཚོར་གང་དགོས་ཀྱིས་ཁྲིད་གདམས་བཀའ་དྲིན་བསྐྱངས་མཐར་ ༢༠༢༤ ཟླ ༡༡ ཚེས་ ༡༣ ཉིན་དགོང་དྲོའི་ཕྱག་ཚོད་ ༦ དང་སྐར་མ་ ༣༠ ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་དང་དགོན་གྱི་ལས་སྣེ་བ་རྣམས་བལ་ཡུལ་གནམ་ཐང་དུ་ཕེབས་བསུར་ཆེད་བཅར་ཞུས་པ་དང་། འདུས་མང་ནས་སེར་ཕྲེང་བསྒྲིགས་ཏེ་དར་གདུགས་རྒྱལ་མཚན་དང་ཕྱེ་མ་འཕུར་མ་སོགས་མཛེས་པའི་རྒྱན་དང་། རྔ་གཤང་དུང་གླིང་བཅས་སྙན་པའི་སྒྲ་དང་། ལྷ་བསང་བདུག་སྤོས་བཅས་ཞིམ་པའི་དྲི་དང་། དགའ་དད་གུས་པ་སོགས་དྭངས་བའི་སེམས་ཀྱིས་མཆོད་སྤྲིན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་གཤེན་རབ་མཆོད་རྔ་བརྡུངས། དེ་ནས་གཙུག་ལག་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་སློབ་གཙོས་སྐྱ་སེར་ཚང་མས་མཇལ་ཁ་ཞུས་ཤིང་བླ་བྲང་དུ་ཞབས་སོར་བདེ་བར་འཁོད་པ་བཅས་སོ།།
ཕྱི་ལོ་ ༢༠༢༤ ལོར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཁུལ་དུ་བོན་ཁྲིད་གནང་བའི་མཛད་རིམ་གཤམ་གསལ།
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༣ ཚེས་ ༣༡ ནས་ཕྱི་ཟླ་ ༠༤ ཚེས་ ༠༥ བར་ |
གཤེན་བསྟན་དར་རྒྱས་གླིང་དུ་སྔ་འཕྲོས་རྫོགས་ཆེན་དྲན་པ་གསེར་གདམས་ཀྱི་དཔེ་ཁྲིད་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༤ ཚེས་ ༢༧ ནས་ཕྱི་ཟླ་ ༠༥ ཚེས་ ༠༢ བར་། |
འཇར་མེན་གཡུང་དྲུང་བོན་ཚོགས་སུ་རྣམ་པར་འཇོམས་པའི་བྱབ་ཁྲུས་དང་། མཆོད་སྦྱིན། དཔེ་ཁྲིད་བཅས་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༥ ཚེས་ ༡༠ ནས་ཚེས་ ༡༢ བར། |
ཧུང་གྷི་རིད་གཡུང་དྲུང་མཐའ་རྒྱས་འདུས་སྡེ་རུ་ཞང་ཞུང་སྙན་རྒྱུད་ནས་བོན་ཁྲིད་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༥ ཚེས་ ༡༦ ནས་ཚེས་ ༡༩ བར། |
ཕིན་ལན་དྲུ་བདེ་ཆེན་རི་ཁྲོད་དུ་ཀུན་བཟང་སྙིང་ཐིག་གི་དཔེ་ཁྲིད་གནང་། |
ཕྱི་ལོ་ ༢༠༢༤ ༠༥ ༢༤ ཉིན་ནས་ ༢༦ བར། |
མིག་སི་ཀོར་རྫོགས་ཆེན་མུ་མེད་བདལ་བའི་བྱུང་རིམ་དང་སྔོན་འགྲོ་ནས་དབུ་འཛུགས་གནང་ཏེ་རིམ་བཞིན་བོན་ཁྲིད་གནང་ཡོད། |
ཕྱི་ལོ་ ༢༠༢༤ ནས་ཕྱི་ཟླ་ ༠༥ ཚེས་ ༢༩ ནས་ཕྱི་ཟླ་ ༠༦ ཚེས་ ༠༤ བར། |
ཨ་རིའི་ཧི་མ་ལ་ཡི་བོན་ཚོགས་སུ་རྫོགས་ཆེན་ངོ་སྤྲོད་ཀྱི་དཔེ་ཁྲིད་གནང་། |
ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༠༧ ཚེས་ ༡༡ ནས་ཚེས་ ༡༤ བར། |
འཇར་མེན་གཡུང་དྲུང་བོན་ཚོགས་སུ་སྔ་འཕྲོས་དྲན་པ་གསེར་གདམས་ཀྱི་དཔེ་ཁྲིད་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༧ ཚེས་ ༢༡ ནས་ཕྱི་ཟླ་ ༠༨ པའི་ཚེས་ ༠༩ བར། |
གཤེན་བསྟན་དར་རྒྱས་གླིང་དུ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གྱི་ཁྲིད་དང་ཉམས་ལེན་སྦྲགས་མའི་སྒོ་ནས་དབྱར་ཁྲིད་ཆེན་མོ་བསྐྱངས། |
ཕྱི་ཟླ་ ༠༨ ཚེས་ ༡༢ ནས་ ༡༧ བར། |
བོད་རིགས་མང་ཚོགས་རྣམས་ཀྱི་རེ་སྐུལ་ལྟར་དུ་ཏྲི་སུའི་སྒྲུབ་པ་འཚོགས་ནས་དཔེ་ཁྲིད་དང་བཀའ་དབང་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༨ པའི་ཚེས་ ༢༥ ནས་ཚེས་ ༣༠ བར། |
གཤེན་བསྟན་དར་རྒྱས་གླིང་དུ་རྫོགས་ཆེན་ཉམས་ལེན་དང་ཁྲིད་རིམ་སྦྲགས་མའི་མཛད་འཕྲིན་བསྐྱངས། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༩ ཚེས་ ༡༢ ནས་ཚེས་ ༡༨ བར། |
སངས་རྒྱས་སྨན་ལྷའི་སྒྲུབ་པ་བསྐྱངས་ཤིང་མཇུག་ཏུ་བཀའ་དབང་བསྩལ། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༩ ཚེས་ ༢༠ ཚེས་ ༢༢ བར། |
རོ་མན་ནིས་བོན་ཉམས་ལེན་པ་རྣམས་ལ་སྔ་འཕྲོས་ཀུན་བཟང་སྙིང་ཐིག་ནས་དཔེ་ཁྲིད་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༩ ཚེས་ ༢༥ ནས་ཚེས་ ༣༠ བར། |
མཁའ་འགྲོའི་གདམས་སྐོར་གྱི་དཔེ་ཁྲིད་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༠ པའི་ནང་། |
རྒྱལ་ས་པ་རིས་སུ་ལ་ཡོད་པའི་མུ་ལ་མཁྱེན་བརྩེའི་སློབ་ཚོགས་སུ་ཀུན་བཟང་སྙིང་ཐིག་གི་དཔེ་ཁྲིད་བཀའ་དྲིན་བསྐྱངས། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༠ ཚེས་ ༢༥ ནས་ཚེས་ ༢༧ བར། |
ནཱ་ཐ་ལན་དྲུ་ཏ་པི་ཧྲི་ཙའི་སློབ་ཚོགས་སུ་སྔར་འཕྲོས་རྫོགས་ཆེན་སྐུ་གསུམ་རང་ཤར་ནས་དཔེ་ཁྲིད་གནང་། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ཕྱི་ཟླ་ ༡༡ ཚེས་ ༠༣ བར། |
འཇར་མེན་གཡུང་དྲུང་བོན་ཚོགས་སུ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ནས་དཔེ་ཁྲིད་བཀའ་དྲིན་བསྐྱངས། |
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༡ ཚེས་ ༨ ནས་ ༡༠ བར། |
རྒྱལ་ས་པ་རིས་སུར་གནས་བཞུགས་བོན་ཉམས་ལེན་པ་རྣམས་ལ་རྫོགས་ཆེན་གྱི་སློབ་ཁྲིད་གནང་། |
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༤ ༡༡ ༡༣ ཉིན་སྤེལ།
པར་པ་ཁྱུང་ཐོག་རྒོད།