གངས་ལྗོངས་བཙུན་མའི་སྙན་དེབ་«སད»ཅེས་པའི་འགྲེམ་བརྡ།
གངས་ལྗོངས་བཙུན་མའི་སྙན་དེབ་«སད»ཅེས་པའི་འགྲེམ་བརྡ།།
༢༠༡༥/༡༡/༡༤ཉིན་གངས་ལྗོངས་བཙུན་མའི་སྙན་དེབ་༼སད་༽ཅེས་པ་འཇིག་རྟེན་ས་ཆེན་མོའི་སྒང་དུ་ལང་ཚོ་གསར་དུ་སྨིན་པའི་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཁམས་བྱང་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་དུ་དངོས་སུ་གཉེར།
ཉིན་དེའི་ཞོགས་པ་ཆུ་ཚོད་ ༡༠ པའི་ཐོག་དགེ་སློབ་ཡོངས་སུ་རྫོགས་པ་གཙུག་ལག་ཁང་ཆེན་དུ་འཛོམས་ནས་སྨྲ་སེང་བསྟོད་པ་དང་རྗེ་མཉམ་མེད་ཆེན་པོར་ཇ་མཆོད་ཕུལ་རྗེས་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཤེས་རབ་སྦྱིན་པ་དང་རྒྱལ་བ་སྨན་རིའི་དབུ་མཛད་གཡུང་དྲུང་རིན་ཆེན་རྣམ་གཉིས་ཀྱིས་སྙན་དེབ་དབུ་འབྱེད་མཛད།
དེ་ནས་རྩོམ་པ་པོ་རྣམ་པས་རིམ་བཞིན་རང་རང་གིས་བྲིས་པའི་སྙན་ངག་གྱེར་འདོན་བྱས་ཤིང་རྒན་ཁྱུང་བཙུན་གངས་དཀར་པོས་སྙན་དེབ་ཀྱི་མཇུག་གཏམ་དང་འབྲེལ་བའི་འདས་སོང་གླེང་བ་དང་། ད་བབ་བརྗོད་པ། མ་འོངས་རེ་ཞུ་ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་མཛད། མཐར་ལས་དབང་དང་ཁ་ཕྱོགས་གཅིག་པའི་གངས་ལྗོངས་ཀྱི་བུ་མོ་རྣམ་པ་འཛམ་གླིང་རིམ་པའི་སློབ་སྦྱོང་གི་འགྲན་རྩོད་ནང་དུ་ཞུགས་ཏེ་སྒེར་གཅོད་རིང་ལུགས་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཞེས་གསུངས་སོ།། གནས་ཚུལ་མདོར་བསྡུས་ཤིག་ཁམས་བྱང་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་དྲུང་ཡིག་ཚན་པས་བྲིས།
ཁྱུང་ཐོག་རྒོད་ནས་གནས་ཚུལ་མཐུན་སྦྱོར་ཞུས།