ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་ཉེ་ལམ་སྡེ་བཞིའི་དགོས་ཆེད་དང་གནས་ཕྲིན།

རྩོམ་པ་པོ་ཁྱུང་ཁྲི་ལྡེ།

  གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་ཉེ་ལམ་སྡེ་བཞི་འདི་ནི་ཧོར་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་ཉིན་བཞི་རིང་ལ་ལོ་ལྟར་འཆོགས་ཀྱི་ཡོད་པ་རེད། འདི་ནི༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དགོན་པ་འདི་ཕྱག་བཏབ་ནས་དགོངས་གཞི་དགོས་པ་རྒྱ་ཆེན་པོར་གཟིགས་ཏེ་འཚོགས་རྒྱུའི་སྲོལ་བཙུགས་པ་ཞིག་ཡིན། ཅི་སྟེ་ན་ང་ཚོ་འཇིག་རྟེན་མི་ཞིག་ཡིན་ཕྱིས་ཆད་འཇིག་རྟེན་འདིར་ས་ཆུ་མེ་རླུང་སོགས་བྱུང་བའི་ཁམས་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པ་ལས་གཞན་གནས་ས་མེད་པ་རེད། དེ་ཡིན་དུས་རང་བྱུང་གི་ཁོར་ཡུག་ཆེན་མོ་འདི་ནི་ང་ཚོ་མི་གཅིག་པུས་གང་འདོད་འདོད་དུ་ལོངས་སྤྱོད་རྒྱུ་མ་ཡིན་པར།

ཉེ་ལམ་སྡེ་བཞིའི་ཞལ་ཐང་།

ཉེ་ལམ་སྡེ་བཞིའི་ཞལ་ཐང་།

8

ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར།

སྐྱེ་འགྲོ་ཐུན་མོང་གིས་ལོངས་སུ་སྤྱོད་རྒྱུའི་མ་བགོས་སྤྱི་བཞག་གི་ཁོར་ཡུག་ཅིག་ཡིན་པ་ཤེས་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་ལ་བསམ་ཤེས་བྱེད་དེ་ཞི་བདེ་འཆམས་མཐུན་གྱི་དཔལ་ཡོན་རོལ་ནས་གནས་དགོས་པ་ལས། རང་བྱུང་ཁོར་ཡུག་གི་བདག་པོ་ཚོ་ལ་ཕོག་ཐུག་གཏན་ནས་གཏང་མི་རུང་། ང་ཚོའི་མིག་གིས་མི་མཐོང་པའི་ས་ལ་གནས་པའི་ས་བདག ཆུ་ལ་གནས་པའི་ཀླུ། ཤིང་ལ་གནས་པའི་གཉན། རྡོ་ལ་གནས་པའི་གཏོད་སོགས་བྱུང་བའི་བདག་པོ་འདི་ཚོ་ལ་འབུ་ཙམ་གྱི་བརྩི་མཐོང་མི་བྱེད་པར། ལྷ་མེད་འདྲེ་མེད་ཀྱི་ལྟ་བ་ཁུར་ནས་གང་བྱུང་མང་བྱུང་དུ་ས་རྐོ་རྡོ་སློག་ཆུ་འདྲེན་ཤིང་གཅོད་གཏེར་ཁ་བསྔོག་འདོན་སོགས་ཚད་ལས་བརྒལ་བའི་ཁོར་ཡུག་གཏོར་བཤིག་དང་། སྣོད་བཅུད་འབག་བཙོག  ཁེ་ལས་འཛུག་སྐྲུན་སོགས་བྱེད་ཆེ་ན་འཇིག་རྟེན་ཁམས་ལ་དབང་སྒྱུར་བའི་བཀའ་སྲུང་བོན་སྐྱོང་ལྷ་ཀླུ་གཞི་བདག་སོགས་ཐུགས་འཁྲུག་ཏེ་ཡངས་པའི་ཁམས་འདིར། ཆེ་ས་ནས་བྱུང་བཞིའི་གཡོ་འཁྲུག་གིས་མི་འབོར་ཁྲི་ཚོ་འབུམ་ཚོ་དུས་གཅིག་ཏུ་བར་དོའི་འཕྲང་ལ་བསྐྱལ་དང་། འབྲིང་ས་ནས་ནད་ཡམས་ན་ཚ་རྐྱེན་ངན་ཆག་སྒོ་རྒྱུན་ཆད་མེད་པ་དང་། ཆུང་ས་ནས་ཆར་ཆུ་དུས་སུ་མི་འབབ་པ་དང་ལོ་ཕྱུག་རྟག་ཏུ་མི་ལེགས་པ་སོགས་འཇིག་རྟེན་གྱི་རྒུད་ཚོགས་སྣ་ཚོགས་པ་ཞིག་བྱུང་བ་ཡིན་ཏེ། ཉེ་ལམ་སྡེ་བཞིའི་སྟོད་ཆོག་ལས། གདུག་རྩུབ་གནོད་འགལ་ཆེ་བ་ནི།། ཡོན་ཏན་ཐམས་ཅད་ཀུན་འབྱུང་ཡང་།། གདུག་རྩུབ་གདུག་པ་བསམ་མི་ཁྱབ།། ཕར་ལ་གདུག་པ་མ་བྱས་ན།། ཚུར་ལ་གདོན་པ་མི་བྱེད་ངེས།། དུག་དང་ཐབས་གཞོབ་མཁོན་དང་བྷར།། དམེ་མནོལ་བང་སྨེ་འཕྲུ་བཏུལ་ནས།། དེ་དག་ལ་སོགས་གདུག་པ་བྱས་པ་ནི།། ས་ཡང་ཁ་ཞབས་ལོག་པ་དང་།། རྒྱ་མཚོ་གཏིང་བརླག་རི་རིབ་ཁ་ཞབས་ལོག། རི་བདུན་ནམ་མཁའ་འཕང་དང་གླིང་བཞིར་འགྱུར།། གླིང་ཕྲན་ཁ་སྦུབ་སྲིད་པ་ཁ་ཞབས་ལོག། ནད་མུག་མཚོན་གསུམ་མེ་བདུན་ཆུ་གཅིག་འབྱུང་།། ཞེས་གསུངས་པ་ལྟར་གྱི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། 3རྒྱུ་མཚན་དེའི་ཕྱིར་ན་དགོན་པ་དང་གྲོང་ནག་སུ་ཞིག་ཡིན་རུང་ས་ཆུ་རྡོ་ཤིང་སོགས་འབྱུང་བ་ལྔ་ལོངས་སུ་སྤྱོད་མི་དགོས་མཁན་སུ་ཞིག་མེད་སྟབས། འཇིག་རྟེན་ཁམས་ལ་དབང་སྒྱུར་བའི་མངའ་དབང་ཅན་རྣམས་ལ་ཕོག་ཐུག་མི་ཤོར་བའི་ཐབས་ལ་ངེས་པར་དུ་མཆོད་བསྟོད་བྱེད་དགོས་ཏེ། གཟི་བརྗིད་ཡེ་གཤེན་ཐེག་པའི་མདོ་ལས། ཐེག་པ་རིམ་དགུ་བོན་སྒོ་གང་སྤྱོད་ཀྱང་།། འཇིག་རྟེན་བདག་པོ་མངའ་དབང་ཅན་རྣམས་ལ།།  དཀར་མཆོད་གཙང་མའི་གཏོར་མ་མ་བཏང་ན།། བདེར་གཤེགས་ཕོ་བྲང་གཞལ་ཡས་མ་སླང་ན།། མངའ་དབང་བདག་པོ་ས་བདག་ཀླུ་གཉེན་རྣམས།། བསྟན་པ་ཇི་ལྟར་བསྲུང་ཡང་ཀོ་ལོང་དམ།། ཤེས་རྒྱུད་ཇི་ལྟར་འཇམ་ཡང་ལྷ་མིན་རིགས།། དེ་ཕྱིར་ས་བདག་ཀླུ་གཉན་དཀར་གྱིས་མཆོད།། རྩི་ཤིང་ཞུག་དང་གསེར་སྐྱེམས་ཡས་སྟགས་རྫས།། རྒྱལ་བའི་བདེན་བདར་སྨྲང་གིས་བཀྲོལ་ལ་འབུལ།། འཇིག་རྟེན་མངའ་དབང་ཅན་རྣམས་དགྱེས་པར་བྱ།། ཞེས་དང་། ཡང་དེ་ཉིད་ལས། ཞིང་ཁམས་བདེ་དང་ལོ་ཏོག་ལེགས་པ་དང་།། རྒྱལ་ཁམས་དར་དང་མངའ་རིས་འཕེལ་བ་དང་།། ཕྱེད་ཙམ་སྔོན་མའི་ལས་ཀྱིས་བསྐོས་ལགས་ཀྱང་།། ཕྱེད་ཙམ་ས་བདག་མངའ་དབང་རྣམས་ལས་བྱུང་།། འདི་ལ་ཐབས་དང་བསྟུན་པར་མ་ཤེས་ན།། མི་དགེ་ཉེས་པའི་རྩ་བ་འདི་ལས་བྱུང་།། དེ་ཕྱིར་ས་བདག་ཀླུ་གཉེན་བཅོས་པར་བྱ།། ཞེས་གསུངས་པ་ཡིན། ང་ཚོས་ས་རྐོ་རྡོ་སློག་ཞིང་རྨོ་སོ་ནམ་ཚོང་ཁེ་འཛུག་སྐྲུན་བག་མ་བཏང་ལེན། དེ་བཞིན་ལོ་ངན་ཟླ་ངན་སྐར་ངན་ཞག་ངན་སོགས་ལ་མ་ཤེས་མ་རིག་དབང་གིས་ས་བདག་ཀླུ་གཉན་ལ་ཕོག་ཐུག་ཤོར་བ་དེ་དག་ཡོ་བ་བསྲངས་ཤིང་མཁོན་པ་སྡུམ་པའི་ཐབས་ལ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ཀླུ་གཉན་ས་བདག་གཏོད་བཞི་བཅོས་ཐབས་ཉེ་ལམ་སྡེ་བཞི་འདི་བསྟན་པ་ཡིན་ཏེ། ཉེ་ལམ་སྡེ་བཞིའི་སྟོད་ཆོག་ལས། དེ་ལྟར་མཐུ་སྟོབས་ཆེ་བས་གནོད་འགལ་གདུག་རྩུབ་ཞི་ཕྱིར་ཆེ།། ཐབས་དང་ཤེས་རབ་ལྡན་པ་ཡི།། གདུག་པ་བར་ཆད་འདུལ་ཐབས་བསྟན།། འཁོར་རྣམས་མ་ཡེངས་གུས་པས་ཉོན་།། ཐབས་ལ་མཁས་པའི་སྐྱེས་བུ་སྐལ་ལྡན་གྱིས།། སྐྱེ་མེད་གདོད་དག་ཀླུ་མོ་ཤེས་རབ་ངང་ཉིད་ཅན།། སྤྱོད་པ་མས་ཡར་འཛེགས་པའི་ཐབས་དང་ལྡན།། ཅིར་གདུག་ཆོ་འཕྲུལ་ཐབས་ཆེ་རྩོད་པ་ན།། ཇི་འཚོང་དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་བཤམས།། ཏིང་འཛིན་དགོངས་ལྡན་མཛེས་སྒྱུར་ལུས་ངག་ཡིད།། བརྩོན་འགྲུས་ཤུགས་དྲག་སྐྱེ་མེད་གདོད་བཞག་ན།། བར་ཆད་རང་ཞི་ནམ་མཁའ་སྤྲིན་པ་ལྟར།། གདུག་པའི་ཆོ་འཕྲུལ་བཟློག་པར་ངེས།། ལོངས་སྤྱོད་ལྡན་ཞིང་བཀྲ་ཤིས་ཕུན་སུམ་འཚོགས།། བདག་གཞན་དོན་གྲུབ་དབྱིངས་ཀློང་བྱང་ཆུབ་ངེས།། འཁོར་རྣམས་མ་ཡེངས་དད་པས་ཡིད་ལ་ཟུངས། ཞེས་གསུངས་སོ།། ཉེ་ལམ་སྡེ་བཞིའི་བོན་སྡེ་འདི་ནི། སྟོན་པ་རྫོགས་པའི་སངས་རྒྱས་ལ་མཚན་ལྡན་ཁྱེའུ་བཞིས་ཞུས་ནས་དར། དེ་རྗེས་དྲན་པ་ནམ་མཁའ་རྟགས་གཟིགས་ཡུལ་དུ་ལེན་བདུན་བྱོན་ཏེ། ཧུ་ལི་སྤར་ཡ་དང་མཇལ་ཏེ་བོན་འདི་ཞུས་ཏེ་གངས་ཏི་ཙེ་ལ་གཏེར་སྦས། ཕྱིས་སུ་གཏེར་སྟོན་ཁྱུང་རྒོད་རྩལ་གྱིས་དུས་རབས་བཅུ་གཉིས་པའི་ནང་གཏེར་དྲངས་ཏེ་ད་ལྟའི་ཞྭ་དཀར་བོན་གྱི་གཙུག་རྒྱན༧སྐྱབས་རྗེ་མཁན་སློབ་གཉིས་ཀྱི་བར་དུ་བརྒྱུད་ལུང་གི་ཟབ་པ་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ། ལག་ལེན་གྱི་མྱོང་བ་མ་འགག བོན་རྙིང་མ་དང་། གསེར་ཞུན་མའི་རང་མདངས་ངོ་མ་མ་ཉམས་པ་གནས་ཡོད། དེ་སྡོན་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་སྒྲིག་མཁན་དེ་ཚོས་འཕན་ཡུལ་སྒྲུབ་མཆོད་ཀྱི་བཀའ་བརྟེན་གྲལ་དུ་ ཁྱུང་རྒོད་རྩལ་གྱིས་དངོས་གྲུབ་ཏུ་རྙེད་པའི་ས་བདག་ཉེ་ལམ་སྡེ་བཞིའི་སྐོར་དང་།  ཞེས་དཔེ་ཚོགས་འདི་ཉིད་བཀའ་བརྟེན་གྲལ་དུ་བཞག་འདུག་ཀྱང་། གཉན་བོན་ཐོད་དེ་རྒྱལ་བ་དང་ཀོང་ཙེ་སོགས་ཀྱིས་མཛད་པའི་ནད་སེལ་སོགས་ལེའུ་ཕྲན་འགའ་ཞིག་བཀའ་བརྟེན་ཡིན་ཡང་། ས་བདག་ཀླུ་གཉན་གཏོད་བཅས་ཀྱི་འབུམ་བཞི་ནི་བཀའ་ཡིན་ལ། གཞན་སྒྲུབ་གཞུང་ངོ་མ་ཉེ་ལམ་སྡེ་བཞིའི་སྟོད་ཆོག་དང་། ཉེ་ལམ་སྡེ་བཞིའི་ཀླུ་བཅོས། ཉེ་ལམ་སྡེ་བཞིའི་གཉན་བཅོས། ཉེ་ལམ་སྡེ་བཞིའི་གཏོད་བཅོས། ཉེ་ལམ་སྡེ་བཞིའི་ས་བདག་བཅོས་པའི་གཞུང་བཅས་ཡིན། དང་པོ་གཞུང་གཙོ་བོ་ཉེ་ལམ་སྡེ་བཞིའི་སྟོད་ཆོག་འདི་ནི། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་མཆོག་རི་རྒྱལ་ལྷུན་པོའི་ཕོ་བྲང་། ལྷ་ཡི་རྒྱལ་པོའི་གནས་ལ་བཞུགས་ཏེ། འཁོར་ཡིད་ཀྱི་ཁྱེའུ་ཆུང་གིས་ཞུས་པ་གསལ་ཏེ། གཞུང་དེ་ཉིད་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོན་པ་གཤེན་རབ་མི་བོ་ནི། རི་རྒྱལ་ལྷུན་པོའི་ཕོ་བྲང་། ལྷ་ཡི་རྒྱལ་པོའི་གནས་ལ་བཞུགས་སོ།། ཞེས་པ་ནས། དེ་ལ་ཡིད་ཀྱི་ཁྱེའུ་ཆུང་གིས་ཞུས་པས། ཀྱེེ་སྟོན་པ་ལགས། ཀླུ་གཉན་གཏོད་དང་ས་བདག་བཞི།། བཅོས་པའི་ལུགས་དང་མཆོད་པའི་ཐབས།། བདག་ཅག་འཁོར་ལ་བསྟན་ཏུ་གསོལ།། དེ་ལ་སྟོན་པས་བཀའ་སྩལ་པ།། ཞེས་གསུངས་པས་སྟོན་པས་གསུངས་པའི་བཀའ་ཡིན་པར་མངོན། གཞན་བཞི་དེ་སྒྲུབ་གཞུང་ནང་བཀའ་དང་བཀའ་བརྟེན་གང་ཡིན་གསལ་ཁ་མི་འདུག་ལ། ཉེ་ལམ་སྡེ་བཞིའི་སྨད་ཆོག་ལས། དེ་ཡང་གང་ཞིག་ཚེ་རབས་སེམས་ཅན་རྣམས།། བཅོས་མདོ་འདི་དང་ལྡན་པའི་བཅོས་པ་ཡིས།  སྒྲིབ་སྦྱང་ཚོགས་རྫོགས་འགྲོ་དོན་གྲུབ་པར་ངེས།། སྟོན་པ་གཤེན་རབ་མི་བོར། མཚན་ལྡན་ཁྱེའུ་བཞིས་ཞུས་པས། ཉེ་ལམ་སྡེ་བཞིའི་བཅོས་མདོ་ཞེས་བྱ་བ་རྗོགས་སོ་།། ཞེས་གསལ་འདུག་ལ། གསས་མཁར་མཆོག་ལྔའི་སྒྲུབ་གཞུང་ལྟ་བུ་བརྒྱུད་ནང་ནས་འདོན་བདེ་བའི་ཆེད་དུ་བླ་མ་ཚོས་བསྒྲིགས་པ་དེ་འདྲ་ཡིན་ན་བཀའ་བརྟེན་གྲལ་དུ་འཇོག་གི་ཡོད་ཀྱང་འདི་ནི་དེ་ལྟ་བུ་མ་ཡིན་པས་བཀའ་བརྟེན་གྲལ་དུ་བཞག་ན་མི་འཐད་དོ།།  ཉེ་ལམ་སྡེ་བཞིའི་མདོས་ཆོག་འདི་ཉིད་ལག་ལེན་བྱེད་པ་ལ་ཐོག་མར་རྫས་ཆ་ཕུན་སུམ་འཚོགས་པ་བསག་དགོས་པ་ཡིན་ཏེ། མདོས་ཆོག་བསམ་འཕེལ་ནོར་བུ་ལས། རིན་ཆེན་གསང་བའི་འཕྲུལ་མདོས་འདི།། ཡོད་པ་རང་གི་ཕུག་ནས་བཏོན།། མེད་པ་མི་ལ་རིན་གྱིས་ཉོས།། མདོས་གཞི་ཁྲ་བོའི་སྟེང་ཤད་དུ།། ནས་འབྲས་འབྲུ་སྣ་ཕུང་པོར་སྤུངས།། འདོད་ཡོན་ཚང་པའི་མདོས་ཆེན་བཅས།། ཞེས་གསུངས་པ་ལྟར། དུས་མཆོད་མ་ཐུག་པའི་གོང་ནས་དགོན་པ་འདི་རུ་དང་པོ་ཉེ་ལམ་སྡེ་བཞིའི་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བཏབ། དེ་ནས་ཤིང་རིས་བལ་ཚོན་ཤིང་རྩི་དང་སྨན་རྫས་རྣམས་ཕུན་སུམ་འཚོགས་པར་བསགས། 25ཧོར་ཟླ་བཞི་པའི་ཚེས་པ་བཅུ་དང་བཅུ་གཅིག་གཉིས་ལ་ནམ་མཁའ་དང་རྒྱང་བུ་བཅས་མདོས་རྒྱན་རྣམས་ལེགས་པར་བཟོས། བཅུ་གཉིས་ཉིན་མདོ་གཡུང་དྲུང་ཀློང་རྒྱས་དང་ཉེ་ལམ་སྡེ་བཞི་གཉིས་ཀྱི་མཆོ་བཟོ་བྱས་ཏེ། ཚེས་པ་བཅུ་གསུམ་ཉིན་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཁོག་ཕུབ་ཏེ་ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་ཉིན་གྲངས་བཞི་ཡི་རིང་ལ་གྲྭ་མང་འདུས་པ་རྒྱ་མཚོས་གཞུང་བསྲངས་པ་རེད། ཉེ་ལམ་སྡེ་བཞིའི་མདོས་ཆོག་འདི་ནི་དེ་རིང་ཁ་སང་གི་དུས་ཚོད་གཉན་འཕྲང་སྟེ་གནམ་ལས་ཆར་ཆུ་ཇེ་ཉུང་། ས་ལ་ལོ་བཅུད་ཇེ་སྡུག ས་གཞིའི་གཡོ་འགུལ་ཇེ་རྒོད། ཆུ་ཐན་རླུང་དམར་ཇེ་མོད། ནད་ཡམས་འཁྲུག་པ་ཇེ་མང་འགྲོ་བའི་དུས་ཚོད་གཉན་འཕྲང་འདི་ལྟ་བུའི་ནང་། རྒྱལ་བ་མཆོད་པས་གཉེས། དམ་ཅན་ཐུགས་དམ་བསྐངས། ལྷ་སྲིན་གྱི་གདུག་རྩུབ་ཞི་སྟེ། ཡངས་པའི་འཇིག་རྟེན་ཁམས་སུ་མེ་ཆུ་ས་རླུང་སོགས་རང་བྱུང་གི་འབྱུང་བའི་འཇིགས་པ་དང་། ནད་མུག་འཁྲུག་རྩོད་ལ་སོགས་མི་མཐུན་པའི་རྒུད་ཚོགས་ཐམས་ཅད་མིང་མེད་དུ་ཞི་ཞིང་། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུག་རྟག་ཏུ་ལེགས་པ། སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཕུན་སུམ་འཚོགས་ཆེད་བླ་མ་གྲྭ་ཚང་དང་། སྡེ་དགོན་ཡོས་འབྲོག་ཐུན་མོང་གིས་བཅའ་འདོན་བྱེད་དགོས་པའི་དུས་ཐོག་གི་ཆར་པ་དང་། གཟེར་ཐོག་གི་མེ་བཙའ། དགོས་ཐོག་གི་ལྷན་པོ་ལྟ་བུའི་ཞབས་རིམ་ཞིག་ཡིན་པས་ཀུན་གྱིས་ཐུགས་སྣང་གནང་བར་གལ་ཆེ། ཞེས་ཉེ་ལམ་སྡེ་བཞིའི་དུས་མཆོད་ཀྱི་དགོས་པ་རྒྱུ་མཚན་བཅས་ཀྱི་ངོ་སྤྲོད་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༡༦།༥།༢༢ཉིན་སྤེལ།། །།

32290cookie-checkཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་ཉེ་ལམ་སྡེ་བཞིའི་དགོས་ཆེད་དང་གནས་ཕྲིན།
(སྤྱིའི་གཟིགས་གྲངས། 48 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཡོང་ཁུངས། …
error: རྩོམ་འདི་བདག་དབང་ཅན་ཡིན།