ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ།

ཕྱི་ལོ་༢༠༡༩ ཟླ་བ་ ༠༢ ཚེས་ ༡༡ ཉིནསྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས། དོལ་པོ་ར་ནག་སྤྲུལ་སྐུ་གཙོས་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་འབྲས་སིལ་དང་གཟབ་ཇ་འདེགས་འབུལ་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ་བཀའ་རམས་པ་ར་ནག་དྲང་སྲོང་ཤེས་རབ་གཡུང་དྲུང་ཉི་མ། བཀའ་རམས་པ་ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན། བཀའ་རམས་པ་རྒྱ་སྟོད་དྲང་སྲོང་དགེ་ལེགས་ཡོན་ཏན་དཔལ་འབྱོར་གསུམ་གྱིས་སྔོན་འགྲོའི་བཤད་པ་གྱེར། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ། 

བཀའ་རམས་པ་ར་ནག་དྲང་སྲོང་ཤེས་རབ་གཡུང་ཉི་མ་རང་ཉིད་ནི་དོལ་པོ་མཚོ་ཞེས་པའི་ས་གནས་སུ་ཕ་བཀྲ་ཤིས་དང་མ་བསྟན་འཛིན་ལྷ་མོ་གཉིས་ཀྱི་བུ་རུ་ཕྱི་ལོ་ ༡༩༨༠ ༥ ༡༨ ཉིན་སྐྱེས། ལོ་བཅུ་བཞི་མ་ལོན་བར་ཡུལ་མི་དཀྱུས་མ་བཞིན་གནག་ཕྱུགས་ཀྱི་རྫི་བོར་བྱས་ནས་བསྡད། བཅུ་བཞི་ནས་བཅོ་ལྔ་བར་མཐའ་སྲུང་མཚོ་གླིང་དགོན་དུ་རྩ་བའི་བླ་མ་མཁན་པོ་དགེ་བཤེས་བསམ་འགྲུབ་ཉི་མ་རིན་པོ་ཆེའི་མདུན་ནས་བྲིས་ཀློག་འདོན་གསུམ་སོགས་སྦྱངས། རང་ལོ་བཅོ་ལྔ་ནས་བཅོ་བརྒྱད་བར་དུ་སྔར་གྱི་ལུགས་སྲོལ་ཡོད་པ་ནང་བཞིན་རང་དགོན་མཐའ་སྲུང་མཚོ་གླིང་དགོན་དུ་ལོ་གསུམ་ཟླ་གསུམ་གྱི་མཚམས་བསྡད། ༢༠༠༠ ལོར་ཀ་ཋ་མན་གྲུར་འབྱོར་ཏེ་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱིས་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ནས་བཤད་གྲྭའི་སྒྲིག་ཁོངས་སུ་འཛུལ། ༢༠༡༣ ལོར་སླར་ཡང་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས། བཤད་གྲྭའི་སློབ་ཚན་རྫོགས་པ་དང་། ་སྒོམ་སྒྲུབ་ཉམས་ལེན་ཅུང་ཙམ་བྱེད་ཨི་ཐུབ་བསམ་ནས་ ༢༠༡༥ ༤ ༢༤ ཉིན་སྒྲུབ་གྲྭར་ཞུགས། ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་བསགས་སྦྱོང་དང་དངོས་གཞི་འོད་གསལ་མུན་མཚམས་དང་རྩ་རླུང་བཅས་ཆ་ཚང་གྲུབ་ནས་ ༢༠༡༨ ༡ ༣༡ ཉིན་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་ཀྱང་བསྩལ་ཟིན། ཞོར་དུ་དགོན་གྱི་མགྲོན་གཉེར་གྱི་ལས་འགན་ཁུར་བཞིན་པ་དང་། འདི་ལོ་བཀའ་རམས་འབྱམས་པའི་མཚན་གནས་བསྩལ་ཏེ་རིག་གནས་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ “ཡེ་མཁྱེན་རིག་པའི་ཟླ་བ་”  ཞེས་གནང་བ་དང་། སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་བའི་མཛད་སྒོ་འཚོགས་བཞིན་པ་བཅས་སོ།།

བཀའ་རམས་པ་ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན་རང་ཉིད་ནི། ཕྱི་ལོ་ ༡༩༨༦ བོད་མེ་སྟག་ལོར་ཕ་སྒྲ་བླ་ཚེ་དབང་། མ་བསོད་ནམས་ཕྱུག་སྐྱིད་གཉིས་ཀྱི་བུ་རུ་སྐྱེས།  ཆུང་ནས་རང་ཡུལ་གྱི་ལུགས་སྲོལ་ལྟར་ཨ་ཁུ་ཤེས་རབ་བློ་གྲོས་རིན་པོ་ཆེའི་མདུན་དུ་སྐྲ་ཕུད་ཕུལ་ནས་མིང་དུ་ཤེས་རབ་མཐར་ཕྱིན་ཞེས་བསྩལ། ༡༩༩༢་ རང་ལོ ་༦ ཟིན་སྐབས་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་སྐྱབས་རྗེ༧་ཡོངས་འཛིན་པོ་ཆེ་གངས་ལྗོངས་སུ་ཕེབས་ཐེངས་གཉིས་པ་བསྐྱང་བ་དང་བསྟུན་ལས་སྨོན་བཟང་པོའི་མཐུ་ལས་རིན་པོ་ཆེ་མཆོག་གི་གསེར་ཞལ་ཐོག་མར་མཇལ་ཞིང་ཁྲོམ་ཚང་དགོན་དུ་སློབ་གྲོགས་དུ་མའི་ལྷན་དུ་སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་སྐུ་མདུན་ནས་གཙང་གཙུག་གི་སྡོམ་ཁྲིམས་ཞུས་ནས་ངུར་སྨྲིག་འདུལ་བ་འཛིན་པའི་གྲལ་དུ་ཞུགས།  རིམ་པས་ནར་སོན་པ་དང་རང་ལོ་བརྒྱད་ཐོག་ཁྲོམ་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ་ཨ་ཁུ་གཡུང་དྲུང་རིན་ཆེན་གྱི་དྲུང་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འདོན་ཀློག་ཐོག་མར་བསླབ།  བྱ་བཏང་སྤྲུལ་སྐུ་ཁུ་བོ་ཤེས་རབ་བློ་གྲོས་རིན་པོ་ཆེའི་མདུན་ནས་ཡབ་སྲས་ཀྱི་སྔོན་འགྲོ་ཞུས་ནས་བསགས་སྦྱོང་བྱས་པ་ནི་བོན་སྒོར་ཐོག་མར་འཇུག་པའི་སྐབས་ཞིག་ཀྱང་ཡིན། རང་ལོ་ ༡༦ ཐོག་བྲོས་བྱོལ་གྱིས་བལ་ཡུལ་དུ་འབྱོར། ༢༠༠༡ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་མཆོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཐུགས་རྗེའི་གྲིབ་བསིལ་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སྒྲིག་ཞུགས་བྱས།  དེ་ནས་བཟུང་རྒྱལ་བ་སྨན་རི་བའི་ཡོངས་འཛིན་རིན་པོ་ཆེམཆོག་དང་།  དཔོན་སློབ་རིན་པོ་ཆེ་སྒྲུབ་གྲྭའི་མཁན་རིན་པོ་རྣམས་གྱིས་དབུས་པའི་བླ་མ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་།  ཐུན་མོངས་རིག་གནས་བཅས་ལ་ཐོས་བསམ་བྱས།    ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣་མཆོག་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་སྐུ་མདུན་ནས་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་ཐོབ།    ཞོར་དུ་རྒྱལ་བ་སྨན་རི་བའི་ཕྱག་ལེན་ལྟར་ཆོག་ག་ཕྱག་ལེན་དང་འབུད་རྡུང་དཀྲོལ་གསུམ་གར་འཆམ་དང་བཅས་པ་སྦྱངས་པ་བྱས།  ཞོར་དུ་དགོན་འདིར་གྲྭ་ཚང་གི་དབུ་སྐྱོར་ལོ་གཉིས་དང་།    རིན་པོ་ཆེ་རྣམ་པས་བཀའ་དགོངས་གཞི་བཟུང་སྟེ་ལོ་གསུམ་རིང་གྲྭ་ཚང་དབུ་མཛད་ཀྱི་འགན་ཁུར།  དེ་མཚམས་ལོ་གཉིས་བཤད་སྒྲུབ་འདུས་སྡེའི་འཕྲོད་བསྟེན་འགན་འཛིན་དང་།  དངུལ་གཉེར་དང་སྒྲུབ་གྲྭའི་དགེ་བསྐོས་གཅིག་ལྕོག་ལས་འགན་ཞབས་ཞུ་བསྒྲུབས།   བཤད་གྲྭའི་སློབ་ཚན་གྲུབ་ནས་༢༠༡༥ ༤ ༢༤ ཉིན་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་བླ་མེད་རྫོགས་པ་ཆེན་པོའི་གཞུང་ལུགས་ཐོས་བསམ་སྒོམ་སྒྲུབ་བྱ་བའི་ལས་སྐལ་ཞིག་ཀྱང་ཚེས།  སྒྲུབ་གྲྭར་ཞུགས་རིང་ཉིན་རེ་ཐུན་བཞི་དང་སྦྱིན་པ་རྣམ་བཞི་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་བསགས་སྦྱོང་དང་སྔོན་གཞི་འོད་གསལ་མུན་མཚམས་དང་རྩ་རླུང་བཅས་ཆ་ཚང་གྲུབ་ནས་༢༠༡༨ ༡ ༣༡ ཉིན་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་ཀྱང་བསྩལ་ཟིན།  འདི་ལོར་བཀའ་རམས་པའི་མཚན་གནས་གནང་ཞིང་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ “བོན་དབྱིངས་རིག་པ་རང་གྲོལ།” ཞེས་གནང་བ་དང་། རབ་འབྱམས་དགེ་བའི་གཉེན་གྱི་མཚན་རྟགས་བསྩལ་གནང་བའི་མཛད་སྒོ་ཚོགས་མུས་ཡོད་པ་བཅས་སོ།།

བཀའ་རམས་པ་རྒྱ་སྟོད་དྲང་སྲོང་དགེ་ལེགས་ཡོན་ཏན་དཔལ་འབྱོར་རང་ཉིད་༡༩༨༣ ལོར་མདོ་སྨད་རྔ་བ་གདོང་ཀི་སྡེ་བའི་རྒྱ་སྟོད་ཚང་དུ་སྐྱེས། རང་ལོ་བཅུ་གསུམ་ཐོག་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས། རང་ལོ་བཅོ་ལྔའི་ཐོག༧རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང༸སྐྱབས་མགོན་བསྐལ་བཟང་བློ་གྲོས་རྣམ་གཉིས་ཀྱི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས། རང་ལོ་བཅུ་གསུམ་ནས་བཅུ་དགུའི་བར་བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་རྒན་དམ་པ་ཨ་མཆོག་ཨ་ཁུ་ཤེས་རབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། རང་ལོ་བཅུ་དགུ་སྟེ ༢༠༠༡ ལོར་སློབ་སྦྱོང་གི་ཕྱིར་དུ༧གདན་ས་ཆེན་པོ་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ནས་དགོན་པའི་སྒྲིག་ལམ་ལ་ཚུལ་བཞིན་ཞུགས་ཏེ་དགོན་དེའི་མཁན་སློབ་རྣམ་པ་དང་དགེ་རྒན་དམ་པ་རྣམས་ཀྱི་མདུན་ནས་ཐུན་མོང་རིག་གནས་དང་མདོ་སྔགས་རྫོགས་གསུམ་སོགས་རྒྱས་ཤིང་རྒྱས་པར་སྦྱང་བའི་སྐལ་བ་ཐོབ། ཞོར་དུ་བཤད་སྒྲུབ་འདུས་སྡེའི་རྩིས་པའི་འགན་ཡང་ཁུར་མྱོང་། ༢༠༡༢ ལོར༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་རྫོགས་པར་ཞུས། ལྷག་པར༧སྐྱབས་རྗེ༧ཡོངས་འཛིན་སྨྲ་བའི་དབང་པོའི་མདུན་ནས་མདོ་སྔགས་རྫོགས་གསུམ་གྱི་དབང་ལུང་མན་ངག་གི་གདམས་པ་ཅི་འདོད་གང་འདོད་ཅིག་ཐོབ། རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ “ཕྱྭ་སྲས་གཡུང་དྲུང་རང་གྲོལ།”ཞེས་གནང་། རང་ལོ་སོ་བདུན་ཏེ་ད་ལོ ༢༠༡༩ ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་ཤར། དགེ་ལེགས་དཔལ་འབྱོར་ནས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༢ ༡༡ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,515 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།