ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་གཤེན་གྱི་གར་འཆམ་ཆེན་མོ།

ཧོར་ཟླ་ ༡ ཚེས་ ༨ ཉིན་གདན་ས་ཁྲི་བརྟན་ནོར་རྩེའི་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུ་བའི་དུས་ཚོད་ཡིན་ཞིང་། སྤྱིར་བཏང་ཧོར་ཟླ་ ༡༢ པའི་ཚེས་ ༢ ནས་བཟུང་རོལ་ཆ་དང་། གར་འཆམ་སྦྱོང་བརྡར་ཚགས་ཚུད་གནང་ནས་ ༢༥ ཉིན་མཁན་སློབ་རྣམ་པ་དང་འདུས་མང་མཉམ་འཛོམས་ཐོག་འཆམ་རྒྱུགས་ལེན་སྲོལ་ཡོད་པ་རེད།

དགོན་འདིར་འཆམ་བྱ་གཙོ་བོ་ནི། གཡུང་དྲུང་བོན་གྱི་གཞུང་ལུགས་གསར་མཁར་སྤྱི་སྤུངས་དང་འབྲེལ་བའི་གཟེ་མ་དགུ་འཆམ་དང་། གཤེན་རབ་དགུ་འཆམ། དུས་དྲུག་གི་འཆམ། རྣམ་བརྒྱད་ཀྱི་འཆམ་དང་། གསང་སྔགས་མ་རྒྱུད་ཀྱི་ཚོགས་འཆམ། དབལ་ཆེན་ཕུར་པའི་ཕུར་འཆམ་དང་། བསྒྲལ་བསྟབས་སོགས་ཡི་དམ་གྱི་གཞུང་ལས་བྱུང་བའི་འཆམ་དང་། ཡེ་ཤེས་དབལ་མོའི་གར་འཆམ་སོགས་བསྟན་སྲུང་གི་འཆམ་དང་། དེ་བཞིན་གཤེན་གྱི་རྣམ་ཐར་རྒྱས་པ་གཟི་བརྗིད་དཔེ་རྩེ་རྣམ་གསུམ་བསྟན་པའི་མདོ་ལས། “།ལ་ལ་ཞིག་ནི་ལྷའི་གར་བྱེད་དོ། །ལ་ལ་ཞིག་ནི་ལྷའི་ཁྱུང་མོ་ལྡིང་གར་བྱེད་དོ། །ལ་ལ་ཞིག་ནི་སེང་ཆེན་མཆོངས་གར་བྱེད་དོ། །ལ་ལ་ཞིག་ནི་གླང་པོ་ཆེའི་འགྱིང་གར་བྱེད་དོ། །ལ་ལ་ཞིག་ནི་རྟ་མཆོག་གི་དཀྱུས་གར་བྱེད་དོ། །ལ་ལ་ཞིག་ནི་རྨ་བྱའི་མཛེས་གར་བྱེད་དོ། །ལ་ལ་ཞིག་ནི་ལྷ་བྲན་གྱི་བཞད་གར་བྱེད་དོ། །ལ་ལ་ཞིག་ནི་ལྷ་མོའི་དགྱེས་གར་བྱེད་དོ། །ལ་ལ་ཞིག་ནི་གྱད་ཀྱི་རྩལ་མཆོངས་བྱེད་དོ། །ལ་ལ་ཞིག་ནི་ཕོ་ཉའི་རོལ་ཚོམས་བྱེད་དོ། །ལ་ལ་ཞིག་ནི་བྲོ་བརྡུང་ངོ་། །ལ་ལ་ཞིག་ནི་ཤོན་ཁྲབ་པོ། །ལ་ལ་ཞིག་ནི་སྒོང་བསྒྱུར་རོ། །ལ་ལ་ཞིག་ནི་སྒོང་སྤོར་རོ། །ལ་ལ་ཞིག་ནི་སྒོང་རྩེའོ། ” ཞེས་གསུངས་པ་ལྟར་གཤེན་རབ་འགྲོ་དོན་ཕེབས་སྐབས་ཀྱི་བསུ་ཐབས་དང་འབྲེལ་བའི་སེང་འཆམ། གཡག་འཆམ་སོགས་རྩེད་འཆམ་རིགས་ཀྱང་འཆམ་སྲོལ་ཡོད།

འཆམ་མཁན་གང་དེས་ཡི་དམ་ལྷ་དང་སྲུང་མའི་ང་རྒྱལ་བཟུང་ནས་སྐུ་མདོག་ཕྱག་མཚན་རྣམ་འགྱུར་དང་བཅས་པའི་ལྷ་ཞལ་དངོས་སུ་མཇལ་བ་ལྟ་བུའི་ངང་ཚུལ་སྟོན་སྐབས་སུ། མཇལ་ཞུ་བ་རྣམས་ཀྱིས་ཀྱང་གླུ་གར་གྱི་ལྟད་མོ་ལྟ་བུར་མི་སྙམ་པར། དེ་ལུགས་ཀྱི་འདུ་ཤེས་བཟུང་བའི་སྒོ་ནས་དད་མོས་བསྐྱེད་དེ་འདོད་གསོལ་ཕྲིན་བཅོལ་ཞུས་ན།

ལོ་ཟླའི་འགལ་རྐྱེན་བར་ཆད་ཐམས་ཅད་བཟློག་ཅིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་དགོས་ཆེད་ཟབ་མོ་ཡོད་པས་དགོན་པའི་ལོ་དུས་ཀྱི་མཛད་སྒོ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། འདི་ལོ་ཡང་ཧོར་ཟླ་ ༡ ཚེས་༨ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩ པར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་གཙོས་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་དད་ལྡན་མི་མང་ལྷན་འཛོམས་ཐོག ཡེ་ཤེས་དབལ་མོའི་གར་འཆམ་དང་། སྲིད་རྒྱལ་དུས་དྲུག རྣམ་བརྒྱད། སེང་འཆམ། གཤེན་རབ་དགུ་འཆམ། ཤ་འཆམ། མ་རྒྱུད། གཟེ་མ་དགུ་འཆམ། གཡག་འཆམ་བཅས་དད་ལྡན་ལྷ་སྡེ་མི་མང་རྣམས་ལ་གཟིགས་འབུལ་ཞུས་ནས་ཕྱི་དྲོའི་ཕྱག་ཚོད་ ༠༡ ཐོག་མཇུག་གྲུབ་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ནས་ ༢༠༡༩།༢།༡༣། ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 800 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།