ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྲི་བརྟན་ནོར་བུ་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ།

༧ གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚད་མའི་རིགས་སྒྲ་ཆེན་མོ་ཐེངས་བཅོ་ལྔ་པའི་གནས་བསྡུས།

ཇི་སྐད་དུ།

རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན།།

འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས།།

རྩོམ་པ་ནོར་བུ་མཛོད་ལ་སྤྱོད་བྱར་ཅི།།

དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པར་རིགས།།

         ཅེས་གསུངས་པ་ལྟར་རྒྱལ་དང་རྒྱལ་སྲས་རིག་འཛིན་ལོ་པན་རིམ་བྱོན་རྣམས་ཀྱིས། གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་ཐབས་སུ། འགྲོ་བའི་བློ་དང་འཚམས་པར་སྦྱར་ཏེ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཐེག་པ་རིམ་དགུ ཕྱི་ནང་གསང་གསུམ་སོགས་བསམ་གྱིས་མི་ཁྱབ་པར་བསྟན་པ་རྣམས་ལ་ཚད་གསུམ་ཟུང་དུ་འབྲེལ་ཞིང་དཔྱད་གསུམ་རྣམ་པར་དག་པས་རིགས་པའི་སྦྱོང་བརྡར་མ་གནང་ཚེ། བཀའ་དང་བཀའ་བརྟེན་གྱི་དྲང་ངེས་ཀྱི་དོན་ཕྱིན་ཅི་མ་ལོག་པར་གཞལ་མི་ནུས་ཤིང་། ཇི་སྲིད་རྒྱལ་བའི་གསུང་རབ་ཕྱིན་ཅི་མ་ལོག་པ་འཇལ་མ་ནུས་པ་དེ་སྲིད་དུ་སྙིང་པོ་བྱང་ཆུབ་ཀྱི་དོན་ཐོབ་ཅིང་གྲོལ་བ་མི་སྲིད། དེའི་ཕྱིར་རྒྱལ་བའི་བཀའ་དང་བཀའ་བརྟེན་དྲི་མ་མེད་པ་རྣམས་ལ། རང་དོན་དུ་བཅུད་ལྡན་བླ་མའི་དྲུང་ནས་རིགས་པའི་ལམ་ནས་ཐོས་བསམ་ཚུལ་མཐུན་གནང་བའི་སྙིང་པོར་དཔྱད་འཇོག་རེས་མོས་སྤེལ་ཏེ་སྒོམ་པ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གདུལ་བྱའི་རྒྱུད་ལ་ཐར་པའི་ས་བོན་འདེབས་ཤིང་། སྨིན་གྲོལ་གྱི་ཉམས་རྟོགས་ཁྱད་པར་ཅན་བསྐྲུན་ཏེ་བདག་གཞན་གཉིས་དང་འདི་ཕྱི་གཉིས་ཀ་དོན་དང་ལྡན་པར་བྱ་དགོས་ལ། དེ་ལྟ་བུའི་མཛད་པ་ནི་རྒྱལ་སྲས་གཡུང་དྲུང་སེམས་དཔའི་རྣམ་ཐར་ལགས་ཤིང་། ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བ་ཀུན་གྱི་དོན་དུ་བླང་བྱའི་མཆོག་ཏུ་གྱུར་པ་ཞིག་ཡིན་པ་མ་ཟད།

     རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་བདག་ཅག་རྗེས་སུ་འཇུག་པ་རྣམས་ལ་སྤང་བླང་གི་གནད་རྣམས་འདོར་ལེན་ཚུལ་བཞིན་བསྒྲུབ་པ་ལ་རིག་པའི་དམིགས་བུ་མེད་དུ་མི་རུང་བར་བསྟན་པ་ཚད་མ་རིག་པ་ལ་རག་ལས་པ་དང་། ཚད་མ་རིག་པ་ནི་རིག་པའི་གནས་ཆེན་ལྔའི་ནང་ཚན་སྤྱི་རྗེ་རྒྱལ་པོ་བྱ་ཁྱུང་༼སངས་རྒྱས་གཤེན་རབ་ཀྱི་རྣམ་སྤྲུལ་༽གི་ངག་ལས་བྱུང་བའི་སྒྲ་རིག་པའི་བོན་སྡེ་གསུམ་གྱི་ཁོངས་སུ་བསྡུས་ཤིང་། སྒྲ་ཚད་སོ་སོར་ཕྱེས་པའི་བོན་སྡེ་དེ་དང་ཚད་མ་ལ་སྡེ་བདུན་ཏེ། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླང་བ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤང་བའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་ཀྱི་སྡེ་བཅས་ཚད་མ་སྡེ་བདུན་དུ་གྲགས་པའོ། དེ་དག་ཀྱང་ཉིད་ཀྱི་ཐུགས་སྲས་རྨ་ལོ་དང་གཡུ་ལོ་གཉིས་ལ་བསྟན་ཞིང་། ཚད་མ་རིག་པ་ཡང་གཏན་ཚིགས་རིག་པར་འབྲེལ་བ་གྲུབ་པ་དང་། གཏན་ཚིགས་རིག་པ་ཡང་གཞལ་བྱའི་གནས་གང་ཞིག་ལ་འཇལ་བྱེད་བློ་དོན་མཐུན་སྐྱེ་བར་ལུང་རིགས་རྒྱུན་མཚན་གྱི་སྒོ་ནས་སྒྲུབ་པར་བྱེད་པའི་རིགས་པ་ཞིག་ལ་ངོས་འཛིན་བྱ་དགོས་པས། དེའི་ཚུལ་ཡང་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ཞེས་པའི་ལུང་གིས་བསྟན།

    དེ་བཞིན་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཉིད་མུ་སྟེགས་ཀྱི་སྟོན་པར་སྤྲུལ་ནས་ཕྱི་རོལ་བའི་གྲུབ་མཐའ་འཛིན་པའི་སྟོན་པ་བཅུ་གཉིས་འཁོར་དུ་བསྡུས་ཏེ་ལྟ་ལོག་སུམ་བརྒྱ་དྲུག་བཅུ་མངོན་པར་བསྟན་ནས་མཐར་དེ་དག་གང་ཞིག་མི་བདེན་པར་སྒྲུབ་པའི་རིགས་པར་མངོན་ལྐོག་གཉིས་ཀྱི་སྒོ་ནས་སྒྲུབ་བྱེད་རྟགས་དང་རིགས་པ་ཞིབ་ལ་རྒྱས་པར་གསུངས་ནས་མུ་སྟེགས་ཀྱི་རྟོག་གེ་སྨྲ་བ་ཐམས་ཅད་ཡང་དག་པའི་རིགས་པས་སུན་ཕྱུང་བར་བསྟན་པ་གཏན་ཚིགས་ཐེག་མདོ་གསུངས་པ་དང་། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཅེས། དོན་ལྔ་དང་རྟགས་ཚུལ་གྱི་རྣམ་བཞག་རྒྱ་ཆེར་གསུངས་ཤིང་རྩོད་དང་རྩོད་སྤོང་གིས་ལོག་རྟོག་ཟློག་པའི་ཐབས་ལམ་བསྟན། དེ་རྗེས་ཞང་བོད་ཀྱི་ཁུལ་འདིར་བླ་མ་སྙ་ཆེན་པོ་ལི་ཤུ་སྟག་རིང་དང་། བླ་ཆེན་པོ་དྲན་པ་ནམ་མཁའ་སྔ་ཕྱི་སོགས་ཞང་བོད་ལོ་པཎ་རིམ་བྱོན་གྱིས་རྒྱུ་འབྲས་ཀྱི་བོན་སྡེ་རྣམས་དྲང་ངེས་གཉིས་དང་བདེན་པ་གཉིས། ཚད་མ་གསུམ་སོགས་ཀྱི་སྒོ་ནས་བཤད་གཞུང་བརྩམས་ཏེ་སློབ་པའི་རྒྱུན་བསྐྱངས། གཞན་ཡང་ལོ་པན་ཤ་རི་དབུ་ཆེན་གྱིས་གལ་པོ་རྩོད་པའི་སྡེ་གཏན་ཚིགས་གལ་མདོ་བརྩམས་ཏེ་ཐེག་པ་ཆེ་ཆུང་དང་ཕྱི་ནང་གྲུབ་མཐའ་རྣམས་སུན་ཕྱུང་ཤིང་མཐར་ཐུག་ཡང་མེས་ངོ་བོ་ཉིད་ཀྱི་ཁྱད་བོན་མངོན་དུ་སྟོན་པར་རྩོད་དང་རྩོད་སྤོང་གི་རྣམ་བཞག་ཞིབ་ལ་རྒྱས་པར་གསུངས། དེ་བཞིན་དྲན་པའི་རྣམ་འབྱེད་འཕྲུལ་སྡེ་དང་། མཁས་བཞིའི་མན་ངག་ལུང་གི་ཚད་མ། ལི་ཤུའི་གལ་མདོ་རིག་པའི་ཚད་མ་བཅས་བོན་གྱི་ཚད་མ་རིག་པའི་གཏེར་མཛོད་གསེར་བྲག་གཏམས་པ་ལྟ་བུའི་ཁུངས་ལྡན་གཏན་ཚིགས་ཀྱི་བརྒྱན་པ་ཤ་སྟག་བཞུགས་ཤིང་དེ་དག་ལ་འཆད་རྩོད་བྱེད་པའི་སྲོལ་དར་རོ། །

ཕྱིས་སུ་གཡས་རུ་གཙང་གི་འདུས་གནས་ཆེན་པོ་གཡས་རུ་དབེན་ས་ཁར་མཁས་གྲུབ་ཆེན་པོ་གཡས་རུ་སྟོན་པ་བཅོ་བརྒྱད་ཅེས་མཚན་གྱི་སྙན་པ་བོན་ཁམས་ཀུན་ན་གྲགས་པའི་སྐྱེས་ཆེན་དེ་དག་བྱོན་ནས་གཞུང་ཆེན་གབ་མཛོད་ས་གསུམ་ཆ་ལག་དང་བཅས་པར་འཆད་ཉན་གཙོ་བོར་གནང་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་ཡུན་དུ་བསྐྱངས་པའི་ལམ་སྲོལ་རྒྱུན་ཆགས་གནས་པར་བྱས། གཞན་ཡང་གདུང་འཛིན་ཀུན་གྱི་རྒྱལ་པོ་དམུ་རིགས་གཤེན་དང་དབང་ལྡན་ཞུ། མཁས་པ་རྨེའུ་སོགས་ཀྱིས་རིམ་པ་ལྟར་གཤེན་ཁྲི་བརྟན་ནོར་བུ་རྩེ་དང་། ཞུ་དབང་ལྡན་ལྷུན་གྲུབ་སྒང་། རྨེའུ་བཟང་པོ་རི་བཅས་སུ་བཤད་དང་སྒྲུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས། ཁྱད་པར་དུ་སྤྱི་ལོ་༡༤༠༥ ལོར་རྒྱལ་བ་མཉམ་མེད་ཆེན་པོས་གཙང་དུ་བཀྲ་ཤིས་སྨན་རིའི་དགོན་སྡེ་བཏབས་པ་དང་བསླབ་པ་གསུམ་ལྡན་གྱི་དགེ་བཙུན་རྒྱས་པར་ཕེལ་ཞིང་རྒྱལ་རིགས་བྲུ་ཡི་རིང་ལུགས་ཀྱི་བཤད་རྒྱུན་བསྐྱངས་ཤིང་བསྟན་དང་འགྲོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་སྙན་གངས་རིའི་ལྗོངས་སུ་ཁྱབ།

 དམིགས་གསལ་དུ་བཤད་སྒྲུབ་ཀྱི་བསྟན་པ་སྔར་བཞིན་རྒྱས་པར་མཛད་པ་དང་གཞུང་ཆེན་གབ་མཛོད་ས་གསུམ་སོགས་ལ་འགྲེལ་དང་ཕྱག་ལེན་བཏབ་པའི་ནང་ནས་རྗེ་ཡི་འཕྲུལ་སྒྲོན་སྣ་ལྔ་ཞེས། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་འགྲེལ་གཉིས། ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་འགྲེལ་གཉིས། མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ། འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་བཅས་མཛད་ཅིང་བཤད་སྒྲུབ་ཀྱི་སློབ་ཚོགས་བསྐྱངས་པའི་ནང་ནས་སློབ་མ་ལ་མཁས་པའི་ཁྱུ་མཆོག་རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མངའ་རིས་བསོད་ནམས་རྒྱལ་མཚན་སོགས་བྲུ་དང་ཞུ་ཡི་གདུང་འཛིན་གཙོས་པའི་བོད་ཡུལ་སྟོད་སྨད་བར་གསུམ་ནས་སློབ་མའི་ཚོགས་གྲངས་ཀྱིས་མི་ལོང་པ་འཕེལ།

 ཕྱིས་སུ་རྒྱ་གར་ཧི་མ་ཅལ་བོན་གཞིས་ཐོབ་རྒྱལ་གསར་པའི་༧དཔལ་གཤེན་བསྟན་སྨན་རི་གླིང་གི་གདན་ས་རུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པའི་དབུ་འདྲེན་ཐུགས་དགོངས་བླ་མེད་འོག་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྟན་རྒྱུན་ཉམས་གསོ་གནང་། ཉེ་བའི་ཆར་ཡང་བོད་གངས་ཅན་ཞིང་གི་ཕྱི་ནང་གང་སར་གནས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཁག་ཏུ་བཤད་སྒྲུབ་ཀྱི་སྲོལ་སྔར་སྲོལ་ཉམས་མེད་རྒྱས་བཞིན་པའི་ཐོག་ལོ་ལྟར་བཤད་གྲྭ་བའི་འདུ་ཚོགས་དེ་དག་ཏུའང་ཚད་མའི་རིགས་པར་ཐོས་བསམ་གནང་བཞིན་པར་སྐལ་ལྡན་དངས་བ་འདྲེན་པའི་ཡུལ་དུ་གྱུར།

 དུས་བཞི་ཚ་གྲངས་སྙོམས་པའི་ཞིང་མཆོག་ལྷོ་བལ་གྱི་མཐིལ་རང་བྱུང་མཆོད་རྟེན་ཆེན་པོ་གནས་ཆེན་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་བསྟན་དང་འགྲོ་བ་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་༧སྨྲ་བའི་དབང་པོ་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་གི་ཟབ་ཅིང་རྒྱ་ཆེའི་དགོངས་གཞི་དགོས་པ་རྒྱ་ཆེར་གཟིགས་ཏེ། སྤྱི་ལོ་ ༡༩༨༦ ལོ་ནས་དབུ་བཟུང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གདན་ས་འདི་ཉིད་གསར་བཞེངས་གནང་བ་དང་། སྤྱི་ལོ་ ༡༩༩༤ ཟླ་བ་ ༡༢ ཚེས་ ༢༢ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་ཆེད་དུ་གདན་ཞུས་ཀྱིས་མཁན་སློབ་ཉི་ཟླ་ཟུང་འབྲེལ་དབུ་བཞུགས་ཐོག་རང་རེ་རྣམ་དག་འདུལ་བའི་བསྟན་པར་ཞུགས་ནས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཉམས་ལེན་སྐྱོང་བའི་མཁས་བཙུན་འདུས་སྡེ་རྒྱ་མཚོ་གང་གི་འཕྲིན་ལས་ཀྱི་གཙོ་བོ་འདི་ལྟ་བུ་ཞིག་ཡིན་དགོས་པ་གཞི་ལ་བཟུང་སྟེ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ངམ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེ་འདི་ཉིད་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ད་ལྟའི་བར་བཤད་སྒྲུབ་གཉིས་ཀའི་སློབ་ཐོན་པ་བཅུ་ཕྲག་ལྔ་ལྷག་བྱུང་ཟིན་པ་དང་། ད་ཡོད་སློབ་གཉེར་བ་བརྒྱ་ཕྲག་གཉིས་ལྷག་གིས་སློབ་བརྩོན་གནང་མུས་ལྟར།

  དེ་ཡང་ཚད་མའི་རིགས་སྒྲ་ཆེན་མོ་ནི་སྔོན་གྱི་ཕྱག་སྲོལ་ཇི་བཞིན་༧སྨྲ་བའི་དབང་པོ་སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོའི་ཆེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་སྟེ། སྤྱི་ལོ་ ༡༩༩༦ ལོའི་བོད་ཟླ་ ༡༠ ནང་དགོན་འདིར་གསར་དུ་འཚོགས་པ་ནས་བཟུང་ད་ལྟའི་བར་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པའི་མཐུན་སྦྱོར་འོག་ལོ་ལྟར་ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་ཚེས་ཉེར་གཅིག་བར་བཤད་གྲྭ་བའི་ཁོངས་ནས་རྟགས་རིགས་འཛིན་གྲྭའི་ཡན་གྱི་སློབ་གཉེར་ཀུན་ཚད་མའི་རིགས་སྒྲ་ཆེན་མོར་ཞུགས་ཏེ་གཙོ་བོ་རྗེ་རྒྱལ་བ་མཉམ་མེད་པའི་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འཕྲུལ་སྒྲོན་རྣམ་ལྔའི་ནང་ཚན་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་དེ་ཉིད་སྦྱོང་བྱ་གཙོ་བོར་བཟུང་ཞིང་། གཞན་ཡང་ཞང་བོད་ཀྱི་གནའ་རབས་ཀྱི་མཁས་གྲུབ་ལོ་པཎ་རྣམ་པས་མཛད་པའི་ཚད་མ་རིག་པའི་གཞུང་ལུགས་རྣམས་ཀྱི་ཟུར་བརྒྱན་ཏེ་ཁྱོན་བདུན་ཕྲག་གསུམ་གྱི་རིང་དཔེ་ཁྲིད་དང་རྩོད་པ། དམ་བཅའ་དང་ཐུག་ཆེན་ནང་སྦྱོང་བཅས་སུ་ཚད་མ་རིག་པར་ཐོས་བསམ་གང་ལེགས་གནང་བཞིན་ཡོད། དཔེ་འཁྲིད་སྐབས་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭ་མཁན་རིན་པོ་ཆེ། བཤད་གྲྭའི་རྒན་ལགས་བཅས་ཀྱི་མདུན་ནས་བཤད་གྲྭ་བ་རྣམས་སྡེ་ཚན་ཆ་དགོས་ཀྱི་དཔེ་ཁྲིད་ཞུ་བཞིན་ཡོད། དེ་ཡང་ཉིན་ལྟར་སྔ་དྲོའི་ཕྱག་ཚོད་བརྒྱད་པ་ནས་དབུ་བཙུགས་ཏེ་འཆད་རར་ཆུ་ཚོད་གཉིས་རིང་རྩོད་སྦྱོང་གནང་རྒྱུ་དང་། དེ་ཕྱག་ཚོད་བཅུ་པ་ནས་བཅུ་གཅིག་བར་དཔེ་ཁྲིད་ཞུ་རྒྱུ། བཅུ་གཅིག་ནས་བཅུ་གཉིས་བར་ནང་སྦྱོང་། ཉིན་རྒྱབ་ཕྱག་ཚོད་དང་པོ་དང་ཕྱེད་ཀ་ནས་གསུམ་པའི་བར་འཆད་རར་རྩོད་སྦྱོང་། གསུམ་དང་ཕྱེད་ཀ་ནས་ལྔ་པའི་བར་ནང་སྦྱོང་། ལྔ་པ་ནས་བརྒྱད་པའི་བར་དམ་བཅའ་འཚོགས་རྒྱུ་དང་ཉིན་བཞི་རེའི་མཚམས་ནས་ཐུག་ཆེན་ཐེངས་བཞི་རེ་འཚོགས་བཞིན་ཡོད།

 དེ་ལྟར་འདི་ལོར་ཚད་མའི་རིགས་སྒྲ་ཆེན་མོ་ཐེངས་བཅོ་ལྔ་པ་དེ་ཡང་དུས་བསྟུན་བཞིན་འཚོགས་ཏེ་གཡུང་དྲུང་བོན་གྱི་ཐུན་མིན་ཞང་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་དག་ལ་ཞིབ་དཔྱད་ཀྱིས་དགག་བཞག་རྩོད་སྒྲུབ་དང་ཐོས་བསམ་ལྷུར་ལེན་གྱིས་གདར་ཤ་བཅད་ཅིང་དཔྱད་གསུམ་དག་པའི་འཆད་རྩོད་ཀྱི་བྱ་བར་ཧུར་བརྩོན་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་ཕུལ།།

ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས་བོན་གྱི་ཚད་མ་རིགས་པའི་འབྱུང་རབས་ཁག་ལ་གཞི་བྱས་ཏེ་སྤེལ་བའོ། ། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ ཉིན།

(སྤྱིའི་གཟིགས་གྲངས། 230 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཇི་སྐད་དུ།…
error: རྩོམ་འདི་བདག་དབང་ཅན་ཡིན།