ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྱུང་སྨྱུག་མཛེས་ཀྱི་རྩོམ་དེབ་གསེར་གྱི་གླིང་བུ་ཞེས་པ་གསར་ཐོན་བྱུང་བ།

སྔོན་བཤད། <<གསེར་གྱི་གླིང་བུའི་ཁ་ཚར།>>                                                

ཇི་སྐད་དུ། མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས།། ཞེས་དང་། ཟུར་མཁར་བློ་གྲོས་རྒྱལ་བས། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།། རྒྱན་མེད་པ་ན་སྐྱེ་བོས་གླེང་།། དེ་བཞིན་སྙན་ངག་མི་ལྡན་པའི།། བསྟན་བཅོས་མཁས་ལ་རྩིས་སུ་མེད།། ཅེས་དང་། གཙང་གཤེན་སྙན་ངག་མཁན་པོས་ཀྱང་། སྙན་ངག་སྣང་བའི་དགའ་སྟོན་འདི།། སྲིད་པའི་བར་དུ་མི་གསལ་ན།། འཇིག་རྟེན་གསུམ་ན་གནས་པ་གང་།། མུན་པ་སྟུག་པོས་གཡོག་ལས་ཅི།། ཞེས་དང་། སྙན་ཚིག་སྨྲ་ལ་འགྲན་པའི་ཟླ་དང་བྲལ་བ་ཚུལ་ཆེན་པཎྚིའི་ཞལ་ནས། རིག་གནས་གཞན་ལ་ལྟ་བའི་འདྲེན་བྱེད་དུ་གྱུར་ཅིང་། ཟབ་རྒྱས་ལེགས་བཤད་ཕྲེང་ཚོགས་དྲན་དབང་ཡོངས་ཀྱི་གཟིགས་མོར་སྤེལ་བའི་ཐབས་རྨད་དུ་བྱུང་བ་ནི་སྙན་ཚིག་རིག་པ་ཁོ་ནར་ངེས་པ་དང་། འདི་ལ་ཕྱོགས་ཙམ་ཡང་མ་སྦྱང་པར་གསུང་རབ་ཀྱི་ཚིག་དོན་ལ་ཀུན་ནས་རྨོངས་པའི་མུན་པ་སྟུག་པོས་བློ་མིག་བསྒྲིབ་པར་འགྱུར་བའི་ཚུལ་ཡང་གཙང་གཤེན་ཆེན་པོས། སྙན་ངག་སྣང་བའི་དགའ་སྟོན་འདི།། སྲིད་པའི་བར་དུ་མི་གསལ་ན།། འཇིག་རྟེན་གསུམ་ན་གནས་པ་གང་།། མུན་པ་སྟུག་པོས་གཡོག་ལས་ཅི།། ཞེས་གསུངས། དེ་ལྟར་བཅུ་རིག་སྨྲ་བའི་མཁས་དབང་དག་གིས་མགྲིན་པ་གཟེངས་སུ་བསྟེགས་ཏེ་བསྟོད་པའི་དབྱངས་སུ་བྱས་པའི་རིག་གནས་དག་ནི་སྙན་ཚིག་རིག་པ་འདི་ཉིད་དུ་ངེས་པར།  དྲན་དབང་དག་ལ་ལེགས་སྐྱེས་སུ་བསྟར་བའི་རིན་ཆེན་དོ་ཤལ་ནི་འདི་ལྟར་སྙན་ཚིག་རིག་པ་སྟེ། དེ་ལའང་རྐང་གཉིས་དག་གི་མགྲིན་པའི་དབྱངས་ལས་བྱུང་བའི་ཐ་སྙད་ལེགས་པར་བསྟར་ཏེ། ལུགས་གཉིས་དབྱིག་གི་ཕྲེང་ཚོགས་དྲན་དབང་དག་ལ་གཟིགས་མོ་ཕུལ་བྱུང་ངམ། ལེགས་པའི་སྐྱེས་ཀྱི་མཆོག་ཏུ་བསྡེབ་ལེགས་དབྱངས་ཀྱི་རོལ་མོ་ཁོ་ནར་གསུངས། དེ་ལྟ་བུའི་སྙན་ཚིག་སྨྲ་བ་ལ་ཐོས་བསམ་འཆད་བརྩོན་གྱི་ནམ་མ་གསལ་བར་སྙན་ཚིག་རིག་པའི་ཉི་མ་འདེ་བར་སྔ་ལངས་ཀྱི་ཡོ་ལང་ལ་འབད་པའི་ལས་སུ་དུས་འདའ་བ་ནི་རྒོད་བྲོ་བ་ལགས་ཤིང་། སྙན་ཚིག་སྨྲ་བར་རྒྱུ་མཐུ་ཕུན་སུམ་འཚོགས་པར་བསྒྲུབ་པའི་སྟོབས་སུ་ལེགས་བཤད་ཀྱི་སྐྱེས་ཟད་མི་ཤེས་པ་མངའ་བར་འགྱུར་ལ། དེ་ཡང་ཁོ་བོས་སྙན་ཚིག་སྨྲ་བའི་དྲན་དབང་དག་གི་ཞལ་སྔ་འགྲིམ་ཞིང་། ལེགས་བཤད་དབྱངས་ཀྱི་རོལ་མོར་སྤྱོད་པའི་ལས་ཀྱི་སྐལ་བ་ཁུར་དུ་ཆེ་བའི་མཐུས། ད་སྔོན་མཚམས་སྤྲིན་འོག་གི་སྨྱུག་འགྲོས་ཞེས་པའི་རང་རྩོམ་སྙན་ཚིག་ལྟ་བུ་དེ་ཉིད་ཕྱོགས་ཀྱི་མཆོག་དམན་དག་གི་འདྲེན་བྱེད་དཔལ་དུ་བཀྲམ་ཞིང་། དེར་བརྟེན་ཀློག་པ་པོ་མི་ཉུང་བ་ཞིག་གི་སེམས་སུ་ཟབ་པའི་བག་ཆགས་བསྐྲུན་ཡོད་པར་གོར་མ་ཆགས་ལ། ད་ལན་འདིར་གསེར་གྱི་གླིང་བུ་ཞེས་པའི་རོལ་དབྱངས་ཤིག་ཕྱོགས་ཀྱི་ཐོས་ལྡན་དག་གི་སྒྲ་ལེན་དཔྱིད་དུ་འབུལ་བ་ལས། རྩོམ་དེབ་དང་པོ་ལས་དམིགས་བསལ་གྱི་དྲན་ཚོར་འགའ་ཞིག་ཞུ་ན། སྔོན་ཆད་ཀྱི་རྩོམ་ཡིག་ཕལ་ཆེ་བར་ཁོ་བོས་གཞུང་ལུགས་ཀྱི་གོ་རྟོགས་མ་བྱུང་པའི་སྔོན་དུ་བྱས་པ་ལག་པས། དེ་མཐུས་ཀྱི་སྙན་ཚིག་སྨྲ་བའི་གཞུང་དུ་བཤད་པའི་སྐྱོན་འགའ་ཡོད་སྲིད་པ་བཤད་མ་དགོས་མོད། ད་ལན་འདིར་གཞུང་ལུགས་ཀྱི་ངོས་ནས་བཤད་ན། ཕྱི་སྤང་ལམ་མདོ་ལས་སྤྱར་བ་ལ་གཞི་ཚུལ་ཁྲིམས་རྣམ་པར་དག་པ་པད་མའི་ཕྲེང་བར་སྤེལ་བ། ནང་སྒྱུར་ལམ་སྔགས་ལས་བྲིས་པ་རིམ་གཉིས་ཀྱི་རྣམ་བཞག་རབ་འབྱམས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར། གསང་བ་གྲོལ་བའི་ལམ་དུ་སྦྱར་བའི་སྣང་བཞི་སད་པའི་དབྱངས་ཀྱིས་ཐེག་གཞན་ཟིལ་གྱིས་གནོན་པར་ལུང་རིག་ཚད་མས་སྲང་ལས་བཤར་བ་ལྟར་སྦྱར་ལ། དེ་ཡང་གཙང་གཤེན་དགོངས་རྒྱན་ལས། གཞན་དུ་རྫོགས་པའི་སངས་རྒྱས་སྟོན་པ་ཐུགས་རྗེ་ཆེན་པོས་རང་ཅག་རབ་ཏུ་བྱུང་བ་རྣམས་ལ། འདི་འདྲའི་གཏམ་གླེང་འཇིག་རྟེན་གྱི་བྱ་བ་ལ་སྦྱར་བ་ལྟ་བུ།བར་མ་གནང་སྟེ། འདུལ་བ་མདོར་བསྡུས་ལས། རྒྱལ་པོ་དང་ནི་བུད་མེད་དང་།། དམག་དང་དེ་བཞིན་ཚོང་ཁེ་དང་།། ཁྱིམ་པ་བ་ཡི་གཏམ་མི་བྱ།། ཞེས་གསུངས་པའི་ཕྱིར་ན་བློ་དང་ལྡན་པ་རྣམས་ཀྱིས་སྙན་ཚིག་གང་བརྩམ་གསུང་རབ་ཀྱི་བརྗོད་དོན་ཟབ་མོ་དང་། ཡུལ་ཁྱད་པར་གྱི་བསྔགས་པ་ལ་སྦྱར་ན་མཐར་ཐུག་གི་དོན་ཆེན་པོར་འགྱུར་བར་རིགས་པར་བྱ་སྟེ། ཞེས་གསུངས་སོ།། དེ་ལྟར་གནའ་མིའི་གཏམ་དཔེར། དབྱུག་པ་རིང་ཚད་མདུང་། ཁ་ནང་བཤད་ཚད་གཏམ་མིན་ཞེས་པ་ལྟར་ཐོག་མཐའ་བར་གསུམ་དུ་སྙན་ཚིག་རིག་པ་སྨྲ་བའི་བསམ་པས་མ་ཟིན་པར་བྲིས་ཚད་སྙན་ངག་ཏུ་རློམས་པ་ནི། བོད་སྐད་གཙང་མ་ཞིག་ཀྱང་འཆོང་བར་དཀའ་བར་སྣང་སྟེ། དེ་དག་ནི་སྙན་ཚིག་རིག་པ་སྨྲ་བར་སླ་ཆོས་སུ་མཐོང་བ་དག་གིས་ཚིག་དོན་ཉམས་ཀྱི་ཁོ་ལག་མ་རྒྱས་པར་ཤིང་སྡོང་གོག་པོར་ཤོག་བུའི་མེ་ཏོག་ལོ་འདབ་བཏགས་པའི་ལྟས་སུ་རིགས་པར་བྱའོ།། ད་ལན་འདིར་གསེར་གྱི་གླིང་བུ་ཞེས་པའི་དེབ་ཆུང་དུ། དབྱངས་ཀྱི་ལྷ་ཕྱག མྱང་འདས་ཀྱི་དཀར་ཆག སེམས་ཀྱི་སྨྱུག་རྩལ། གངས་ཀྱི་གཙང་ཚན། ལྐོག་གྱུར་གྱི་རི་མོ་བཅས་ཚན་པ་ལྔར་དབྱེ་བ་དག་ལས། དང་ཐོག་རྒྱལ་བ་སྲས་དང་བཅས་པར་བསྟོད་པའི་རོལ་མོ་ངག་གུས་པའི་ལེའུ་ཚན་དུ་བསྟར་བ་ལགས་ཤིང་། གཉིས་པ་ཕྱོགས་ཀྱི་འདྲེན་པ་དུ་མ་ཞིག་དང་གསེར་ཞལ་མཇལ་ཞིང་གང་སྐུ་ཞི་བ་གཤེགས་པའི་རྗེས་དྲན། གསུམ་པ་སེམས་ཀྱི་འཆར་སྣང་ལས་དྲེས་པའི་སོར་སྨྱུག་བརྡར་བའི་བརྣོ་ཁ་ཇི་ལྟར་ཐོན་པ་རང་སེམས་ནས་ཚོད་ཀྱིས་བལྟས་པ། བཞི་པ་གངས་རི་ལྗོངས་ཀྱི་སྐད་ལ་མངའ་བའི་དམིགས་བསལ་གྱི་ཀ་རྩོམ་སྣ་ཚོགས། ལྔ་པ་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཇི་བཞིན་སྨྲ་བའི་ངང་ཚུལ་ཡུལ་དུས་རྣམ་པ་སྣ་ཚོགས་ཀྱིས་བསྐལ་བ་ལས་ཐོན་པའི་ཚིག་བཅད་རྐང་མཐེང་མ་འགའ་བཅས་ཡིན། དེ་དག་ལས་འགའ་ཞིག་ནི་སྙན་དེབ་དང་པོ་དེ་ཉིད་པར་བསྐྲུན་མ་བྱས་གོང་གི་རྩོམ་ཡིག་ཡིན་ལ། ཕལ་ཆེ་བ་ནི་དེབ་དང་པོ་བསྐྲུན་ཟིན་རྗེས་ཀྱི་རང་རྩོམ་སྟེ། དུས་དེབ་དང་ལོ་དེབ་ཚགས་ཤོག་དང་། དྲྭ་རྩོམ་སྣ་ཚོགས་སུ་འཁོད་པ་དང་མ་འཁོད་པའི་རིགས་རྣམས་ཕྱོགས་ཅིག་ཏུ་བསྡུས་ཏེ་བསྒྲིག་སྦྱོར་བྱས་པ་ཡིན་ཞེས་ཀོ་རྒྱལ་དགོན་དུ་༢༠༢༠ལོའི་ཟླ་བ༢་པའི་ཚེས་༢༢ཉིན་སྨྱུག་མཛེས་ནས་བྲིས་པའོ།།

རྩོམ་པ་པོས་རེ་སྐུལ་དང་མཐུན་སྦྱོར་གནང་བ་ལྟར་བཀོད།

 

 

(སྤྱིའི་གཟིགས་གྲངས། 307 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        གཡ…
error: རྩོམ་འདི་བདག་དབང་ཅན་ཡིན།