ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་རྣམ་ཐར་རྒྱས་པ་དབུ་འབྱེད་མཛད་སྒོའི་སྐབས་ཀྱི་ངོ་སྤྲོད་གསུང་བཤད།

ཐོག་མར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བདག་གི་དྲིན་ཆེན་རྩ་བའི་བླ་མ་༧སྐྱབས་རྗེ་ཡོངས་འཛིན་ཆེན་མོ་མཆོག་དང་། དེ་རིང་འདིར་དམིགས་བསལ་དབྱིངས་ནས་གྲོགས་སུ་ཕེབས་པའི་བསྟན་སྲུང་མ་བདུད་གཉིས་བཅས་ལ་སྒོ་གསུམ་གུས་པ་ཆེན་པོས་དངོས་སུ་འབྱོར་བ་དང་། ཏིང་འཛིན་ཡིད་ཀྱིས་ཟད་མེད་མཆོད་སྤྲིན་སྟོང་གསུམ་གང་བ་ཞིག་སྔོན་དུ་ཕུལ་ཏེ། བལ་པོ་སྤྲིན་གྱི་མཁར་ནང་དུ་རྟེན་གཞི་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་བོད་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། གདན་ས་ཁྲི་བརྟན་ནོར་བུ་རྩེ་དང་འཛམ་གླིང་གང་ས་ནས་ཕེབས་པའི་རབ་འབྱམས་དགེ་བའི་བཤེས་གཉེན་དང་། བླ་སྤྲུལ་མཁན་བརྒྱུད་རྣམ་པ་གཙོས་སྐྱབས་གནས་འདུས་པ་རྒྱ་མཚོ། གཞན་ཡང་མཛད་སྒོའི་ཐོག་ཏུ་ཆེད་ཕེབས་གནང་བའི་ Dr. Chris Topher Shade གཙོའི་སྐུ་མགྲོན་མི་མང་ཡོངས་སུ་རྫོགས་པར་ངས་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་རྟེན་འབྱུང་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་རྣམ་ཐར་རྒྱས་པ་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང་བར་ཚང་མར་འཚམས་འདིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འདི་ནས་ད་ལྟ་དངོས་སུ་དབུ་འབྱེད་གནང་ཟིན་པའི་༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་རྣམ་ཐར་རིན་པོ་ཆེའི་ངོ་སྤྲོད་ཐུང་ངུ་རེ་བོད་སྐད་དང་། དབྱིན་སྐད་གཉིས་ཐོག་ནས་སྙན་སྒྲོན་ཞུ་རྒྱུ་ཡིན་པས་འདིར་འདུས་ལས་ལྡན་གྱི་སྤུན་གྲོགས་ཕོ་མོ་ཡོངས་སུ་རྫོགས་པ་ཁྱེད་རྣམས་ཀྱི་ཐུགས་ཡིད་དུ་འདྲེས་པར་མཛད་རོགས་གྱིས་ཞེས་ཞུ་རྒྱུ་ཡིན།

༡༽དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་སོགས་སྔོན་བྱོན་རིག་འཛིན་གོང་མ་རྣམས་སྙིགས་དུས་འགྲོ་བ་སྐྱོབ་པའི་མགོན་དང་དཔུང་དུ་བཞེངས་ཏེ་འཇིག་རྟེན་འགྲོ་བ་སྤྱི་དང་། བྱེ་བྲག་བོད་ཁམས་འགྲོ་བའི་དོན་དུ་སྐུ་ཡི་ཚེ་རབས་དུ་མར་སྐུ་ངལ་བརྒྱ་ཕྲག་བཞེས་པ་དང་། སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་མཐའ་ཡས་པ་ཞིག་བསྐྱངས་ཏེ་གནས་སྐབས་དང་མཐར་ཐུག་གི་འགྲོ་བ་སྡུག་བསྔལ་ལས་དགྲོལ་བའི་ཐབས་ཆེན་བོན་སྒོ་ཕྱི་ནང་གསང་གསུམ་དང་། བྱམས་དང་སྙིང་རྗེའི་ཀློང་ནས་འགྲོ་བ་ཇི་ལྟར་བསྐྱངས་ཀྱང་སྙིགས་མའི་རང་འཚང་མངོན་དུ་བརྡོལ་ཞིང་ཉོན་མོངས་རང་ཁ་མའི་དབང་གིས་བོད་ཀྱི་སྐྱེ་འགྲོ་དུ་མ་ལོག་ལམ་དུ་སོང་བ་དང་། དམིགས་བསལ་འཛམ་གླིང་དམག་ཆེན་དུ་མའི་བརྒྱུད་རིམ་འོག་འགྲོ་བ་མི་གཙོས་པའི་སེམས་ཅན་དུ་མའི་རྩ་ཆེའི་ཚེ་སྲོག་འཕྲོག་པ་དང་མནར་གཅོད་སྣ་ཚོགས་ཕོག་པ་མ་ཟད། འཇིག་རྟེན་གོ་ལའི་ཁྲོད་དུ་འགྲོ་བ་སེམས་ཅན་གནས་པར་བཟོད་ཐབས་བྲལ་ཞིང་ཉོན་མོངས་དུག་ལྔས་ནད་མུག་མཚོན་འཁྲུགས་རབ་ཏུ་སྡང་བའི་བསྐལ་ངན་རྣམས་འགོག་མེད་དུ་བརྡོལ་བཞིན་པ་ལས་སྐྱོབ་པའི་ལམ་སྟོན་དང་། སངས་རྒྱས་ཀྱིས་རྗེས་སུ་བཞག་པའི་བསྟན་པ་རྣམ་གསུམ་བོད་ཁམས་སུ་རང་རྒྱལ་གཞན་ཕམ་གྱི་རྣམ་རྟོག་དང་ལོག་རྟོག་སྨག་རུམ་འཐུག་པོའི་ཀློང་ནས་ས་སྟེང་ནས་མིང་མེད་དུ་བཞུར་ལ་ཉེ་བའི་སྐབས། གདུལ་བྱ་འགྲོ་བའི་ཆེད་བསམ་བཞིན་དུ་སྲིད་པར་སྐུ་སྐྱེ་བ་བཞེས་པ་དུས་གསུམ་རྒྱལ་བའི་རྒྱལ་ཚབ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཕྱི་ནང་གསང་བ་གསུམ་སྤྱི་དང་བྱེ་བྲག་གི་བརྒྱུད་པ་ཐམས་ཅད་ཀྱི་འདུས་སོ། སངས་རྒྱས་མི་གཟུགས་སུ་བྱོན་པ་རིག་འཛིན་གོང་མའི་ལུང་དུ་བསྔགས་ཤིང་ཡོངས་རྫོགས་བསྟན་པའི་མངའ་བདག དགོས་པའི་དབང་གིས་མཚན་ནས་དངོས་སུ་སྨོས་ན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དུས་ངན་སྐྱོབ་པའི་མགོན་པོར་བཞེངས་ཏེ་ཁྲག་དང་མིག་ཆུས་བརླན་པའི་གཞིས་བྱེས་བོད་མི་སྤྱིའི་བདེ་སྡུག་གི་མཛད་པ་ཁུར་དུ་བཞེས་པ་དང་། བྱེ་བྲག་ཏུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འགྲོ་དོན་བླ་མེད་དུ་བསྐྱངས་པ། དམིགས་བསལ་འཇིག་རྟེན་གོ་ལའི་ཤར་ནུབ་ཐམས་ཅད་ནས་སྟོང་ལ་ཉེ་བའི་བོན་དང་བོན་འབངས་རྣམས་སྡུག་བསྔལ་ལས་བསྐྱབ་ཅིང་གསོན་གནས་ཐུབ་ཕྱིར་བགྲངས་བྱ་བརྒྱ་ཕྲག་གི་དུས་ཡུན་ནང་བསམ་གྱིས་མི་ཁྱབ་པའི་སྐུ་ངལ་ལྷུར་བཞེས་ཀྱི་མཛད་འཕྲིན་རྒྱས་པ་དང་། བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཉམས་ཁྲིད་དང་བཅས་པ་སྔོན་གྱི་བསྟན་པ་ས་དར་རྡོ་དར་གྱི་དུས་ལས་ལྷག་པའི་ཐོས་བསམ་སྒོམ་སྒྲུབ་དང་། བཤད་སྒྲུབ་སྒོམ་གསུམ་གསར་དུ་བཙུགས་པ་སྟེ་སྔར་མེད་བོན་གཞིས་ཐོབ་རྒྱལ་གསར་པ་གསར་བསྐྲུན་གནང་བ་མ་ཟད། རྒྱ་གར་དུ་ཐོབ་རྒྱལ་གསར་པའི་སྨན་རི་དགོན་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཕྱག་བཏབ་གནང་བ་རེད། བལ་ཡུལ་དུ་གདན་ས་ཁྲི་བརྟན་ནོར་བུ་རྩེ་དང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བཙུགས་གནང་ཡོད། དེ་བཞིན་རྒྱ་གར་དུ་བོད་ཀྱི་བོན་པོའི་ཚོགས་པ་དང་། ཨ་རི་རུ་བོན་པོའི་ཚོགས་པ། བལ་ཡུལ་དུ་བོན་པོའི་ཚོགས་པ་དང་། ཁྲི་བརྟན་ནོར་བུ་རྩེའི་དགེ་རྩ་ཚོགས་པ། ཡུ་རོབ་ཏུ་གཡུང་དྲུང་བོན་གྱི་ཚོགས་པ་དང་། གཤེན་བསྟན་དར་རྒྱས་གླིང་། ཡུ་རོབ་ཁྲི་བརྟན་ནོར་བུ་རྩེ། ཡེ་ཤེས་གསལ་གླིང་ཚོགས་པ་སོགས་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་ལྡན་པའི་ཁེ་མེད་སྤྱི་ཚོགས་བདེ་དོན་གྱི་ཚོགས་པ་དུ་མ་བཙུགས་གནང་བ་མ་ཟད། དགོན་པ་དང་ཚོགས་སྡེ་དེ་དག་གིས་བོད་ཀྱི་བསྟན་དོན་གང་ཅིར་ཞབས་ཞུ་བླ་མེད་བསྒྲུབས་གནང་བ་དང་གནང་བཞིན་པ་སོགས་གལ་ཆེའི་མཛད་པ་རྣམས་རྩོད་ལྡན་ཚེ་ལོ་བརྒྱ་པའི་མགོན་པོ་དང་གཉིས་སུ་མེད་པའི་བཀའ་དྲིན་བླ་ན་མེད་པ་བསྐྱངས་དང་སྐྱོང་བཞིན་པ་ས་རིས་ཐང་གསལ་རེད།

དེ་བཞིན་བོད་ཁམས་སྤྱི་ཕན་གྱི་མཛད་པར་དགུང་གྲངས་བརྒྱ་ལ་ཉེ་བའི་རིང་དུ་རང་ཅག་ཁ་བ་ཅན་གྱི་ཕ་མེས་ཀྱི་རྗེས་བཞག་ཤེས་བྱ་རིག་པའི་གནས་ཆེ་ཆུང་ཐམས་ཅད་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་གཞན་དོན་གྱི་མཛད་པ་བསྐྱངས་སྟེ། བོན་དང་བོད་ཀྱི་མི་རབས་གསར་པའི་ཐུགས་རྒྱུད་ཤེས་རབ་ཀྱི་བརླན་པར་མཛད་པ་སོགས་འགྲོ་བ་སྤྱི་ཡི་བདེ་དོན་ཆེད་སྐུ་ངལ་བརྒྱ་ཕྲག་བཞེས་ཏེ་གོང་དུ་ཞུས་པ་ལྟར་བོད་ཀྱི་བསྟན་སྲིད་ལ་ཞབས་ཞུ་བླ་ན་མེད་པ་སྒྲུབ་གནང་བ་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་སྒོས་བྱེ་བྲག་ཐམས་ཅད་འཇིག་རྟེན་འདིར་ཁྱབ་བདལ་དང་རྒྱུན་གནས་ཐུབ་པའི་མཛད་འཕྲིན་བསྐྱངས་ཏེ། བསྐལ་སྲིད་ཞིག་རལ་དུ་མ་གྱུར་གྱི་བར་དུ་འགྱུར་མེད་གཏན་འཇགས་གྱི་མ་རྩ་མཐའ་ཡས་པ་ཞིག་བཀའ་དྲིན་བསྐྱངས་གནང་བའི་ཚུལ་རྣམས་རྣམ་ཐར་དེབ་ཕྲེང་གསུམ་གྱི་ནང་དུ་ལོ་དུས་ཟླ་བའི་གསལ་ཁ་དང་བཅས་ཏེ་ཡིག་ངག་གཉིས་ཐོག་ནས་བཀོད་ཡོད། ཁྱད་པར་དུས་འགྱུར་ཁྲོད་ཀྱི་གནས་བབ་གྱ་གྱུ་འཕར་འབེབ་ཛ་དྲག་གི་གནས་སྟངས་འོག་ནས་སྔ་ལོ་དགུང་གྲངས་ ༩༨ བར་གྱི་བསྟན་སྲིད་ཀྱི་མཛད་པ་དང་སྐུ་ངལ་ཇི་ལྟར་བསྐྱངས་པའི་ཚུལ་རྣམས་ཞིབ་ཕྲར་བཀོད་ཡོད།

༢༽ཕྱི་ལོ་ ༢༠༡༩ ལོ་ནི་༧སྐྱབས་རྗེ་ཡོངས་འཛིན་ཆེན་མོ་དགུང་གྲངས་གོ་ལྔ་བཞེས་པའི་དུས་ཁྱད་པར་ཅན་དེ་དང་བསྟུན་འཛམ་གླིང་བོན་འབངས་གཞིས་བྱེས་ལྷ་མི་ཀུན་གྱིས་བརྟན་བཞུགས་རྒྱས་འབུལ་དང་སྐུ་ཕྱྭ་ཞབས་རིམ་བསྒྲུབ་རྒྱུའི་སྐལ་བཟང་དུས་བཟང་དུ་གྱུར་པ་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ་བཅས་འཚོགས་པའི་དུས་བཟང་རྟེན་འབྲེལ་སུམ་འཛོམས་བླ་ན་མེད་པ་ལ་བརྟེན་ནས་འགྲོ་བ་སྤྱི་སྒེར་ཚང་མས་བསོད་ནམས་གསོག་པའི་གོ་སྐབས་དགེ་མཚན་རྒྱ་ཆེ་བྱུང་བ་ལ་བརྟེན་ནས་རང་རེ་སྐྱབས་འབངས་རྣམས་རྟེན་འབྲེལ་ཚོགས་བསགས་ཀྱི་མཛད་སྒོའི་ཐོག་མཐའ་བར་གསུམ་དུ་མཉམ་ཞུགས་ཀྱི་གོ་སྐབས་ཐོབ་པ་རེད། ལོ་དེར་བོད་མི་སྤྱི་ལ་ཐུགས་ཁུར་བཞེས་པའི་གནད་ཡོད་ཆེས་མཐོའི་མི་སྣ་དུ་མ་དང་། བྱེ་བྲག་༧སྐྱབས་རྗེ་མཆོག་གི་མཛད་པའི་འཕྲིན་ལས་ཀྱི་དགོངས་གཞི་དགོས་པ་བླ་ན་མེད་པར་རྒྱུས་མངའ་ཤིན་ཏུ་ཆེ་བའི་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་གཙོས་དད་དམ་བླ་ན་མེད་པའི་བོད་མི་སྐྱ་སེར་ཕོ་མོ་གྲངས་ལས་འདས་པར་༧སྐྱབས་རྗེ་མཆོག་གི་རྣམ་ཐར་དངོས་བྱུང་མ་བཅོས་པ་ཞིག་བོད་ཕྱི་ནང་གཉིས་སུ་མཇལ་འདོད་དང་གསན་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱུར་པ་ལྟར་༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་བཀའ་དྲིན་རྗེས་དྲན་དང་། སྐུ་གསུང་ཐུགས་ཀྱི་རྒྱ་ཆེའི་མཛད་པ་རྣམས་ད་ལྟ་དང་མ་འོངས་བོད་ཀྱི་ལོ་རྒྱུས་དང་བོན་འབངས་རྣམས་ལ་མེད་ཐབས་མེད་པ་ཞིག་ཡིན་པ་མ་ཟད། ཁོང་གི་རླབས་ཆེའི་མཛད་པ་རྣམས་འཇིག་རྟེན་འདིར་གནས་དགོས་པ་སོགས་ཀྱི་ཆེད་གཤེན་བསྟན་གླེང་སའི་དྲ་ཚོམ་གྱི་ཚོགས་གཙོ་ཁྱུང་པོ་དཔོན་ཚང་རྒྱལ་མཚན་གཙོས་གཡོ་མེད་དད་དམ་དང་། ལྷག་བསམ་དཀར་བའི་མི་སྣ་དུ་མས་འབྲེལ་ཡོད་སྐྱབས་གནས་བླ་སྤྲུལ་དགེ་བཤེས་རྣམ་པར་༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་རྣམ་ཐར་རིན་པོ་ཆེ་ཉན་རྒྱུའི་བསོད་ནམས་དང་གོ་སྐབས་ཐོབ་ཆེད་ཐབས་ཤེས་སྣ་ཚོགས་མཛད་འདུག་པ་དང་། སྐབས་དེར་མཁས་དབང་བླ་སྤྲུལ་དགེ་བཤེས་དུ་མས་རྣམ་ཐར་འཆད་མཁན་དེ་ང་ལ་རེ་བསྐུལ་ཞུས་ན་དོན་ཡོད་འགྱུར་ཚུལ་གྱི་ལམ་སྟོན་ཕུལ་འདུག་པ་ལྟར། ཁོང་རྣམ་པས་གུས་པར་༧སྐྱབས་རྗེ་མཆོག་གི་མཛད་རྣམ་ངོ་སྤྲོད་ཡོང་བའི་བཀའ་ཕེབས་བྱུང་། ངས་ཐོག་མར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་གང་རུང་ལ་ཐུགས་བསྐུལ་ཞུས་ན་དགེ་མཚན་ཆེ་ཚུལ་རྒྱུ་མཚན་དང་བཅས་ཏེ་བཀོད་མངགས་ཞུས་ཀྱང་རྗེས་སུ་སླར་ཡང་ང་ལ་ནན་ཏན་གྱིས་རེ་བསྐུལ་ཨུ་ནན་གནང་བས་མཐར་ངས་དང་ལེན་ཞུས་ཏེ་འཆད་འཁྲིད་ཞུས་པ་ཡིན།

༣༽འོན་ཀྱང་༧སྐྱབས་རྗེ་མཆོག་གི་ཕྱི་ནང་གསང་བའི་མཛད་པ་བསམ་མཐའ་ཡས་པ་བཞུགས་པའི་ཁྲོད་ནས་གུས་པ་སྐུ་ཡི་ཉེ་འཁོར་དུ་མི་ལོ་ ༣༥ ལྷག་ཙམ་བསྡད་པའི་མཐོང་ཐོས་མྱོང་གསུམ་རྒྱ་ཆེ་ཡོད་ཀྱང་དེ་དག་ནི་རྣམ་ཐར་གྱི་ཆ་ཕྲ་མོ་ཙམ་ལས་གོང་བུའི་རྣམ་ཐར་ཞིག་འཇིག་རྟེན་འདིར་འཇོག་པར་ཞུ་བའི་རྒྱུ་ཆ་མི་འདང་བ་མ་ཟད། དེ་བཞིན་ང་ཡི་རྣམ་དཔྱོད་དང་དངོས་མཇལ་མྱོང་ཚོར་དུམ་བུས་རྣམ་ཐར་ཆ་ཚང་ཞིག་འཆད་རྩོམ་བྱེད་པར་ཡེ་ནས་འདེང་ཐབས་མེད་སྟབས་འབྲེལ་ཡོད་མང་པོའི་བརྒྱུད་ནས་༧སྐྱབས་རྗེ་རྩ་བའི་བླ་མའི་དངོས་བྱུང་རྣམ་ཐར་གྱི་རྒྱུ་ཆ་ཅི་འབྱོར་འཚོལ་བསྡུ་ཞུས་པ་ཡིན། དེ་ཡང་རྣམ་ཐར་འཆད་ཁྲིད་ཀྱི་གཞི་རྩའི་ཨ་མ་༧སྐྱབས་རྗེ་མཆོག་གི་ཕྱག་བྲིས་ཕྱག་བསྟར་མའི་ཉིན་ཐོ་དང་། སྐུ་ཡི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་སྐབས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་རྣམ་ཐར་རྩོམ་སྒྲིག་ཚོགས་ཆུང་ནས་ཕྱོགས་བསྒྲིགས་ཞུས་པའི་རྣམ་ཐར་རྒྱས་པ། སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེས་མཛད་པའི་རྣམ་ཐར་བསྡུས་པ། དཔོན་གསས་བླ་མའི་རྣམ་ཐར་དང་བརྙན་ཕབ་ཀྱི་ཆེད་དུ་རྒྱུ་ཆ་བཙལ་འཚོལ་མཛད་ཁོངས་ནས་སྐུ་ཚེར་མཉམ་གཤིབས་གནང་བའི་འབྲེལ་ཡོད་མི་སྣ་འཛམ་གླིང་གང་སར་བཞུགས་པའི་༧སྐྱབས་རྗེ་མཆོག་གི་སློབ་མ་དང་། དགེ་རྒན། གནད་ཡོད་མི་སྣ་བཅས་ལ་བཅར་འདྲི་ཞུས་པའི་དངོས་བྱུང་མཐོང་ཐོས་དབྱིན་བོད་གཉིས་ཀྱི་ཟིན་ཐོ་དང་བརྙན་ཐག བོད་དུ་དུས་འགྱུར་སྐབས་མཉམ་མེད་སྐུ་གདུང་གཏེར་དུ་སྦས་ཚུལ་དང་བྲོས་བྱོལ་དུ་ཕེབས་པའི་སྐོར་གྱི་ཞལ་གསུང་ཡིག་ཆར་འཁོད་པ། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོའི་རྣམ་ཐར་རྒྱས་པ་བོན་གྱི་༧གོང་ས་ཆེན་པོ་ཞེས་དབུ་མཚན་དུ་བཀོད་པ་ཅན་དང་། ༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་རྣམ་ཐར་རྒྱས་པ་དབྱིན་ཡིག་ཏུ་བཀོད་པ་དབུ་མཚན་དུ་(The Life of a Great Bonpo Master ) བོན་གྱི་བླ་ཆེན་ཞིག་གི་སྐུ་ཚེའི་ལོ་རྒྱུས་ཞེས་པ། དབྱིན་ཡིག་ཏུ་(Pilgrim With the Master)རྩ་བའི་བླ་མ་དང་ལྷན་དུ་གནས་སྐོར་ཞེས་པ། དཔལ་ལྡན་བླ་མའི་རྣམ་ཐར། དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུའི་འགོར་བོད་བཞུགས་གནད་ཡོད་མི་སྣ་དུས་མས་༧སྐྱབས་རྗེ་མཆོག་ལ་ཞུ་འཕྲིན་ཕུལ་བའི་ཡིག་ཆ་ཁག  དགེ་བཤེས་བསྟན་འཛིན་དབང་རྒྱལ་གྱི་བོད་བསྐྱོད་ཟིན་ཐོ། གཞུང་འབྲེལ་བཏང་འབྱོར་གྱི་ཡིག་ཆ་ཁག  གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཅའ་ཡིག  ཐོག་མའི་སློབ་ཚན་གཏན་འབེབས་དང་འཛིན་རིམ་སོགས་འཁོད་པའི་ཡིག་ཆ། རྗེ་སྨན་རི་བའི་མཁན་ཆེན་བོན་གྱི་བླ་ཆེན་ཡིན་པ་སྒྲུབ་བྱེད་ཀྱི་ལོ་རྒྱུས་སྙན་ཞུ་དང་བཀའ་ལན་སོགས་ཀྱི་ཡིག་ཆ་ཁག་ཅིག བོད་ཀྱི་བོན་པོའི་ཚོགས་པའི་རྩ་ཁྲིམས། བལ་ཡུལ་དུ་རྟེན་གཞི་གནང་བའི་བོན་པོ་ཚོགས་པའི་རྩ་ཁྲིམས། ཡིག་ཐོག་ཏུ་འཁོད་པ་བོད་ཕྱི་ནང་གི་དགོན་སྡེའི་ལོ་རྒྱུས། བོད་ཡུལ་གནས་ཀྱི་ལམ་ཡིག་སོགས་༧སྐྱབས་རྗེ་མཆོག་གི་མཛད་པའི་གསུང་འབུམ་དབྱིན་སྐད་ཅན་དང་བོད་སྐད་ཅན་ལ་སོགས་འབྲེལ་ཡོད་ཡིག་ཆ་ཁག  དུས་ཕྱིས་ཀྱི་མཛད་འཕྲིན་ཐད་བགྲེས་པོའི་འབེལ་གཏམ་དང་། བོན་སྒོ། དཔྱད་རྩོམ་ཐོར་བུ། དུས་དེབ་གཞན་ཁག་ཏུ་དབྱིན་བོད་གཉིས་སུ་འཁོད་པ། བོད་མིའི་རང་དབང་གསར་ཤོག་སོགས་གསར་ཤོག་ཁག་ཏུ་དབྱིན་བོད་ཅི་རིགས་སུ་མཛད་འཕྲིན་འཁོད་པ། སྤྱི་ཚོགས་དྲ་བའི་ཁྲོད་ནས་མེ་ལོང་ཡེ་ཤེས་དང་། གཡུང་དྲུང་བོན་གྱི་དྲ་རྒྱ།  ཧི་མ་ལ་ཡི་བོན་དྲ་བ། གྷུ་གྷལ་དྲ་བ།ཁྱུང་པོ་དྲ་བ། ཕྱོགས་སོ་སོ་ནས་གནང་བའི་དགོན་སྡེ་ཁག་གི་ལོ་རྒྱུས་དང་བླ་མའི་རྣམ་ཐར། དམིགས་བསལ་༧སྐྱབས་རྗེ་མཆོག་དང་ལྷན་དུ་ཕྱག་ལས་གནང་མྱོང་མཁན་གྱི་མི་སྣ་དུ་མར་ངག་ཐོག་ནས་དྲིས་པའི་ཟིན་ཐོ་བཅས་རྣམ་ཐར་རིན་པོ་ཆེའི་རྒྱུ་ཆ་གཙོ་བོ་ཡིན།

གཞན་ཡང་ལོ་རྒྱུས་ཁྲོད་ཡིག་ཐོག་ཏུ་འཁོད་པ་དང་ངག་རྒྱུན་ནས་བྱུང་བ་གཉིས་དོན་གནད་གཅིག་ལ་གསུང་ཚུལ་མི་མཐུན་པ་བྱུང་རིགས་ལ་སྐུ་ཡི་ཟུར་དུ་རྟག་ཏུ་བཞུགས་པའི་སྐུ་བཅར་བའི་བརྒྱུད་༧སྐྱབས་རྗེ་ཡོངས་འཛིན་ཆེན་མོར་བཀའ་འདྲི་དགོངས་སྐོར་ཐད་ཀར་ཞུས་པའི་བཀའ་སློབ་དང་དྭོགས་གཅོད་གནང་བ། བོན་གཞིས་ཐོབ་རྒྱལ་གསར་པ་དང་། ནོར་འཛིན་གླིང་གཞིས་ཁག་གཉིས་སུ་བཞུགས་པའི་འབྲེལ་ཡོད་བགྲེས་སོང་དུ་མའི་ངག་རྒྱུན་ལས་བྱུང་བའི་ལོ་རྒྱུས་བཅས་རྣམ་ཐར་འཆད་པའི་གཞི་རྩར་ཞུས་ཏེ་གཤེན་བསྟན་གླེང་སའི་ཚོགས་ཐོག་ཏུ་ཕྱི་ལོ་ ༢༠༡༩ ལོར་དུས་ཡུན་ཟླ་བ་གཉིས་དང་ཕྱེད་ཀྱི་རིང་འཆད་ཁྲིད་ཞུས་པ་ཡིན། སྐབས་དེར་ཚོགས་ཞུགས་མི་སྣ་འགའ་ཞིག་དང་དམིགས་བསལ་༧སྐྱབས་རྗེ་མཆོག་གི་མཛད་འཕྲིན་དང་འབྲེལ་འདྲིས་ཤིན་ཏུ་ཆེ་བའི་རབ་འབྱམས་གཞུང་བརྒྱ་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་པོ་བསྟན་འཛིན་སྦྱིན་པ་མཆོག་དང་།གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་བཅས་ནས་རྒྱུས་སྟོན་དང་རྒྱུ་ཆ་ཕུན་སུམ་ཚོགས་པ་སྔ་རྗེས་མཁོ་འདོན་གནང་བར་ངས་སྐབས་འདིར་ཚང་མར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།

  ༤༽སྐབས་དེ་དང་བསྟུན་ཏེ་ཚོགས་གཙོ་དཔོན་ཚང་རྒྱལ་མཚན་མཆོག་དང་ཚོགས་ཞུགས་མི་སྣ་དུ་མས་ངས་འཆད་ཁྲིད་ཞུས་པའི་རྣམ་ཐར་སྒྲ་འཇུག་གནང་རྒྱུར་གལ་ཆེ་དོན་ཆེར་གཟིགས་ཏེ་རྫོགས་ཆེན་ཡང་རྩེ་གླིང་གི་མཁན་པོ་ཚུལ་ཁྲིམས་རྣམ་རྒྱལ་དང་། མཚམས་རྒན་ནམ་མཁའ་མཐོང་གསལ། བོན་གཤེན་ཚེ་བརྟན་བཅས་ལ་སྒྲ་འཇུག་ཡོང་བའི་རེ་བསྐུལ་ཞུས་པ་ལྟར་སྒྲ་འཇུག་མཛད་དེ་བོན་འབངས་རྣམས་ཀྱི་དད་འདུན་མོས་པའི་གསོས་སུ་འཛམ་གླིང་དུ་ཡོངས་ཁྱབ་ཏུ་གྱུར་པ་རེད། 

༥༽ དེ་བཞིན་གཤེན་བསྟན་གླེང་སའི་ཚོགས་གཙོ་གཙོས་ཚོགས་ཞུགས་མི་སྣ་དང་། ཚོགས་ཁོངས་སུ་མ་ཚུད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་དད་ལྡན་བླ་མ་དགེ་བའི་བཤེས་གཉེན། བོན་གྱི་རིག་གཞུང་དང་ལོ་རྒྱུས་ལ་མཁས་པའི་སྐྱེ་བོ་སྐྱ་སེར་དུ་མས་༧སྐྱབས་རྗེ་མཆོག་གི་རྣམ་ཐར་སྒྲ་ཕབ་ཙམ་དུ་མ་ཟད་ཡིག་འབེབ་དགོས་ཚུལ་ཚོགས་ཐོག་དང་། ཟུར་ནས་རེ་བསྐུལ་ཡང་ནས་ཡང་དུ་རྒྱུན་རིང་གནང་བར་བརྟེན་ང་ཚོས་ཡིག་འབེབ་ཚན་ཁག་གི་གཙོ་འཛིན་ཧོར་གཙང་དགེ་བཤེས་བསམ་གཏན་གཙུག་ཕུད་རིན་པོ་ཆེ་མཆོག་ལ་རེ་བསྐུལ་ཞུས་ཏེ་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༤ ཚེས་ ༣༠ ཧོར་ཟླ་ ༣ ཚེས་ ༧ སྐུ་ཡི་བླ་གཟའ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་ཚོགས་མི་བསྐོ་བཞག་དང་རྣམ་ཐར་ཡིག་ཐོག་ཏུ་འབེབ་རྒྱུ་དབུ་འཛུགས་ཞུས་པ་ཡིན།

ཡིག་འབེབ་ཚན་ཆུང་གི་ཚོགས་མི།

རྩ་འཛིན་སློབ་དཔོན་འབྲུ་རིགས་དགེ་བཤེས་ཁྱུང་ཁྲི་ལྡེ། སྐུ་བཅར་བ་དྲེ་བོ་དགེ་བཤེས་སྐལ་བཟང་བློ་གསལ། སློབ་གཉེར་བ་ཞང་ཞུང་ཚུལ་ཁྲིམས་རབ་བརྟན། སློབ་གཉེར་བ་རྗེས་རུ་ཁྲི་གཙུག་བརྟན་པ། སློབ་གཉེར་བ་འབྲུ་རིགས་ཚུལ་ཁྲིམས་དྲི་མེད། སློབ་གཉེར་བ་མ་ནུ་གཡུང་དྲུང་མཐར་ཕྱིན་བཅས་ལ་གཏན་ཁེལ་གྱིས་ངེད་ཚོ་བླ་གྲྭ་བརྒྱད་ཀྱིས་མི་ལོ་གཉིས་ལྷག་ཙམ་གྱི་ནང་དུ་དུས་ཚོད་ཆེད་དུ་བཟོས་པ་དང་། བར་གསེང་གང་ཁོམས་ལ་འབད་བརྩོན་ལྷོད་མེད་ཀྱིས་རྣམ་ཐར་རིན་པོ་ཆེ་ཡིག་འབེབ་ཞུས་པ་ཡིན། རྣམ་ཐར་ཡིག་འབེབ་ཞུས་སྐབས་ངས་རྣམ་ཐར་རིན་པོ་ཆེ་སྙན་སྒྲོན་ཞུས་པའི་ཁྲོད་ནས་བོད་ཕྱི་ནང་གཉིས་ཀྱི་དགོན་སྡེ་འགའ་ཞིག་དང་། བླ་སྤྲུལ་འགའ་ཞིག་གི་སྐོར་ནས་གོང་འོག་འཁྲུགས་པ་དང་། མ་དག་པ། ནོར་འཁྲུལ་ཅན་དུ་གྱུར་པ་མི་ཉུང་བ་ཞིག་འདུག་པ་རྣམས་ཁྱབ་ཁོངས་སོ་སོའི་དྲ་བ་དང་། ཁ་པར། བརྡ་འཕྲིན་སོགས་ཀྱི་བརྒྱུད་ནས་ཐད་ཀར་བཀའ་འདྲི་ཞུས་པར་འབྲེལ་ཡོད་སོ་སོས་དྭོགས་བསལ་གྱི་རྒྱུ་ཆ་མཁོ་འདོན་དང་། ངག་ཐོག་ནས་གསལ་བཤད་འཐུས་ཚང་གནང་བ། རྣམ་ཐར་ཡིག་འབེབ་གནང་སྐབས་དྭོགས་གནས་ཡོད་རིགས་གུས་པར་དྭོགས་དཔྱོད་དང་། རྒྱུ་མཚན། དཔང་རྟགས་བཅས་པ་དགོས་ཚུལ་གྱི་ཡིག་འབེབ་ཚོགས་མི་རྣམ་པས་ཞབས་བསྐུལ་དོ་ནན་གནང་བར་ཁོ་བོའི་ལག་ཏུ་ཡོད་པའི་དཔང་རྟགས་དང་རྒྱུ་མཚན་རྣམས་སྤྱན་བསྟར་ཞུས་པ་མ་ཟད། མཚམས་མཚམས་སུ་ཁོ་བོས་འགའ་ཞིག་ལ་རྒྱུ་མཚན་འདེང་ངེས་ཀྱི་དཔང་རྟགས་དང་གསལ་བཤད་མཐིལ་ཕྱིན་ལན་འདེབས་མ་ཐུབ་ཚེ་༧སྐྱབས་རྗེ་རྩ་བའི་བླ་མར་ཐད་ཀར་སྐུ་བཅར་བའི་བརྒྱུད་ནས་བཀའ་འདྲི་ཞུས་ཏེ་དྭོགས་བསལ་གཙང་མ་བཟོས་ཡོད། དེ་མིན་འབྲེལ་ཡོད་དོ་བདག་སོ་སོར་དཔང་རྟགས་དང་། བཀའ་འདྲི་ཇི་དགོས་ཞུས་དག་ཡོ་བསྲང་བྱས་ཏེ་རྣམ་ཐར་འཆད་པའི་སྐབས་སྒྲ་འཇུག་ནང་དུ་ཇི་འཁོད་ལྟར་རང་སར་མ་བཞག་པར་ལེགས་བཅོས་དགོས་རིགས་ཆ་ཚང་བྱས་ནས་ད་ལྟའི་རྣམ་ཐར་དངོས་བྱུང་དྲི་མེད་ཤེལ་སྒོང་འདི་ཉིད་དེ་རིང་བྱིན་རླབས་ཆེན་པོའི་བཀྲ་ཤིས་རྟེན་འབྲེལ་གྱི་དབུ་འབྱེད་ཞུ་རྒྱུ་བྱུང་བ་རེད། དེ་ཡང་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང་། ༧སྐྱབས་རྗེ་རྩ་བའི་བླ་མར་བཀའ་འདྲི་དགོངས་སྐོར་ཞུས་ཚད་ལ་བཀའ་ལན་མཐིལ་ཕྱིན་བཀའ་དྲིན་ཆེ་བསྐྱངས་གནང་བའི་ཉེར་ལེན་དང་། ཕྱོགས་སོ་སོར་བཞུགས་པའི་འབྲེལ་ཡོད་རྣམ་པས་དྭོགས་བསལ་གྱི་གསལ་བཤད་དང་རྒྱུ་ཆ་མཁོ་འདོན་གནང་བ། ཡིག་འབེབ་ཚན་ཁག་གིས་ཞིབ་གཟིགས་ཀྱིས་དྭོགས་གནད་ཕྲ་མོ་ཙམ་ལའང་སྣང་ཆུང་དུ་མ་བཏང་བར་གུས་པར་དྭོགས་འདྲི་དང་གོ་བསྡུར་ཇི་དགེ་གནང་བ་སོགས་ལ་བརྟེན་༧སྐྱབས་རྗེ་རྩ་བའི་བླ་མའི་རྣམ་ཐར་རིན་པོ་ཆེ་དང་། གཡུང་དྲུང་བོན་གྱི་ལོ་རྒྱུས། དེ་འབྲེལ་བོན་གྱི་བླ་སྤྲུལ་མང་པོའི་རྣམ་ཐར་བཅས་འཐུས་ཚང་དུ་དད་དམ་བླ་ན་མེད་པའི་བོན་འབངས་རྣམས་དང་། མཁྱེན་ལྡན་མཁས་དབང་རྣམ་པའི་སྤྱན་སྔར་དེ་རིང་ཁ་དགེ་བཀྲ་ཤིས་ངང་སྤྱན་བསྟར་ཞུ་ཐུབ་པ་འདི་གོང་དུ་ཞུས་པ་ལྟར་༧སྐྱབས་རྗེ་རྩ་བའི་བླ་མ་སོགས་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང་། མ་བདུད་གཉིས་ཀྱི་གྲོགས་དང་འཕྲིན་ལས་ཀྱི་བཀའ་དྲིན་ཉག་གཅིག་ལས་གྲུབ་པ་ཡིན། རྣམ་ཐར་རིན་པོ་ཆེ་འདི་མ་བསྒྲིགས་རང་བཞིན་ལྷུན་གྲུབ་ཚུལ་དུ་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་བརྗིད་ཀྱི་འགྲོས་དང་མཚུངས་པ་རང་འབྱུང་དུ་གྱུར་འདུག་པ་ནི་རྟེན་འབྲེལ་བརྡ་རྟགས་ཤིན་ཏུ་ནས་ལེགས་པར་ངས་ངོས་འཛིན་ཞུས་ཀྱི་ཡོད།

དེ་སྔོན་རྣམ་ཐར་འཆད་ཁྲིད་སྐབས་སྒྲ་འཇུག་ཏུ་མ་ཚུད་པ་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ནས་སྐུ་བཅར་བ་དྲེ་བོ་དགེ་བཤེས་སྐལ་བཟང་བློ་གསལ་གྱིས་༧སྐྱབས་རྗེ་མཆོག་དགུང་གྲངས་དགུ་ཅུ་གོ་བརྒྱད་བར་གྱི་མཛད་འཕྲིན་ཟིན་ཐོ་བཀོད་པ་རྣམས་དང་། དེའི་བར་འདུས་སྡེ་རྒྱ་མཚོ་དང་བོན་འབངས་སྤྱི་བྱིངས་ལ་ཟབ་གསལ་བཀའ་སློབ་བཀའ་དྲིན་ཆེ་བའི་སྒྲ་འཇུག་དང་། བརྙན་འཕྲིན། དྲ་བ་དང་བགྲེས་པོའི་འབེལ་གཏམ་སོགས་སུ་འཁོད་པ་རྣམས་གཞི་རྩར་བཞག་སྟེ་མི་ལོ་གསུམ་གྱི་མཛད་རྣམ་ཁ་སྣོན་དང་ཁ་སྐོང་ཞུས་ཡོད། མཐའ་མའི་ཞུས་དག་སྐབས་དེ་སྔོན་ངག་ཐོག་ནས་རྣམ་ཐར་སྙན་སྒྲོན་ཞུ་རྒྱུ་ལྷག་ལུས་སུ་གྱུར་པ་དང་། དམིགས་བསལ་རྣམ་ཐར་ནང་གི་དོན་གནད་རྣམས་གསལ་འདོན་གྱི་ལོ་དུས་ཟླ་གྲངས་གསལ་བའི་ཡིག་ཆ་ངོ་མ་དང་། དཔར་བརྙན་ངོ་མ་རྣམས་ཡིད་ཆེས་ཕེར་བའི་དཔང་རྟགས་ཀྱི་ཚུལ་དུ་རྣམ་ཐར་སྟོད་སྨད་བར་གསུམ་གྱི་ནང་དུ་བཀོད་ཡོད།

དམིགས་བསལ་ཟུར་དུ་ཞུ་དགོས་པ་ཞིག་ལ་བསམ་བཞིན་དུ་ཁོ་བོའི་ལུས་ངག་ཡིད་གསུམ་གྱིས་རྩོལ་སྒྲུབ་བྱས་ཏེ་འཆར་སྒྲིག་ཞུས་པ་གཏན་ནས་མེད་ཀྱང་རྣམ་གཡེང་དང་། བརྗེད་ངེས། ལེ་ལོ་སོགས་མ་རིག་རྨོངས་པའི་དབང་གིས་རྣམ་ཐར་གྱི་སྒྲོམ་གཞིའི་ནང་ཁོ་བོའི་ཤེས་རབ་དང་རྣམ་དཔྱོད་ཀྱིས་མ་ཁེབས་པར་ཆད་ལྷག་སོང་བ་དུ་མ་ཞིག་ཡོད་སྲིད། དེ་མིན་དགོན་སྡེ་རི་ཁྲོད་དང་བླ་སྤྲུལ་མཁན་རྒྱུད་དུ་མའི་ལོ་རྒྱུས་དང་རྣམ་ཐར་ཁ་སྐོང་དགོས་པ་དང་། ཞུས་དག  འཆད་རྩོམ་དགོས་པ་རྣམས་ཆ་ཚང་བ་ཞིག་ཡོང་བའི་འབད་བརྩོན་གང་ལེགས་ཞུས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྣམ་ཐར་ཡིག་ཐོག་ཏུ་བཀོད་པ་འདི་དོན་དངོས་སུ་གྱུར་པའི་རྣམ་ཐར་རྒྱས་ཤོས་ཤིག་ཏུ་གྱུར་ཡོད་ཅེས་ཞུ་རྒྱུ་ཡིན། རྣམ་ཐར་འདི་ཡིག་འབེབ་གནང་སྐབས་ངས་ངག་ཐོག་ནས་ཞུས་པ་ལྟར་ཡིག་འབབ་མཛད་པ་ལས་ཚིག་བརྒྱན་ཕྱུག་དབུལ་ལ་འབད་པ་གཏན་ནས་མི་དགོས་པའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་བྲིས་ཡོད་པས་དེ་ལུགས་ཀློག་པ་པོ་རྣམས་ཀྱི་ཐུགས་སུ་མངའ་བ་ཞུ་རྒྱུ་ཡིན། 

དམིགས་བསལ་རྣམ་ཐར་རིན་པོ་ཆེ་ཡིག་འབེབ་མཛད་པ་ནས་བཟུང་མཐུན་རྐྱེན་རྩོལ་སྒྲུབ་མཛད་པོ་དགེ་བཤེས་བསམ་གཏན་གཙུག་ཕུད་རིན་པོ་ཆེ་མཆོག་དང་། གཤེན་བསྟན་གླེང་སའི་ཚོགས་གཙོ་དཔོན་ཚང་རྒྱལ་མཚན། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་རྣམ་གསུམ་གྱིས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་བཞུགས་པའི་དད་ལྡན་བོད་ཀྱི་བོན་འབངས་དུ་མ་ཞིག་དང་། དད་ལྡན་ནུབ་ཕྱོགས་པའི་འབྱོར་ལྡན་ཁག་ཅིག་ལ་དཔར་བསྐྲུན་སོགས་ཀྱི་འགྲོ་གྲོན་འབོད་བསྐུལ་གནང་བ་ལྟར་སྦྱིན་བདག་རྣམ་པས་མཐུན་རྐྱེན་གང་ལེགས་སྦྱར་འདུག་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་དམིགས་བསལ་གཤེན་བསྟན་གླེང་སའི་ཚོགས་གཙོ་དང་། ཡིག་འབེབ་ཚན་ཆུང་གི་ཚོགས་མི་ཡོངས་སུ་རྫོགས་པས་དུས་ཡུན་རིང་པོར་ཕྱག་ལས་མཐར་ཕྱིན་པར་གནང་བ་མ་ཟད། རྒྱབ་སྐྱོར་རྒྱ་ཆེ་གནང་བར་ངས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་བརྒྱུད་གསུམ་ཡོངས་རྫོགས་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་པ་ཐ་དག་འབད་མེད་ལྷུན་འགྲུབ་ཏུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་བོད་ཀྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༢ བོད་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་ཕག་མགོན་དགེ་བཤེས་ཀྱིས་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་སྤེལ།

 

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མཛད་རྣམ་རབ་གསལ་མེ་ལོང་དབུ་འབྱེད་ཀྱི་གནས་འཕྲིན།

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་ལོ་རྒྱུས་ཕྱོགས་སུ་བསྡུས་པ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཞེས་གཤེན་བསྟན་གླེང་སའི་དྲྭ་ཚོམ་ནང་དགེ་བའི་བཤེས་གཉེན་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་ཞིང་རྣམ་ཐར་ཡིག་འབེབ་ཚན་ཁག་གིས་དེབ་གཟུགས་སུ་རྩོམ་སྒྲིག་བྱས་པའི་ཡོངས་འཛིན་རིན་པོ་ཆེའི་མཛད་རྣམ་རྒྱས་པ་དེབ་སྟོད་སྨད་བར་གསུམ་ཅན་དེ་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཕྱི་ཚེས་ ༡༢ ཧོར་ཟླ་ ༡༢ ཚེས་ ༡ ཉིན་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་སམ་ཞང་ཞུང་ལོ་སར་ཉིན་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་དབུ་འབྱེད་གནང་། དེ་ཡང་ཐོག་མར་སྤྲོ་ཚོགས་ཀྱི་འཚོགས་གུར་ནང་སྐྱ་སེར་མི་མང་མཉམ་དུ་འཚོགས་ནས་བོད་སྡེ་ལྷན་འཛོམས་སྤྲོ་ཚོགས་ཀྱི་མཛད་སྒོ་དབུ་བཙུགས་ཏེ་གྲྭ་མང་འདུས་པ་རྒྱ་མཚོ་ནས་བསང་གསོལ་དང་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་དབྱངས་སུ་བསྐྱོན་པ་དང་། དེ་རྗེས་སྲིད་པའི་བརྡ་དར་ཆེན་མོ་སྒྲེང་འཛུགས་གནང་། དེ་ནས་བོན་པོ་ཚོགས་པའི་ཚོགས་གཞོན་དང་། དྲུང་ཆེ་རྣམ་གཉིས་ནས་བྱོན་པ་ལེགས་གསོལ་གྱི་གསུང་བཤད་གནང་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ། དེ་རྗེས་དོལ་པོ་ཕུག་སུམ་མདོ་གྲོང་སྡེའི་སྤྱི་ཁྱབ་ཟླ་བ་བསམ་གྲུབ་ནས་གསུང་བཤད་གནང་། དེ་ནས་རྣམ་ཐར་དབུ་འབྱེད་གྱི་མཛད་སྒོ་དབུ་ཚུགས་ཏེ་ཐོག་མར་རྣམ་ཐར་རྩོམ་སྒྲིག་པ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་སྐྱ་སེར་མི་མང་ཡོངས་ལ་འཚམས་འདྲི་དང་འབྲེལ་བའི་རྣམ་ཐར་དབུ་འབྱེད་འགོ་འཛུགས་ཀྱི་གསུང་བཤད་གནང་བ་དང་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱིས་རྣམ་ཐར་དབུ་འབྱེད་གནང་། དེ་ནས་རྣམ་ཐར་རྩོམ་སྒྲིག་པ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་རྣམ་ཐར་གསུང་བཤད་དང་རྣམ་ཐར་རྩོམ་སྒྲིག་གི་བརྒྱུད་རིམ་སྐོར་དབྱིན་བོད་གཉིས་ཀྱི་སྐད་ཐོག་ནས་ངོ་སྤྲོད་གནང་བ་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་པ། སྐུ་མགྲོན་གཙོ་བོ་བཅས་ལ་པར་ཕུད་ཕུལ་ཏེ་རྣམ་ཐར་སྒོ་འབྱེད་ཀྱི་མཛད་སྒོ་མཇུག་གྲུབ་པ་གནང་། རྣམ་ཐར་སྟོད་སྨད་བར་གསུམ་གྱི་དེབ་གསུམ་དེ་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཀྱི་དཔལ་འབྱོར་མཐུན་རྐྱེན་དང་རྒྱབ་སྐྱོར་ཆེད་དུ་རྣམ་ཐར་རིན་གོང་ཚད་བཀྱགས་གནང་ནས་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཉིན་གཅིག་རིང་ཚོང་འགྲེམས་གནང་བའི་ཡོང་འབབ་གང་བྱུང་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ལ་ཞལ་འདེབས་འབུལ་རྒྱུ་གནང་བ་རེད། རྣམ་ཐར་གྱི་གསུང་བཤད་དང་རྣམ་ཐར་རྩོམ་སྒྲིག་གི་བརྒྱུད་རིམ་དང་ངོ་སྤྲོད་སྐོར་གོང་དུ་བཀོད་ཡོད་པས་གཟིགས་རོགས་ཞུ་རྒྱུ་དང་བཅས་རྣམ་ཐར་དབུ་འབྱེད་ཀྱི་གནས་ཕྲིན་དགེ་ཁྱུང་ཁྲི་ལྡེ་ནས་ ༢༠༢༤ ཟླ་ ༠༡  ཚེས་ ༡༢  ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 889 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་སྐྲུན་…
error: རྩོམ་འདི་བདག་དབང་ཅན་ཡིན།