ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།

གསང་གསུམ་བོན་གྱི་མངའ་བདག་བསྐལ་ཁུག་གི་སྟོན་པ་ཆེན་པོ་སྨྲ་དབང་༸ཡོངས་འཛིན་བླ་མས་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ཕྱག་བཏབ་སྟེ་བཤད་སྒྲུབ་འདུས་སྡེ་གསར་དུ་དབུ་བརྙེས་པ་ནས་བཟུང་། ད་བར་ཧི་མ་ལ་ཡའི་རི་རྒྱུད་གློ་དོལ་གཉིས་དང་བོད་མདོ་དབུས་ཁམས་གསུམ་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་ཐོས་བསམ་འཆད་ཉན་གྱི་བཀའ་དྲིན་བསྩལ་གནང་མཛད་པར་བརྟེན། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་བཅས་འཛོམས་པའི་དགེ་བའི་བཤེས་གཉེན་དང་གཤེན་གྱི་རྣལ་འབྱོར་པ་གྲངས་འབོར་གང་མང་སྐྱེད་བསྲིང་བྱུང་སྟེ། འཇིག་རྟེན་ཕན་བདེའི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་ཤིང་། འདི་ལོར་ཡང་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་ཕྱི་ལོ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༡༠ ཉིན་དངོས་སུ་དབུ་འཛུགས་གནང་སྟེ། སྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་མཁན་སློབ་རྣམ་པ་དང་། བཀའ་རམས་པ་བབས་གཟི་དྲང་སྲོང་སྦྱིན་པ་མཆོག་སྒྲུབ་རྒྱལ་མཚན། བཀའ་རམས་པ་ར་སངས་དྲང་སྲོང་ཚུལ་ཁྲིམས་བློ་གྲོས་ཐོག་མེད་རྒྱ་མཚོ། བཀའ་རམས་པ་མགོན་ཤུལ་དྲང་སྲོང་བསམ་གཏན་གཡུང་དྲུང་རྒྱལ་མཚན་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདནའདྲེན་ཞུས། འདུས་མང་ཡོངས་དང་བཀའ་རམས་པ་རྣམ་པ་གསུམ་གྱིས་གདན་ཞུའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་བསྙེན་བཀུར་མང་ཇའི་མཆོད་སྤྲིན་རྒྱས་འབུས་ཞུས་པ་དང་འབྲེལ། ༸སྐྱབས་རྗེ་སློབ་དཔོན་ཚངས་པ་རིན་པོ་ཆེ་མཆོག་ནས་མཆོད་ཚིག་གིས་མདུན་བསུས་ཏེ་བཤད་པ་དབུ་འཛུག་གནང་རྗེས་སུ་བཀའ་རམས་པ་རྣམ་པ་གསུམ་གྱིས་རིམ་བཞིན་བཤད་པ་ཕུལ། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་ཉིན་དང་པོའི་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ།

བཀའ་རམས་པ་བབས་གཟི་དྲང་སྲོང་སྦྱིན་པ་མཆོག་སྒྲུབ་རྒྱལ་མཚན་ལགས་ནི་བབས་གཟི་བསོད་ནམས་དབང་གྲགས་དང་། འབྲིང་བཟའ་བསོད་ནམས་སྐྱིད་གཉིས་ཀྱི་རིགས་སྲས་སུ་ཁྲོམ་ཚང་འགག་གོང་ཀླུ་ཆུ་མར་ཕྱི་ལོ་ ༡༩༧༧ ལོར་སྐྱེས། ཆུང་དུས་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་འདོན་གསུམ་སྦྱངས་པ་བྱས། དེ་ནས་གྲུབ་དབང་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་བཀའ་དགོངས་བཞིན། ༡༩༨༦ ལོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གངས་ལྗོངས་སུ་ཞབས་སོར་འཁོད་སྐབས་རབ་བྱུང་གི་སྡོམ་པ་ཞུས། ༡༩༨༩ ལོར་རག་ཤི་རྟོགས་ལྡན་རིན་པོ་ཆེའི་དྲུང་དུ་ཐུན་མོང་བོན་སྤྱོད་སྔོན་འགྲོ་བསགས་སྦྱོང་བྱས། ༡༩༩༦ ལོར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་དྲུང་དུ་སྔོན་འགྲོ་དང་དངོས་གཞི། མུན་མཚམས་སོགས་སྦྱངས་པ་བྱས། ༡༩༩༩ ལོར་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོགས་སུ་ཞུགས་ཏེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དབུས་པའི་མཁན་སློབ་བཤེས་གཉེན་རྣམ་པའི་དྲུང་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་ཐོས་བསམ་སློབ་གཉེར་བགྱི་ཞོར་དུ་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོའི་འགན་ཡང་བཞེས་མྱོང་། ༢༠༠༩ ལོར་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དྲུང་ནས་དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་ཁྲིམས་བླངས། བཤད་གྲྭའི་སློབ་ཚན་རྫོགས་རྗེས་༢༠༡༥ ༤ ༢༤ ཉིན་སླར་ཡང་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་རྫོགས་པ་ཆེན་པོའི་བོན་ལ་ཐོས་དོན་ཉམས་ལེན་སྒོམ་སྒྲུབ་བྱས་ཏེ་ ༢༠༡༨ ༡ ༣༡ ཉིན་བདག་ཅག་སྟོན་པ་སྐུ་འཁྲུངས་པའི་དུས་བཟང་ལ་གཤེན་གྱི་རྣལ་འབྱོར་བའི་ཕྱག་ཁྱེར་བླངས། འདི་ལོར་སྟོན་པའི་འཁྲུངས་མཆོད་སྐབས་སྐྱབས་རྗེ་རྩ་བའི་བླ་མ་མཁན་སློབ་རྣམ་པ་ལ་རིགས་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུས་ཏེ”མཁྱེན་རབ་བློ་གཏེར་དབང་པོ”ཞེས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གནང་བ་དང་། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་ཐོབ་པ་བཅས་སོ།།

 བཀའ་རམས་པ་རྔ་བ་དྲང་སྲོང་ཚུལ་ཁྲིམས་བློ་གྲོས་ཐོགས་མེད་རྒྱ་མཚོ་ལགས་ནི་ཨ་མདོ་རྔ་བ་ཀ་ཤུལ་སྡེ་བ་རུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་། རང་ལོ་བརྒྱད་ཀྱི་ཐོག་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་འཚོགས་གྲལ་དུ་ཞུགས། དེ་ནས་དྲང་སྲོང་བློ་གྲོས་རྒྱལ་མཚན་མཆོག་ཀློག་སློབ་པའི་དགེ་རྒན་ཏུ་བསྟེན་ནས་དང་པོ་ཀ་ཁའི་སྦྱོར་ཀློག་ནས་བཟུང་རིམ་གྱིས་བོན་སྤྱོད་ཕྱི་ནང་གསང་གསུམ་གྱི་ཆོ་ག་ཕྱག་ལེན་སོགས་ལ་སྦྱངས་བ་བྱས། ༡༩༩༥ རང་ལོ་བཅུ་གསུམ་ཐོག་རྒྱལ་ཚབ་ཐམས་ཅད་མཁྱེན་པ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཤིང་རིན་པོ་ཆེ་མཆོག་དང་༧སྐྱབས་མགོན་སྨྲ་བའི་སེང་གེ་རྗེ་ཚུལ་ཁྲིམས་སྐལ་བཟང་བློ་གྲོས་རྒྱ་མཚོ་རྣམ་གཉིས་ཀྱི་སྐུ་མདུན་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་ཞུས། ༢༠༠༡ ལོར་བལ་ཡུལ་བོན་གྱི་གདན་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་རྩེ་རུ་འབྱོར། སྐབས་དེར་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་བལ་ཡུལ་དུ་ཞབས་སོར་འཁོད་པ་དང་ཁེལ་བས་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་དཔལ་ལྡན་རྩ་བའི་བླ་མ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་དུས་གཅིག་ལ་ཐོབ་སྟེ་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། དེ་ནས་བཀའ་དྲིན་སུམ་ལྡན་གྱི་དགེ་རྒན་ཆེན་མོ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་རྣམ་གཉིས་གཙོས་དགོན་དེའི་རམས་འབྱམས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་ཐུན་མིན་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་པའི་གཞུང་ལུགས་ཀུན་ལ་སྦྱངས་པ་དོན་ལྡན་གནང་། ༢༠༠༡ ལོར་དམིགས་བསལ་གྱིས་ཟླ་ངོ་ཧྲིལ་པོ་གཅིག་གི་རིང་ལ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་བཀའ་དྲིན་སྩལ་གནང་སྐབས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཟབ་མོ་བརྒྱད་ཅུ་གྱ་དྲུག་ཙམ་ཞུ་བའི་སྐལ་བཟང་ཐོབ། ༢༠༠༩ ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་བལ་ཡུལ་དུ་ཞབས་སོར་འཁོད་སྐབས་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་མཁན་སློབ་དུ་མའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཐོབ་པའི་སྐལ་བཟང་ཐོབ་པ་མ་ཟད། ༢༠༡༠ ལོར་བཤད་སྒྲུབ་འདུས་སྡེ་སྐབས་བཅུ་དྲུག་པས་བཀོད་སྒྲིག་འོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག དེ་བཞིན་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་སོགས་ཀྱིས་དམིགས་བསལ་བཀའ་ལུང་སྩལ་སྐབས་རྫོགས་ཆེན་གྱི་བོན་སྡེ་མི་འདྲ་བ་ལྔ་བཅུ་ང་གཉིས་ཙམ་གྱི་ལྗགས་ལུང་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་བཅུ་བཞི་ཆ་ཚང་གི་དཔེ་ལུང་ཐོབ། སྤྱི་ལོ་ ༢༠༡༣ ལོར་སྐབས་བཅུ་དགུ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཀྱི་ཐུགས་འགན་བཞེས་པ་དང་དགོན་དེའི་ལས་སྣེ་ཆེ་ཆུང་མང་པོ་ཞིག་གི་འགན་བཞེས་མྱོང་ཡོད། ༢༠༠༡ ནས ༢༠༡༤ བར་མི་ལོ་ཧྲིལ་པོ་བཅུ་བཞིའི་རིང་ལ་བོན་གྱི་མདོ་སྔགས་རྫོགས་གསུམ་གཙོས་ཐུན་མོང་རིགས་གནས་བཅས་ལ་སྦྱངས་བ་མཐར་རུ་ཕྱིན་པ་མ་ཟད་ ༢༠༡༥ ལོར་ལྷར་ཡང་མ་རྒྱུད་ཆེད་སྦྱོང་འཛིན་གྲྭ་རུ་ཞུགས་ནས་”ལོ་རིམ་དང་པོ་གཞི་ཡེ་སངས་རྒྱས་པའི་སྐོར་དང་། ལོ་རིམ་གཉིས་པར་ལམ་མངོན་སངས་རྒྱས་པའི་སྐོར། ལོ་རིམ་གསུམ་པར་འབྲས་བུ་རྫོགས་སངས་རྒྱས་པའི་སྐོར”་བཅས་མི་ལོ་ཧྲིལ་པོ་གསུམ་གྱི་རིང་ལ་མ་རྒྱུད་ཀྱི་གཞི་ལམ་འབྲས་གསུམ་གྱི་སྐོར་ལ་དམིགས་བསལ་གྱིས་སྦྱངས་བ་བྱས་པ་དང་ཞོར་དུ་རྩ་རླུང་འཕྲུལ་འཁོར་དང་བཅུད་ལེན་སོགས་ལ་སྦྱངས་བ་བྱས། ༢༠༡༧ ལོར་མ་རྒྱུད་ཆེད་སྦྱོང་འཛིན་གྲྭ་མཐར་བྱིན་ཏེ་ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་སྟེ་༧བདག་ཅག་གི་འདྲེན་པ་ཆེན་པོ་རྒྱལ་བ་གཤེན་རབ་མི་བོའི་འཁྲུངས་མཆོད་ཀྱི་ཉིན་མཐར་ཕྱིན་གྱི་མཛད་སྒོ་སྤེལ་ཞིང་མཐར་ཕྱིན་ཕྱག་འཁྱེར་ཐོབ། ༢༠༡༦་ལོར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་སྐབས་བརྒྱད་པ་གསར་འདེམ་གྱི་སྐབས་སུ་གྲྭ་ཚང་དགེ་སྐོས་ཀྱི་འདམ་ཐོན་བྱུང་བ་དང་ད་ལྟ་དགོན་འདིའི་བཙའ་སྐྱོངས་ལྷན་ཚོགས་ཀྱི་རྒྱུན་ལས་དང་གྲྭ་ཚང་དགེ་སྐོས་ཀྱི་འགན་བཞེས་བཞིན་ཡོད། ༢༠༡༩ ༡ ༢༡ ཉིན་༧སྐྱབས་རྗེཡོངས་འཛིན་སྨྲ་བའི་དབང་པོ་དབུ་བཞུགས་ཐོག་མཁན་སློབ་རྣམ་པའི་མདུན་ཏུ་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་སྤྱན་འབུལ་ཞུས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན”ཡེ་སངས་རྒྱས་པའི་ཟླ་བ”ཞེས་བསྩལ་བ་སོགས་མདོར་ན་ལོ་བཅུ་དགུའི་རིང་སློབ་གཉེར་བྱས་པའི་འབྲས་རྟགས་སུ་མི་རིང་བར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་ནས་མདོ་སྔགས་རྫོགས་གསུམ་རིག་པའི་གནས་ལྔ་དང་བཅས་ལ་སྦྱངས་བ་མཐའ་རུ་ཕྱིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུ་ཡིན་པ་བཅས་ངོ་སྤྲོད་རགས་བསྡུས་སུ་བཀོད་པའོ།། གང་གི་གྲོགས་སུ་གྱུར་བ་རྔ་རང་རིག་གིས། ༢༠༡༩ ༡ ༢༣ ཉིན།

བཀའ་རམས་པ་མགོན་ཤུལ་དྲང་སྲོང་བསམ་གཏན་གཡུང་དྲུང་རྒྱལ་མཚན་ལགས་ནི་མདོ་སྨད་མངའ་བ་འམ་རྔ་བ་རུ་གྲགས་པའི་བར་མ་ཡུལ་ཚོའི་མགོན་ཤུལ་སྡེ་བ་རུ་ཕྱི་ལོ་ ༡༩༨༢ ༦ ༡༠ སྐྱེས། རང་ལོ་བརྒྱད་ཀྱི་ཐོག་བར་མ་ཡུལ་ཚོའི་གཞི་རིམ་སློབ་ཆུང་འགྲིམ། ལོ་བཅུ་གཉིས་ཐོག་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས་ནས་ཞང་པོ་གཙུག་ཕུད་འོད་ཟེར་མཆོག་གི་དྲུང་ནས་ཡི་གེ་ཀློག་བསླབས་པ་དང་། བོན་སྤྱོད་ཕྱི་ནང་གསང་གསུམ་གྱི་འདོན་ཆོག་སོགས་ལ་སྦྱངས་བ་བྱས། ལོ་བཅུ་བདུན་ཐོག་མདོ་སྨད་བོན་གྱི་བསྟན་བདག་ཆེན་མོ་༧སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་བ་དང་དབང་ལུང་མན་ངག་གི་གདམས་པ་མང་དུ་ཞུས། ༢༠༠༡་ཟླ་བ་༡་ཚེས་༢༥)ཉིན་གདན་ས་ཁྲི་བརྟན་ནོར་རྩེ་རུ་འབྱོར། སྐྱབས་རྗེ་༸ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ། རྗེ་མཉམ་མེད་བླ་མའི་དུས་མཆོད་ཆེན་མོ་དང་སྟབས་བསྟུན་ནས་སྨན་རིའི་མཁན་རབས་སོ་གསུམ་པ་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། སྨན་རིའི་ཡོངས་འཛིན་ཆེན་མོ་༸སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་པའི་གོ་སྐབས་བཟང་པོ་ཐོབ་པ་དང་། གྲྭ་སའི་སྒྲིག་སྲོལ་ལྟར་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་ཚོགས་གྲལ་དུ་ཞུགས། ལོ་དེར་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ཟླ་ངོ་ཧྲིལ་པོ་གཅིག་གི་རིང་ལ་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་བསྩལ་བའི་དུས་བཟང་དང་ཁེལ་བས་བོན་ཕྱི་ནང་གསང་གསུམ་གྱི་དབང་བརྒྱད་ཅུ་གྱ་དྲུག་ཙམ་ཐོབ། སྤྱི་ལོ་ ༢༠༠༡ ༣ ༧ ཉིན་ནས་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་བཀའ་དྲིན་བླ་ན་མཐོ་བའི་དགེ་རྒན་ཆེན་མོ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་རྣམ་གཉིས་གཙོས་དགོན་འདིའི་དགེ་བའི་བཤེས་གཉེན་མང་པོ་དགེ་རྒན་ཏུ་བསྟེན་ནས་ཐུན་མིན་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་པའི་གནས་བཅས་ལ་སྦྱངས་བ་ནན་མོ་བྱས། དམིགས་ཀྱིས་ཞུ་འོས་པ་ཞིག་ལ་སྤྱི་ལོ་(༢༠༠༡)ནས་བཟུང་(༢༠༠༨)བར་ལོ་ངོ་ཧྲིལ་པོ་བརྒྱད་ཀྱི་རིང་ལ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་ཚོགས་འཆད་དཔེ་ཁྲིད་དཔེར་བརྗོད་སོགས་གང་ཡང་མ་ཆད་པའི་གཟེངས་རྟགས་ཕྱག་འཁྱེར་དང་བྱ་དགའ་ཐོབ་པ་མ་ཟད་ལོ་རེ་རེ་བཞིན་བློ་རྒྱུགས་འཕར་མ་ཕུལ་བའི་བཟང་བསྟོད་ཕྱག་འཁྱེར་ཡང་ཐོབ། ༢༠༡༤ ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་རུ་འདེམས་ཐོན་བྱུང་དེ་ཚོགས་གཙོའི་འགན་བཞེས། དེ་བཞིན་ལོ་དུ་མའི་རིང་ལ་དགོན་གྱི་ལས་སྣེ་ཆེ་ཆུང་མང་པོ་ཞིག་གི་འགན་ཁུར་མྱོང་ཡོད། ༢༠༠༡ ནས་བཟུང་ ༢༠༡༤ ་བར་མི་ལོ་ཧྲིལ་པོ་བཅུ་བཞིའི་རིང་ལ་བོན་གྱི་མདོ་སྔགས་རྫོགས་གསུམ་གཙོས་ཐུན་མོང་རིག་གནས་བཅས་ལ་སྦྱངས་བ་མཐར་རུ་ཕྱིན་པ་མ་ཟད་ ༢༠༡༥ ལོར་ལྷར་ཡང་མ་རྒྱུད་ཆེད་སྦྱོང་འཛིན་གྲྭ་རུ་ཞུགས་ནས་”ལོ་རིམ་དང་པོ་གཞི་ཡེ་སངས་རྒྱས་པའི་སྐོར་དང་། ལོ་རིམ་གཉིས་པར་ལམ་མངོན་སངས་རྒྱས་པའི་སྐོར། ལོ་རིམ་གསུམ་པར་འབྲས་བུ་རྫོགས་སངས་རྒྱས་པའི་སྐོར”་བཅས་མི་ལོ་ཧྲིལ་པོ་གསུམ་གྱི་རིང་ལ་མ་རྒྱུད་ཀྱི་གཞི་ལམ་འབྲས་གསུམ་གྱི་སྐོར་ལ་ཆེད་དམིགས་གྱིས་སྦྱངས་བ་བྱས་པ་དང་དམིགས་བསལ་གྱི་དམ་བཅའ་དང་བགྲོ་གླེང་སོགས་ལ་ཞུགས་ནས་རྒྱུགས་སྤྲོད་བྱས། ཞོར་དུ་རྩ་རླུང་ཞག་བརྒྱ་དང་། མུན་མཚམས་དང་། བཅུད་ལེན་སོགས་ལ་ཉམས་ལེན་གནང་། (༢༠༡༧)ལོར་མ་རྒྱུད་ཆེད་སྦྱོང་འཛིན་གྲྭ་མཐར་ཕྱིན་ཏེ་ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་སྟེ་༧བདག་ཅག་གི་འདྲེན་པ་ཆེན་པོ་རྒྱལ་བ་གཤེན་རབ་མི་བོའི་འཁྲུངས་མཆོད་ཀྱི་ཉིན་མཐར་ཕྱིན་གྱི་མཛད་སྒོ་སྤེལ་ཞིང་མཐར་ཕྱིན་ཕྱག་འཁྱེར་ཐོབ། ༢༠༡༩ ༡ ༢༡ ཉིན་༧སྐྱབས་རྗེཡོངས་འཛིན་སྨྲ་བའི་དབང་པོ་དབུ་བཞུགས་ཐོག་མཁན་སློབ་རྣམ་པའི་མདུན་ཏུ་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་སྤྱན་འབུལ་ཞུས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན”ས་ཏྲིག་བཞད་པའི་འབངས”ཞེས་བསྩལ་བ་སོགས་མདོར་ན་ལོ་བཅུ་དགུའི་རིང་སློབ་གཉེར་བྱས་པའི་འབྲས་རྟགས་སུ་མི་རིང་བར་སྐལ་བཟང་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་ཡིན་པ་བཅས་མཚམས་སྦྱོར་མདོར་བསྡུས་ཤིག་བཀོད་པ་ལགས་སོ། །གང་གི་གྲོགས་སུ་གྱུར་བ་རྔ་རང་རིག་གིས། ༢༠༡༩/༢/༧/ཉིན་བྲིས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༢ ༡༠ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

91130cookie-checkགདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།
(སྤྱིའི་གཟིགས་གྲངས། 2,102 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།